DJYD-KABUM-18-TSHA-013

From Dudjom Wiki
Revision as of 10:40, 22 July 2024 by Mort (talk | contribs)

DJYD-KABUM-18-TSHA-013
Wylie title DJYD-KABUM-18-TSHA-013.pdf
Location bdud 'joms rin po che bka' 'bum
Volume 18, Text 13, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)མི་མ་ཡིན་པའི་ཚོགས་ལ་བཀའ་བསྒོ་བསྲིངས་ཡིག་གི་སྐོར། སྲིད་པའི་ཁམས་ན་གནས་ཤིང་རྒྱུ་བའི་ཡིད་ཅན་ཆེ་ཕྲ་ཡོངས་ལ་བསྲིངས་པ། ད་ལམ་རིག་པ་འཛིན་པ་ཁྲོ་རྒྱལ་རྡོ་རྗེ་འདི་ལ་ངེད་ནས་ཟབ་གསང་ཌཱ་ཀིའི་སྙིང་ཁྲག་གི་སྙན་བརྒྱུད་ཀྱི་གདམས་པ་ཕོག དོན་བརྒྱུད་ཀྱི་དགོངས་པ་གཏད། འགྲོ་འདུལ་རྒྱལ་ཚབ་ཀྱི་སྐྱེས་བུར་དབང་བསྐུར་ཏེ། ཕྱོགས་མེད་ཀྱི་གདུལ་བྱའི་ཁ་ལོ་ཐར་པའི་ལམ་དུ་བསྒྱུར་ཕྱིར་མངགས་པ་ཡིན་པས། ཁྱེད་ལྷ་འདྲེ་མི་གསུམ་སུ་ཡང་རུང་བས་ཕན་པའི་སྡོང་གྲོགས་ཚུལ་བཞིན་དུ་བསྒྲུབ་ན་འདི་ཕྱིའི་ཕན་བདེ་འབྱུང་བ་ཆོས་ཉིད་དང་། གལ་སྲིད་ལོག་པར་འཁུ་བའི་བསམ་སྦྱོར་ཕྲ་མོ་ཙམ་ཡང་ཤར་ཚེ་དྲག་ཤུལ་གྱི་སྟོབས་དང་ཡེ་ཤེས་ཀྱི་སྤྱན་མངའ་བའི་བཀའ་སྲུང་དྲེགས་པའི་དམག་ཚོགས་རམ་དར་སྦྲན་ནས་གཟུགས་ཅན་གྱི་སྲོག་རྩ་བཅད། གཟུགས་མེད་ཀྱི་དབང་པོ་བསྐུམ་སྟེ་མིང་གི་ལྷག་མར་གཏོང་བར་གདོན་མི་ཟ་བས་ན་ཁེ་ཉེན་གྱི་གནས་ལ་ཤིན་ཏུ་བག་ཡོད་པར་བྱོས་ཤིག །ཅེས་གོ་བར་བྱ་བའི་ཡིག་གེ་འདིའང་ཀོང་ཡུལ་བདུདརི་གནམ་ལྕགས་འབར་བའི་མགུལ་ནས་ཁྲག་འཐུང་ཁྲོ་བོ་འཆོལ་བའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དྲག་པོ་རྩལ་གྱིས་བྲིས།། །།

༈ ཧཱུྃ་ཧཱུྃ་ཧཱུྃ། ཁྲག་འཐུང་ཁྲོ་རྒྱལ་འཆོལ་བའི་བཀའ་བྱུང་གིས། །(1བ)ང་ཡིས་བསྲུངས་པའི་ཡུལ་ཁམས་གནས་རིས་འདིར། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །མཁའ་ལ་རྒྱུ་བའི་ཡིད་ཀྱི་ལུས་ཅན་རྣམས། །གནོད་ཅིང་འཚེ་བའི་བསམ་སྦྱོར་ཀུན་སྤོངས་ལ། །ཕན་པའི་སྡོང་གྲོགས་བཟང་པོ་ཚུལ་བཞིན་སྒྲུབས། །ཚེ་རབས་འབྲེལ་བའི་ལས་ཀྱི་འབྲས་བུར་སོམས། །ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད། །གལ་ཏེ་མི་ཉན་གདུག་སེམས་བསྐྱེད་པ་ན། དབང་དྲག་ཕོ་ཉ་ལྕགས་སྡིག་འབར་བ་ཡིས། །ཁྱེད་རྣམས་སྙིང་ཁྲག་འཇིབ་ནས་བརླག་པར་འགྱུར། །དེ་བས་ཉེན་ལ་མ་བདོ་ས་མ་ཡ། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤྲིངས།། །།

༈ ཧྲཱིཿ དབང་དྲག་ཁྲག་འཐུང་འཆོལ་བའི་བཀའ་བྱུང་གིས། །ཡུལ་འདིར་གནོད་ཅིང་འཚེ་བའི་འབྱུང་པོ་ཚོགས། །འཁྲུལ་སྣང་སྒྱུ་མའི་གྲོང་ལ་མ་ཞེན་པར། །ཞི་བ་བྱང་ཆུབ་མཆོག་གི་སར་དེངས་ཤིག །འདས་ན་ཡཀྴ་ཁྲོ་ངྷས་སྙིང་ཟོས་ཏེ། ལུས་སེམས་དམྱལ་མེས་འཚིག་པར་གདོན་མི་ཟ། ས་མ་ཡ་བཛྲ་ཙིཏྟ་ཨ། །ཛྙཱ་ནས་སོ།། །།