DJYD-KABUM-18-TSHA-023
DJYD-KABUM-18-TSHA-023
༄༅། །བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ ཟབ་ལམ་བཅུད་འདུས་བཞུགས་སོ། །
(1བ)ན་མོ་གུ་རུ་བཛྲ་སཏྭ་ཡེ། (རིགས་འདུས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོས་ཤིང་མོས་ལྡན་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་ཡི་དམ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བ་ལ་གསུམ་ལས། དང་པོ་སྦྱོར་བའི་ཆོས་ནི།)ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པར་བཛྲ་ས་མཱ་ཛཿ(མདུན་མཁར་སད་པའི་སྤྱན་སྔར།)ན་མོ། རིགས་འདུས་བླ་མ་རྡོ་རྗེ་སེམས། །མི་འབྲལ་སྐྱབས་ཀྱི་མཆོག་ཏུ་བསྙེན། །གཞན་དོན་འཁོར་བ་དོང་སྤྲུགས་ཕྱིར། །ཟབ་མོའི་རྣལ་འབྱོར་ལ་བརྩོན་བྱ། །(ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།)རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །(ཞེས་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་མཐར།)(2ན)བཛྲ་མུཿས་སྐྱབས་ཡུལ་རང་ལ་བསྡུ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཆུང་མཚོན་ཆའི་ཆར་དང་བཅས་པས་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ངྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ། (ཞེས་བསྐྲད།)བཛྲ་ཛྙཱ་ན་རཀྵ་ཧཱུྃ། (ཞེས་སྲུང་བའི་གུར་གྱིས་བཅིང་། དངོས་སུ་བཤམས་པའི་མཆོད་པ་ཡོད་ན།)ཨོཾ་ཨཱཿཧཱུཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ། བཛྲ་སྥ་ར་ཎ་ཁཾ། (ཞེས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོའོ། །གཉིས་པ་དངོས་གཞི་ལ། སྐུ་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ་ནི།)ཨ། ཆོས་དབྱིངས་སྐྱེ་མེད་སྟོང་པའི་རྩལ། །འགག་མེད་སྙིང་རྗེས་ཀུན་ལ་ཁྱབ། །སྟོང་གསལ་ཟུང་(2བ)འཇུག་རང་རིག་ནི། །ཧཱུྃ་ཡིག་དཀར་གསལ་འོད་དུ་འབར། །དེ་ལས་འོད་འཕྲོས་རྡོ་རྗེའི་གུར། །ཕྱི་རོལ་ཡེ་ཤེས་མེ་རིས་གཏམས། །ནང་དུ་འབྱུང་བ་རིམ་བརྩེགས་སྟེང་། །པདྨ་འདབ་སྟོང་བརྡལ་བའི་ལྟེར། །རིན་ཆེན་ཕོ་བྲང་མཚན་རྫོགས་དབུས། །སེང་ཁྲི་པདྨ་ཉི་ཟླའི་སྟེང་། །ཧཱུྃ་ཉིད་རྡོ་རྗེ་ཧཱུྃ་མཚན་ལས། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་རྡོ་རྗེ་སེམས་དཔའི་སྐུ། །དཀར་འཚེར་ཞི་བའི་ཉམས་དགུ་ལྡན། །མཚན་དཔེའི་ལང་ཚོ་རྒྱས་པའི་སྐུར། །ཅོད་པན་དར་དཔྱང་ཟི་ལྡིར་དང་། །སྟོད་གཡོགས་སྨད་གཡོགས་མཛེས་པར་ཀླུབ། །དབུ་རྒྱན་སྙན་ཆ་མགུར་ཆ་དང་། །དོ་ཤལ་དང་ནི་སེ་མོ་དོ། །གདུ་བུ་རྣམས་ཀྱིས་ལེགས་པར་སྤྲས། །མཐོན་མཐིང་དབུ་སྐྲ་ཐོར་ཚུགས་རྩེར། །ནོར་བུ་རིན་ཆེན་འབར་བས་བརྒྱན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །ཞབས་ཟུང་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །པང་དུ་ཡུམ་མཆོག་སྙེམས་མ་དཀར། །བཅུ་དྲུག་ཉམས་ལྡན་དགྱེས་ཆགས་འཛུམ། །ཕྱག་རྒྱ་ལྔ་ཡི་རྒྱན་ཆ་འཆང་། །ཕྱག་གཡས་གྲི་གུག་ཡབ་མགུལ་འཁྱུད། །གཡོན་པས་ཐོད་པ་བདུད་རྩི་སྟོབ། །ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ། །ཟག་མེད་བདེ་བ་ཆེན་པོར་སྦྱོར། །ཕུང་ཁམས་རྒྱལ་བ་ཞི་ཁྲོའི་དལ། །མ་བཙལ་ཡེ་ནས་(3ན)ལྷུན་གྱིས་གྲུབ། །དཔག་ཡས་འོད་ཟེར་འབར་འཁྲིགས་ཀློང་། །དཀྱིལ་འཁོར་རབ་འབྱམས་ཁྱབ་བདག་ཆེ། །ཚད་མེད་ཐུགས་རྗེའི་བདག་ཉིད་ཅན། །སྣང་སྟོང་སྒྱུ་མའི་སྐུར་གསལ་བའི། །གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་འོག་མིན་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །(ཅེས་གསལ་བཏབ་ལ།)ཨོཾ། ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ཀུན། །གཟུགས་སྐུ་རྡོ་རྗེ་སེམས་དཔར་བཞེས། །ཐུགས་རྗེ་ཉེ་བར་འདིར་གཤེགས་གསོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ས་མཱ་ཛཿ ཛྙཱ་ན་སཏྭ་ཨ་ཨ། (ཞེས་སྤྱན་དྲངས་པའི་ཡེ་ཤེས་པ་ཉིད།)ཛཿཧཱུྃ་བྃ་ཧོཿ(ས་དམ་ཡེ་དབྱེར་མེད་དུ་གྱུར།)ས་མ་ཡ་ཏིཥྛ་ལྷན། །(ཞེས་བཞུགས་སུ་གསོལ།)ནམ་མཁའ་གང་བའི་དབང་གི་ལྷས། །བྱང་སེམས་བདུད་རྩིས་དབང་བསྐུར་བས། །སྤྱི་བོའི་གནས་ལྔར་འབྲུ་ལྔས་མཚན། །ཡེ་ཤེས་རིགས་ལྔའི་དབང་བསྐུར་རྫོགས། །ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཨཏྨ་ཀོཉ་ཧཾ། (ཞེས་དབང་བསྐུར་ཞིང་རྒྱས་བཏབ།)རང་ལས་སྤྲུལ་པའི་ལྷ་མོ་ཡིས། །ཕྱག་མཆོད་བསྟོད་པས་དགྱེས་པ་བསྐྱེད ། ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ (ཞེས་ཕྱག་བྱ།)ཨོཾ་ཤྲཱི་བཛྲ་རཱ་ག་ཨརྒྷཾ། པཱདྱཾ། པུཥྤེ། ངྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻཝིདྱ། ཤཔྡ་པྲ་ཏཱིཙྪ་སྭཱཧཱ། (ཞེས་ཕྱི་མཆོད་(3བ)དང་།) ཨོཾ་རཱུ་པ་ཤཔྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོཿ (ཞེས་ནང་མཆོད།)མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལི་ཏཾ་ཁཱ་ཧི། (ཞེས་གསང་མཆོད།)ཏ་ན་ག་ན་དྷརྨ་ངྷཱ་ཏུ་པཱུ་ཛ་ཧོཿ (ཞེས་སྦྱོར་སྒྲོལ་དེ་ཁོ་ན་ཉིད་ཀྱིས་མཆོད།)ཧཱུྃ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། (ཞེས་མཆོད་ཅིང་བསྟོད་ནས་མཆོད་ལྷ་རང་ལ་བསྡུ། །སྤྲོས་མེད་རྒྱུན་ཁྱེར་ཙམ་ལ་གོང་གི་དབང་བསྐུར་རྗེས་སུ་བཟླས་པ་ལ་འཇུག་ཀྱང་ཆོག་གོ། །དེ་ནས་གསུང་བཟླས་པའི་རྣལ་འབྱོར་ནི།)ཐུགས་དབུས་ཟླ་བ་ལ་གནས་པའི། །རྡོ་རྗེ་རྩ་ལྔའི་ལྟེ་བ་རུ། །ཧཱུྃ་མཐར་ཡི་གེ་བརྒྱ་པས་བསྐོར། །དེ་ལས་འོད་ཟེར་དཔག་ཡས་འཕྲོས། །རྒྱལ་བ་རྩ་གསུམ་རབ་འབྱམས་ཀུན། །མཆོད་པས་མཉེས་བྱས་དབང་བྱིན་བསྡུས། །ཆོས་སྐྱོང་སྲུང་མའི་འཁོན་གྲིབ་སྦྱངས། །ཐུགས་དམ་གཉན་བསྐང་ཕྲིན་ལས་བསྐུལ། །རྡོ་རྗེའི་སྤུན་གྲོགས་མཆེད་ལྕམ་གྱི། །ཉམས་ཆག་ཀུན་སྦྱངས་དག་ཚངས་ཐོབ། །དགྲ་གདོན་བགེགས་རྣམས་གནོད་གདུག་གི ། བསམ་སྦྱོར་ཞི་ནས་བྱམས་སེམས་སྐྱེས། །རིགས་དྲུག་འགྲོ་བའི་སྡུག་བསྔལ་གྱི། །རྒྱུ་འབྲས་ཡོངས་བྱང་ཐར་ལམ་འཁོད། །འོད་ཟེར་སླར་འདུས་རང་ལ་ཐིམ། །སྡིག་ལྟུང་ཉམས་ཆག་མ་ལུས་སྦྱངས། །བྱིན་རླབས་བདེ་ཆེན་གཟི་བྱིན་འབར། །གཟུགས་སྣང་རྡོ་རྗེ་སེམས་དཔའི་(4ན)སྐུ། །སྒྲ་གྲགས་ཡི་གེ་བརྒྱ་པའི་སྒྲ། །དྲན་རྟོག་ཡེ་ཤེས་སེམས་དཔའི་ཐུགས། །མ་བཅོས་ཁྱབ་བརྡལ་དགོངས་པ་ཆེ། །ཀུན་ཟླུམ་ཐིག་ལེ་གཅིག་ཏུ་རྫོགས། །(ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ལ།)ཨོཾ་བཛྲ་སཏྭ་ས་མ་ཡ་(སོགས་ཡི་གེ་བརྒྱ་པ་གཙོ་བོར་བཟླ་ཞིང་།)ཨོཾ་བཛྲ་སཏྭ་ཧཱུྃ། (ཞེས་ཡང་སྙིང་ཡང་ཅི་འགྲུབ་ཏུ་བཟླ། ལས་སྦྱོར་དམིགས་བསལ་དུ་སྤྲོ་ན།)རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །སྔགས་ཀྱི་འོད་ཟེར་རབ་ཏུ་འཕྲོས། །རིགས་དྲུག་གང་ན་ཡོད་པ་ཡི། །དམིགས་ཡུལ་དེ་ཡི་ལུས་ལ་ཕོག །ལས་ངན་སྡིག་སྒྲིབ་རྒྱུ་བཅས་སྦྱངས། །ལས་ངན་སྡིག་སྒྲིབ་རྒྱུ་བཅས་སྦྱངས། །སྐད་ཅིག་རྨི་ལམ་སད་པ་བཞིན། །དག་པའི་ཞིང་དུ་དབུགས་ཕྱུངས་ཏེ། །གཏན་དུ་བདེ་བའི་ས་ཐོབ་གྱུར། །(ཡང་སྙིང་དང་།)འ་ཨ་ཤ་ས་མ་ཧ། (ཞེས་བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར་ཏེ་བཟླ། ཐུན་མཚམས་སུ་བབ་པ་ན།)ཨོཾ། བླ་མ་རྡོ་རྗེ་སེམས་དཔའ་ཀྱེ། །ན་རཀ་སྡུག་བསྔལ་བསྐྱབ་ཏུ་གསོལ། །སྡིག་པའི་ཚོགས་ལ་བདག་གནོང་ཞིང་། །འགྱོད་པས་མགོན་པོའི་དྲུང་དུ་བཤགས། །ཕྱིན་ཆད་མི་བགྱིད་དམ་བཅའ་བས། །མགོན་པོས་ཚངས་པར་སྩལ་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །རྡོ་རྗེ་སེམས་དཔའ་བདག་གིས་བསྒྲུབ། །སྐུ་གསུངས་ཐུགས་སུ་བདག་སྦྱོར་ཏེ། །བླ་མེད་ས་ལ་དྲང་དུ་གསོལ། །(ཞེས་གསོལ་བ་བཏབ་པས་དག་ཚངས་གནང་བ་སྩལ་བར་བསམ། དེ་ནས་ཐུགས་ཡེ་ཤེས་ཆེན་པོའི་རྣལ་འབྱོར་ནི། (4བ)དམ་ཡེ་གཉིས་སུ་མ་ཕྱེད་པའི་དཀྱིལ་འཁོར་ཉིད།)སྣོད་བཅུད་འོད་ཞུ་རངལ་ཐིམ། །རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་གྱེན་རྫོགས་མི་དམིགས་པར། །ཆོས་དབྱིངས་ཀློང་དུ་འབྱམས་ཀླས་སོ། །(ཞེས་ལྷར་སྣང་འོད་གསལ་དུ་བསྡུས་ལ་མཉམ་པར་བཞག །)སྐད་ཅིག་སྟོང་གསལ་ངང་ཉིད་ལས། །སླར་ཡང་རྡོར་སེམས་སྐུ་རུ་བཞེངས། །གནས་གསུམ་འབྲུ་གསུམ་ཕྱག་རྒྱས་བསྲུང་། །མཁའ་ཁྱབ་འགྲོ་བའི་དོན་ལ་འཇུག །(ཅེས་གཉུག་མའི་ལྷ་སྐུར་ལྡང་ལ་སྤྱོད་ལམ་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར། གསུམ་པ་རྗེས་ཀྱི་རིམ་པ་ནི།)རྡོ་རྗེའི་རིགས་སུ་སྐྱེས་ནས་ཀྱང་། །རྡོ་རྗེ་སེམས་དཔའི་གསང་སྔགས་སྟོན། །སྙིང་རྗེ་ལྡན་ཅིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང་། །སྙེམས་མའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །བདག་གིས་འདི་བསྒྲུབས་བསོད་ནམས་གང་། །མཐའ་ཡས་འགྲོ་བ་ཡོངས་ལ་བསྔོ། །ཀུན་ཀྱང་མྱ་ངན་འདས་པའི་མཆོག །རྡོ་རྗེ་སེམས་པའི་བཀྲ་ཤིས་ཤོག །(ཅེས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་མངའ་རིས་ལ་དྭགས་ཕྱོགས་སུ་སྒྲུབ་པའི་རྒྱལ་མཚན་(5ན)སྒྲེང་བ་འགྱུར་མེད་ཆོས་དབྱིངས་རྡོ་རྗེས་བསྐུལ་བ་ལས། བཀའ་གཏེར་རྡོ་རྗེ་སེམས་དཔའི་རྒྱུད་ལུང་མན་ངག་གི་བཅུད་བསྡུས་ཏེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་དོན་དང་ལྡན་པར་གྱུར་ཅིག། །།) ༈(འདི་ལ་བརྟེན་ནས་ཚོགས་མཆོད་འབུལ་བར་སྤྲོ་ན། ཐབས་ཤེས་ཀྱི་དམ་རྫས་ཅི་འབྱོར་བར་བཤམས་ལ་བདུད་རྩིས་བྲན་ཅིང་།) ཧཱུྃ། མི་གཡོ་སྤྲོས་བྲལ་ཆོས་ཀྱི་སྐུ། །རིག་རྩལ་རོལ་པ་རྡོ་རྗེ་སེམས། །ཡེ་ཤེས་འབར་བའི་དབྱིངས་ནས་གཤེགས། །དམ་ཚིག་ཚོགས་ཀྱི་འཁོར་ལོར་རོལ། །བཛྲ་ས་མ་ཡ་ཛཿ (ཞེས་ཚོགས་མགྲོན་སྤྱན་དྲངས།)ཨོཾ་ཨཱཿཧཱུྃ། རིགས་འདུས་བླ་མ་རྡོ་རྗེ་སེམས། །རྩ་གསུམ་རབ་འབྱམས་ཚོགས་རྣམས་ལ། །འདོད་ཡོན་མི་ཟད་ཚོགས་མཆོད་འབུལ། །དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས། །གཉིས་འཛིན་དགྲ་བགེགས་དབྱིངས་སུ་སྒྲོལ། །མཆོད་དང་ཐུན་མོང་དངོས་གྲུབ་སྩོལ། །སརྦ་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། (ཞེས་འབུལ། གྲངས་གསོག་དགོས་ནའང་འདི་ཉིད་བསྐྱར། དེ་ནས་དམ་ཚིག་གི་རྫས་ལ་རོལ་མཐར། ལྷག་མ་ལ་བདུད་རྩིའི་ཞལ་ཆབ་བྲན་ཅིང་།)ཨོཾ་ཨཱཿཧཱུྃ། དཀྱིལ་འཁོར་ཆེན་(5བ)པོའི་བཀའ་ཉན་པའི། །འབར་མ་དབང་ཕྱུག་ཕྲ་མེན་ཚོགས། །ལྷག་མའི་ལོངས་སྤྱོད་འདི་བཞེས་ལ། །བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། (ཞེས་ལྷག་མ་བསྔོ། རྗེས་ཚོགས་མགྲོན་རྟེན་ལ་བརྟན་བཞུགས་བྱ་ཞིང་བདག་བསྐྱེད་བསྡུ་ལྡང་སོགས་གོང་བཞིན་བྱའོ། །ཞེས་པའང་ཛྙཱ་ནས་སོ།། །།སརྦ་དཱ་མངྒ་ལཾ།། །།)