DJYD-KABUM-16-MA-038
DJYD-KABUM-16-MA-038
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྨིན་བྱེད་ མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་དོ་ཤལ་ ཅེས་བྱ་བ་བཞུགས་སོ། །
(1བ)༄༅། །ཨོཾ་སྭསྟི། རྒྱལ་ཀུན་དགྱེས་པར་རོལ་པའི་མཁའ། །ཆོས་རྣམས་འབྱུང་གནས་དབྱིངས་ཕྱུག་མར། །རོ་མཉམ་རྟོགས་པས་འདིར་བཏུང་ནས། །སྐལ་བཟང་ལམ་གྱི་འཇུག་སྒོ་དབྱེ། །(དེ་ཡང་ཟབ་མོའི་ལམ་ལ་དད་མོས་དམ་ཚིག་དང་ལྡན་པའི་གདུལ་བྱ་ཐུན་མོང་དུ་མ་གྱུར་པ་རྣམས་གསང་བའི་དཀྱིལ་འཁོར་གཉན་པོར་བཅུག་སྟེ་རྒྱུད་སྨིན་ཅིང་གྲོལ་བར་བྱེད་པའི་ཚུལ་ལ། མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་བཟང་པོར་གནས་ཁང་རྟེན་དང་རྒྱན་གྱི་བཀོད་པས་མཛེས་པར་བྱས་པའི་གུང་དུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཟླ་གམ་དམར་པོ་སྒོ་གཅིག་པ་མདུན་བསྟན་གྱི་ལྟེ་བར་ཆོས་འབྱུང་དམར་པོ་དགའ་འཁྱོལ་བྃ་ཡིག་གིས་མཚན་ཅིང་ཕྱི་(2ན)རོལ་པདྨ་རྡོར་མེ་རིས་བསྐོར་བ་ཚུལ་བཞིན་བྲིས་པ་ལེགས་པར་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་བྷནྡྷ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་ལ་དར་དམར་བརྒྱད་ལྟེབ་ཀྱིས་ཁ་བཀག །དེ་སྟེང་མེ་ལོང་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བྃ་གྱིས་མཚན་པ་ཅན་བྲིས་པ་དང་། ལྟེ་བར་རང་བྱུང་གི་ཤེལ་རྡོ་བཅས་བཀོད་ལ་དར་དམར་གྱི་ལྡིང་གུར་ཕུབ། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་མ་དང་། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། གཞན་ཡང་ལས་བུམ་དང་ཚོགས་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། རྩ་བའི་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་། ཐ་མལ་གྱི་སྣང་ཞེན་མཁའ་འགྲོའི་རོལ་པ་ཡེ་ཡིན་ངང་བཞག་(2བ)ཆེན་པོར་ལ་བཟླ་བ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གསལ་འདེབས་པ་ལས་བདག་མདུན་གྱི་སྤྲོས་པ་མི་དགོས་ཀྱང་། ལས་དང་པོ་སློབ་དཔོན་རྟོགས་དགོངས་ཀྱིས་མི་ཆུན་ན་སྤྱི་མཐུན་མདུན་རྟེན་གྱི་གོ་སར་ཛཔྲ་ཁང་དབྱེ། དམིགས་གནད་དང་བཅས་བསྙེན་སྒྲུབ་ཀྱི་བཟླས་པ་ཅི་ནུས་དང་།)རང་བྱུང་བདེ་སྐྱོང་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་བཅུད་རྫས་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་རོལ་པར་གསལ་བའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་ཐོད་པ་ཡོངས་སུ་གང་བར་(བསམ་ལ། བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་བྱ།) ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་དབང་ཆེན་རྟ་མགྲིན་དམར་པོ་ཐོད་དབྱུག་དང་མེ་ཞགས་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་(མོས་ཏེ།) ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ༔ (ཅེས་བརྒྱ་རྩ་བཟླ། མཐར་ཐོད་པ་དང་ལས་བུམ་གཉིས་ཀར་དུང་ཆོས་ཀྱིས་མཆོད་ཡོན་ཕུལ་ལ།) ཨོཾ་ཨཱཿཧཱུྃ། ལྷ་འོད་དུ་ཞུ་བ་བཅུད་དང་དབྱེར་མེད་དུ་གྱུར་པར་(བསམ། ཚོགས་བྱིན་རླབས་ནས་ཐ་མའི་བར་དུ་བཏང་། རིག་པའི་མེ་ཏོག་དོར་ནས་སློབ་མ་གཞུག་པར་གནང་བ་ནོད། དེ་ནས་སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བསྔོས་ཏེ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱས་ལ།) འོ། ནམ་མཁའ་དང་མཉམ་པའི་(3ན)སེམས་ཅན་ཐམས་ཅད་དབྱིངས་ཕྱུག་རྡོ་རྗེ་བཙུན་མོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ཏེ་དོན་རིམ་གཉིས་ཀྱི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི། སྤྱིར་རྡོ་རྗེ་ཐེག་པའི་ཚུལ་ལ་ཡི་དམ་དུ་འཆའ་བའི་སྒྲུབ་པ་པོ་རྣམས་ཀྱིས་བསྒྲུབ་བྱ་ལྷག་པའི་གཙོ་བོ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཡིན་ཏེ། དོན་དུ་ལྷ་ཡབ་ཡུམ་ལ་བཟང་ངན་མེད་ཀྱང་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ན་ཤེས་རབ་རྩ་བ་ཡིན་ཅིང་ཐབས་ཡན་ལག་ཡིན་པ་དང་། བདེ་བ་ཆེན་པོ་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པས་སྒྲུབ་དགོས་པ་དང་། བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཕོ་ཉ་མོ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་འགྱུར་བའི་ཕྱིར། དེ་ལྟར་བསྟེན་པས་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་ཞིང་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱེད་པ་ཡིན། དེའང་ཆོས་སྐུ་དོན་གྱི་མཁའ་འགྲོ་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པའི་ཡུམ་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་ཏུ་(3བ)ཕྱིན་མ་ཉིད། ལོངས་སྐུ་རྟགས་ཀྱི་མཁའ་འགྲོ་དབྱིངས་ཕྱུག་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་གཅིག་དང་དུ་མའི་ཚུལ་དུ་སྟོན་ཅིང་། དེ་ལས་སྤྲུལ་སྐུ་བརྡའི་མཁའ་འགྲོ་ཞིང་སྔགས་ལྷན་སྐྱེས་རིགས་ལྔའི་ཚོགས་ཞིང་གི་རྡུལ་དང་མཉམ་པར་སྣང་བ་སྟེ། དེ་དག་གི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་གསང་སྔགས་གསར་རྙིང་རྣམས་སུ་ཅི་རིགས་པར་བྱོན་པ་ལས། འདིར་ནི་དུས་གསུམ་མཁྱེན་པ་པདྨ་སམྦྷ་ཝའི་ཐུགས་བཅུད། འབྲོག་བན་རྣམ་རོལ་བདུད་འཇོམས་འགྲོ་འདུལ་གླིང་པ་རྩལ་གྱིས་འོད་གསལ་དབྱིངས་ཀྱི་སྒྲོམ་བུ་རང་བྱུང་རིག་པའི་ཆོ་འཕྲུལ་གྱིས་རྒྱ་བཀྲོལ་བ་ལས་མངོན་པར་སྣང་བའི་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པའི་ཟབ་ལམ་མཁའ་འགྲོའི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་གྱི་སྙིང་པོ་བསྒྲུབ་པ་ལ། བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་ཡེ་ཤེས་མཁའ་འགྲོ་དབྱེར་མེད་པའི་དྲུང་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་མཛོད། (ཅེས་མཎྜལ་འབུལ་དུ་གཞུག །)ཐལ་མོ་མེ་ཏོག་དང་བཅས་པས་གསོལ་(4ན)བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ མཁའ་འགྲོ་ཀུན་གྱི་དཀྱིལ་འཁོར་གཙོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ གཞུག་ཅིང་དབང་མཆོག་བསྐུར་དུ་གསོལ༔ (ལན་གསུམ།) སྐྱབས་ཡུལ་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་གདོད་ནས་རང་དང་ལྷན་ཅིག་སྐྱེས་པའི་གནས་ལུགས་ཉིད་ཚུལ་བཞིན་རང་ངོ་ཤེས་པས་སྐྱབས་སུ་འགྲོ་བ་དང་། འཁོར་འདས་མཉམ་ཉིད་ཡེ་དག་ཆེན་པོའི་ཀློང་དུ་སྤང་བླང་བྱ་རྩོལ་ལས་འདས་པར་རང་ཡན་དུ་ལ་བཟླ་བ་དོན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོཿ རང་རིག་ཡེ་ཤེས་(སོགས་ལན་གསུམ།) གདོད་མའི་ཡེ་གཞི་ཀ་དག་གཏིང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མས་བསམ་བརྗོད་དང་བྲལ་བའི་ཡེ་ཤེས་སྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་དུ་བཞུགས་པ་ལས། རྒྱང་ཞགས་ཆུའི་སྒྲོན་མས་མཚམས་སྦྱར་ཏེ་རྟེན་ཐིག་ལེ་སྟོང་པའི་སྒྲོན་མས་མཚན་པའི་དག་པ་དབྱིངས་ཀྱི་སྒྲོན་མའི་ཀློང་དུ། བརྟེན་པ་རིག་གདངས་སྤྲུལ་པའི་ལྷ་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་མཐོང་བ་ལྟ་བ་མཇལ་བའི་ཕྱག་འཚལ་བ་དང་། དེ་ལས་འཇའ་ཚོན་ཟེར་ཐིག་ཉམས་སྣང་(4བ)གོང་དུ་འཕེལ་བའི་མཆོད་སྤྲིན་རྒྱ་མཚོས་མངོན་པར་མཆོད་པ་དང་། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རང་ཤར་བའི་རིག་པ་ཚད་ཕེབས་ཆེན་པོའི་ངང་དུ་འཁོར་གསུམ་གཟུང་འཛིན་གྱི་སྡིག་ལྟུང་ཐམས་ཅད་བཤགས་པ་དང་། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་དག་པ་གཉིས་ལྡན་གྱི་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བ་དང་། བརྗོད་མེད་རྡོ་རྗེ་ནཱ་དའི་དབྱངས་ཀྱིས་དུས་གསུམ་དུས་མེད་རྟག་པ་རྒྱུན་གྱི་འཁོར་ལོར་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བ་དང་བསྐུལ་བ་དང་། ཕྱིར་གསལ་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྣང་བརྙན་སྲིད་པ་ཇི་སྲིད་དུ་གཞོམ་མེད་གཉུག་མའི་ངོ་བོར་བཞུགས་སུ་གསོལ་བ་དང་། དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་སྒྲིབ་གཉིས་རྩད་ནས་དག་པ་འོད་གསལ་གཞོན་ནུ་བུམ་པ་སྐུའི་ཀློང་དུ་ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ། ཁྱད་པར་ཅན་གྱི་དོན་དྲན་བཞིན་པས་འདིའི་རྗེས་ཟློས་མཛོད། ཨཿ ཀ་དག་གཏིང་གསལ༴ (སོགས་ལན་གསུམ།) ཨ་ཏི་ཁྱབ་བརྡལ་ཡེ་གྲོལ་ཆེན་པོར་མཚན་མའི་བསྲུང་སྡོམ་མི་དམིགས་ཀྱང་། གཟུང་འཛིན་གྱི་སྒྲོགས་སུ་ཆུད་པའི་མེད་(5ན)སྣང་འཁོར་བའི་འགྲོ་རྣམས་བསྒྲལ་སླད་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་གྱི་དམ་ཚིག་གཉན་པོ་ཚུལ་བཞིན་དུ་བཟུང་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧོཿ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ མེད་པ་དང་ནི་ཕྱལ་པ་དང་༔ གཅིག་པུ་ལྷུན་གྱིས་གྲུབ་པར་རྫོགས༔ གསང་བ་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་བཏང་ངོ་༔ (ལན་གསུམ། རྡོ་རྗེ་སྤྱི་བོར་བཞག་ལ།) ཧོཿ ཤིན་ཏུ་སྐལ་པ་བཟང་པོའི་བུ༔ མཁའ་འགྲོའི་དམ་ཚིག་གཉན་པོ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང་༔ གསང་བ་གཞན་ལ་མ་སྨྲ་ཞིག༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སྐད་ཅིག་དྲན་རྫོགས་རང་ཉིད་ལས༔ ཁྱོད་རང་ཡེ་ཤེས་མཚོ་རྒྱལ་མ༔ བདེ་སྟོང་དབྱེར་མེད་དཀར་དམར་མདངས༔ མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔ ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔ ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཀྱིས༔ བདག་རྟོག་རྩད་གཅོད་གྲི་གུག་དང་༔ དངོས་(5བ)གྲུབ་མཆོག་སྩོལ་ཐོད་པ་འཛིན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ གཅེར་མོ་དར་དང་རིན་པོ་ཆེ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ སྙིང་གར་གཡུང་དྲུང་བྃ་གྱིས་མཚན༔ བླ་མ་མཁའ་འགྲོའི་གནས་གསུམ་ནས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྤྲོས༔ སློབ་མའི་ལུས་ཀྱི་ནང་ཁེངས་ཤིང་༔ གཡུང་དྲུང་ཡིག་འབྲུ་གཡོན་དུ་འཁོར༔ བྱིན་རླབས་གཟི་བྱིན་འབར་བར་གྱུར༔ (ཅེས་དམིགས་ལ་འབེབས་པའི་རྫས་དུད་བདུག་ཅིང་། ཐོད་རྔ་རོལ་མོའི་སྒྲས་བསྐུལ་ཏེ།) ཨཿ ངོ་བོ་སྟོང་པའི་སོགས་(ལམ་བྱང་གི་བྱིན་འབེབས་མཐར་སྙིང་པོ་ལ།) བཛྲ་ཨཱ་བེ་ཤ་ཨ་ཨཿ (ཞེས་བཏགས་པ་དྲག་ཏུ་བརྗོད་པས་བྱིན་དབབ།) དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་དམ་ཚིག་པ་དང་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲཿ (ཞེས་རྡོ་རྗེ་རྒྱ་གྲམ་དུ་བཞག །)དེས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་གཞི་ལ་སྤྲོས་བཅས་སྤྲོས་མེད་སོགས་རྣམ་གྲངས་བཞི་རིམ་པར་འབྱུང་བས་འདུན་པ་འདི་ལྟར་དུ་མཛོད། རང་བྱུང་བདེ་སྐྱོང་སྟོང་པ་ཉིད་ཀྱི་དབྱིངས་ལས་བཅུད་རྫས་ཡེ་ཤེས་རང་གསལ་གྱི་རྒྱུན་བྱུང་བ་ལུས་ལ་ཞུགས་པས། གདོས་བཅས་ཀྱི་དྲི་མ་བཀྲུས། ཟག་མེད་(6ན)འཇའ་འོད་ཀྱི་རང་བཞིན་དུ་གྱུར་པར་མོས་ཤིག །(བྷནྡྷ་སྤྱི་བོར་བཞག་ལ།) ཨོཾ༔ རང་བྱུང་བདེ་སྐྱོང་གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལུས་སྣང་ལྷ་སྐུར་སྨིན་གྱུར་ཅིག༔ (སྙིང་པོ་དང་།) ཀཱ་ཡ་ཨ་བྷིཥིཉྩ་ཨོཾ༔ དེས་སྤྲོས་བཅས་བུམ་པའི་དབང་ཐོབ། རྩ་ཁམས་རྣམ་པར་དག །ཆོས་ཉིད་མངོན་སུམ་ལྟ་བ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །སློབ་དཔོན་ཡེ་ཤེས་མཁའ་འགྲོ་མ་རང་འོད་པདྨ་གར་གྱི་དབང་ཕྱུག་དང་མེ་མཉམ་པར་སྦྱོར་བའི་ཐིག་ལེ་ནཱ་དའི་གསང་སྔགས་ངག་ལ་ཞུགས་པས། འཕོ་བཅས་ཀྱི་དྲི་མ་བཀྲུས། རླུང་གཞོམ་མེད་དུ་ཐིམ་པར་མོས་ཤིག །(གསང་རྫས་བདུད་རྩི་སྦྱིན་ལ།) ཨཱཿ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་བྱང་སེམས་རྒྱུན༔ རྩ་ཁམས་དྭངས་བཅུད་ཀྱིས་གཏམས་པས༔ ངག་རླུང་སྔགས་སུ་དག་གྱུར་ཅིག༔ (སྙིང་པོ་དང་།) ཝཱ་ཀ་ཨ་བྷིཥིཉྩ་ཨཱཿ དེས་སྤྲོས་མེད་གསང་བའི་དབང་ཐོབ། རླུང་ཁམས་རྣམ་པར་དག །ཉམས་སྣང་གོང་དུ་སྤེལ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་(6བ)པ་ཡིན་ནོ། །དབྱིངས་སྟོང་ཉིད་སྤྲོས་བྲལ་གྱི་ཤེས་རབ་མར་ཁྱེད་རང་རིག་པའི་ཡེ་ཤེས་ཐབས་མཆོག་སྙོམས་འཇུག་གི་རོལ་པ་ལས་ལྷན་ཅིག་སྐྱེས་པའི་བདེ་བ་ཡིད་ལ་ཞུགས། གཟུང་འཛིན་གྱི་དྲི་མ་བཀྲུས། ཐིག་ལེ་འོད་གསལ་དུ་དྭངས་པར་མོས་ཤིག །(མེ་ལོང་གཏད་ཅིང་སྙིང་གར་སིནྡྷུ་རས་ཐིག་ལེ་བཀོད་ལ།) ཧཱུྃ༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དགའ་བ་བཞི་ལ་ཡང་དག་བསྟེན༔ ཟུང་འཇུག་མཉམ་པར་སྦྱོར་བ་ཡིས༔ ཡིད་ཐིག་ཆོས་སྐུར་གྲོལ་གྱུར་ཅིག༔ (སྙིང་པོ་དང་།)ཙིཏྟ་ཨ་བྷིཥིཉྩ་ཧཱུྃ༔ དེས་རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐིག་ལེ་རྣམ་པར་དག །རིག་པ་ཚད་དུ་ཕེབ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་མེ་ལོང་འདི་ཉིད་ངོ་བོ་གང་དུའང་མ་གྲུབ། རྐྱེན་དང་འཕྲད་པས་འོད་སྣང་སྣ་ཚོགས་སུ་ཤར་བས་མཚོན་བྱེད་དུ་བྱས་ནས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་རིག་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུ། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པ་ཡུལ་རྐྱེན་ལ་བརྟེན་ནས་སྣང་བཞི་གོང་དུ་འཕེལ་བ་ལྟ་སྒོམ་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ཀུན་བཟང་གི་དགོངས་པ་རྒྱུད་ལ་ཞུགས། གཞི་སྣང་གི་དྲི་མ་དག །གཞོན་ནུ་བུམ་པ་(7ན)སྐུར་ནང་གསལ་དུ་འཁྱིལ་བར་མོས་ཤིག །(ཤེལ་རྡོ་མིག་ལམ་དུ་བསྟན་ལ།) ཧྲཱིཿ ཡེ་ནས་དག་པའི་སེམས་ཉིད་འདི༔ རང་བྱུང་མཁའ་འགྲོའི་ངོ་བོ་སྟེ༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་གསང་བའོ༔ (སྙིང་པོ་དང་།) ངྷརྨ་ངྷཱ་ཏུ་ཨ་ཨ་ཨཿ དེས་ཤིན་ཏུ་སྦྲོས་མེད་རིག་པ་རྩལ་གྱི་དབང་ཐོབ། མ་རིག་པའི་དྲི་མ་དག །ཆོས་ཉིད་ཟད་སར་སྐྱེལ་བ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །(ཞེས་བསྐུར།) དེས་ཤིན་ཏུ་སྦྲོས་མེད་རིག་པ་རྩལ་གྱི་དབང་ཐོབ། མ་རིག་པའི་དྲི་མ་དག །ཆོས་ཉིད་ཟད་སར་སྐྱེལ་བ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །(ཞེས་བསྐུར།) དེ་དག་གིས་སྨིན་བྱེད་ཀྱི་དབང་བསྐུར་བ་སོང་ནས་གྲོལ་བྱེད་ཀྱི་གདམས་ཁྲིད་འབོགས་པ་ལ་དབང་བཞིའི་རིམ་པ་དང་སྦྱར་བའི་ལམ་བཞིའི་ངེས་པ་ནི་འདི་ལྟ་སྟེ། སྨིན་ཅིང་དམ་ལྡན་(སོགས་ནས།) འཕོ་ཆེན་མཆོག་འགྲུབ་འགྱུར༔ (ཅེས་པའི་བར་གསལ་དག་སྙན་པའི་སྒོ་ནས་གོ་བརྡ་འཕྲོད་ངེས་པར་བཀླག །)དེ་རྣམས་ཀྱི་སྒོ་ནས་ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་དབང་བསྐུར་གདམས་ཁྲིད་དང་བཅས་སྨིན་གྲོལ་ཚང་སྤྲུགས་སུ་ཕུལ་གྲུབ་པ་ཡིན་པས་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་(སོགས་ལན་གསུམ།) དེ་ལྟར་ལེགས་པར་ཐོབ་པའི་གཏང་(7བ)རག་ཏུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་(སོགས་ལན་གསུམ།) དེ་ལྟར་སྨིན་གྲོལ་ཟབ་མོ་གསན་པ་ལས་བྱུང་བའི་དགེ་བའི་རྩ་བའང་མཁའ་མཉམ་གྱི་སེམས་ཅན་རྣམས་ལ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང་། ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་ཉིད། །(སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་མཐའ་རྒྱས་སུ་བྱའོ། །ཟབ་ལམ་མཁའ་འགྲོའི་སྨིན་གྲོལ་ཁྲིགས། །གསལ་བར་བརྗོད་འདིས་འགྲོ་བ་ཀུན། །རྡོ་རྗེ་བཙུན་མོ་ཉིད་གྱུར་ནས། །མཁའ་སྤྱོད་གྲོང་ཁྱེར་མཛེས་བྱེད་ཤོག །ཅེས་པའང་རྣམ་པར་དགེ་བའི་ཐུགས་བསྐྱེད་ཀྱི་ཕྲིན་ལས་ཕུལ་དུ་བྱུང་བས་མངོན་པར་མཐོ་བ་མི་རྗེ་ཚེ་རིང་དཔལ་འབྱོར་བཟང་པོའི་གསུང་གིས་ཡང་ཡང་རྗེས་སུ་བསྐུལ་བ་ལས། ཟབ་མོའི་ལམ་གྱི་བཀའ་བབས་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨིན་ཟླའི་ཡར་ངོ་རྒྱལ་བ་གསུམ་པའི་དུས་ཀྱི་སྔ་དྲོའི་ཐུན་གཅིག་ལ་གྲུབ་པར་སྤེལ་བ་སྟེ། གངས་རིའི་ཁྲོད་ཀྱི་ལྷོ་ཕྱོགས་མོན་ཡུལ་སྤ་གྲོ་རིན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུའོ། །སརྦ་དཱ་མངྒ་ལ་སིནྡྷུ་རསྟུ༎ ། །)