DJYD-KABUM-19-DZA-005

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-19-DZA-005

(126ན)ཨོཾ་སྭསྟི། གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡོངས་རྫོགས་བསྟན་འགྲོའི་མུན་སེལ་རྒྱལ་བའི་ལུང་བསྟན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེ་ཞེས་མཚན་གྱི་དབྱངས་སྙན་ཕྱོགས་བཅུར་གྲགས་པ་དེ་ཉིད་ཀྱིས་རྒྱལ་བསྟན་རིན་པོ་ཆེ་སྤྱིའི་བཙས་སུ་གསང་ཆེན་བཀའི་བསྡུ་བ་བསམ་གྱིས་མི་ཁྱབ་པ་མཛད་པའི་མཛོད་ཆེན་རྣམ་པ་ལྔ་ལས། དཔལ་ལྡན་མར་པའི་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པའི་སྲོག་རྩ་མཐུད་པ་ལ་འཆི་གསོས་ཀྱི་བདུད་རྩིས་ཀྱང་བསྒྲུན་དུ་མེད་པའི་བཀའ་དྲིན་བསྩལ་བ། བཀའ་བརྒྱུད་སྔགས་མཛོད་དུ་གྲགས་པ་འདི་ཉིད་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཇི་ལྟར་ནོད་པའི་ཚུལ་ལ། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་གི་སྐོར་དང་གསུམ་ལས། དང་པོ་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་དབང་གི་རིམ་པ་ལ། ཐོགམར་དགེ་བ་དཔལ་ལྡན་མར་མེ་མཛད་ནས་བརྒྱུད་དེ་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་ལ་བཀའ་བབ་པ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་བཀའ་བབ་བཞིའམ་(126བ)དྲུག་ཏུ་གྲགས་པའི་ཡི་གེ་ཟླ་བ་འདོད་འཇོ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ། མཐའ་རྟེན་ཕྱག་མཚན་གྱི་རྗེས་གནང་། ཀཾ་ཚང་ཕྱག་རྒྱུན་གཏོར་དབང་དང་བཅས། ཚེ་ལྷ་རྣམ་གསུམ་ཁ་ཚང་ཕྱིར་བཀོད་པར་མཛད་པ་རྗེ་བཙུན་མར་པས་འཕགས་ཡུལ་ནས་གསན་པའི་གཙུག་ཏོར་རྣམ་རྒྱལ་མ་དང་། རྗེ་བཙུན་སྒྲོལ་སྔོན། རྒྱལ་པོ་ཛཿནས་བརྒྱུད་པའི་རྡོ་རྗེ་སེམས་དཔའ་སྟེ་ཁྱད་པར་ལྷ་གསུམ་གྱི་རྗེས་གནང་ཡོངས་རྫོགས། འབྲུག་ལུགས་ཁྱད་པར་ལྷ་གསུམ་རྗེས་གནང་གི་བརྒྱུད་པ་ནི། འབྲུག་ཆེན་ཆོས་ཀྱི་སྣང་བ་ཡན་དཀར་ཆག་ལྟར་ལ། དེ་ནས་འཇམ་དཔལ་ཡེ་ཤེས་གྲུབ་པ། ངེས་དོན་ཆོས་ཀྱི་རྒྱ་མཚོ། འཇམ་དཔལ་ཤེས་བྱ་ཀུན་མཁྱེན། ཅོག་སྤྲུལ་ངག་དབང་ཆོས་ཀྱི་རྒྱལ་མཚན། དེས་བདག་ལའོ། །དཀྱིལ་འཁོར་དབང་ཕྱུག་བྱིན་རླབས་ཀྱི་སྒོ་ཆེན་འབྱེད་པས་མེད་དུ་མི་རུང་བ་འབྲུག་ལུགས་ལ་བཀའ་བབ་པ་ཟབ་ལམ་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་གི་ལྷན་ཐབས་དབང་ཆོག་དང་བཅས་(127ན)པ་ཡོན་ཏན་རབ་རྒྱས་ལྟར་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས། དངོས་གཞི་བུམ་གསང་ཤེར་ཡེ་ཚིག་དབང་། རྗེས་དམ་ཚིག་བསྒྲགས་པ་བཅས། ཕྱི་ནང་གི་བར་ཆད་སེལ་བའི་ཕྱིར་བཀོད་པར་མཛད་པ་རས་ཆུང་ལུགས་ཀྱི་ཕྱག་རྡོར་གཏུམ་ཆུང་གཙོ་འཁོར་ཉེར་གཅིག་པ་ཀར་ལུགས་གཅིག་ཤེས་ཀུན་གྲོལ་ལྟར་འཇུག་པ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྗེས་གནང་། གཏོར་དབང་བཅོས་སོ། །བར་དུ་དགེ་བ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཟབ་མོ་བཅུ་གསུམ་གྱི་ཐོག་མར་ཤེས་རབ་གཙོ་བོར་སྟོན་པ་ལ་རྒྱུད་སྡེ་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀའི་རིགས་ཀྱི་སྙིང་པོ་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་ཆོག་དངོས་གྲུབ་རྒྱ་མཚོ་དང་། སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྟོ་སྦྱར་བའི་སྟ་གོན་ཞག་གིས་བཅད་དེ། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་བུམ་པ། གསང་བ། ཤེར་ཡེ་རྣམས་དང་། དགྱེས་རྡོར་རིགས་བསྡུས་ཀྱི་དཀྱིལ་ཆོག་དྲི་མེད་ནོར་བུའི་ཆུན་པོ་ལྟར་དོན་དམ་བྱང་སེམས་མེ་ལོང་སིནྡྷུ་(127བ)རའི་དཀྱིལ་འཁོར་དུ་དབང་བཞི་པ་ནང་གསེས་བཅས། དེའི་ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔ་པའི་དཀྱིལ་ཆོག་མཁའ་སྤྱོད་ཤིང་རྟ་དང་། སྒྲུབ་ཐབས་མཁའ་སྤྱོད་ཐེམ་སྐས་ལྟོ་སྦྱར་བའི་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཡེ་རྣམས་ཡབ་བཀའ་དགྱེས་རྡོར་དཀྱིལ་ཆོག་དངོས་གྲུབ་རྒྱ་མཚོ་ནས་འབྱུང་བ་ལ་སྐབས་ཐོབ་ཀྱི་བསྒྱུར་ཁ་ཡུམ་བཀའ་རང་གཞུང་ལྟར་བགྱིས་པ་དང་། བཞི་པ་ཚིག་དབང་དགྱེས་རྡོར་རིགས་བསྡུས་ཀྱི་དཀྱིལ་ཆོག་དྲི་མེད་ནོར་བུའི་ཆུན་པོར་བཤད་པ་ལྟར་སྦྱར་བ་ནང་གསེས་དང་བཅས། བཤད་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་མགུར་ནས་གསུངས་པའི་མཁའ་འགྲོ་ལྔའམ་དགྱེས་རྡོར་རིགས་བསྡུས་ལྷ་ཞེ་དགུ་པའི་དཀྱིལ་ཆོག་དྲི་མེད་ནོར་བུའི་ཆུན་པོ་དང་། སྒྲུབ་ཐབས་དྲི་མེད་ནོར་བུའི་སྒྲོན་མེ་ལྟོ་སྦྱར་བའི་སྟ་གོན་དགྱེས་རྡོར་དཀྱིལ་ཆོག་དངོས་གྲུབ་རྒྱ་མཚོ་ལས་འབྱུང་བ་ལྟར་སྐབས་ཐོབ་འཕྲུལ་བ་སྔོན་འགྲོས་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་ནང་(128ན)གསེས་དང་བཅས། བདེ་དགྱེས་སོགས་ཀྱི་བཤད་རྒྱུད་ཐུན་མོང་བ་སམྦུ་ཊི་ལས་གསུངས་པ་རྩ་བའི་དཀྱིལ་འཁོར་བདེ་མཆོག་ཞི་བ་རྡོར་སེམས་རིགས་བསྡུས་ལྷ་སོ་བདུན་པའི་དཀྱིལ་ཆོག་ཁ་སྦྱོར་སྙེ་མ་དང་། སྒྲུབ་ཐབས་ཟུང་འཇུག་སྙེ་མ་ལྟོ་སྦྱར་བའི་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག ། མཐའ་རྟེན་ནང་གསེས་བཅས། ༈ ། རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་པར་རྟོགས་པ་དང་། དཀྱིལ་འཁོར་གྱི་ཆོ་ག་བསྡེབས་ཤིང་། སི་ཏུ་པདྨ་ཉིན་བྱེད་ཀྱིས་མཛད་པའི་མཚམས་སྦྱོར་ཟབ་མོའི་སྒོ་འབྱེད་ཀྱིས་བརྒྱན་ཏེ། སྟ་གོན་སྔོན་དུ་འགྲོ་བས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་དབང་བཞི་ཡོངས་རྫོགས་བཅས། རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་དཔལ་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ་རྗེ་(128བ)དྲུག་པ་དོན་ལྡན་ཞབས་ཀྱི་གསུང་ལ། སི་ཏུ་པདྨ་ཉིན་བྱེད་དབང་པོས་མཚམས་སྦྱོར་བདེ་ཆེན་སྣང་བྱེད་ཀྱིས་བརྒྱན་ཏེ། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཡེ་བཞི་པ། མཐའ་རྟེན་རྡོ་རྗེ་སློབ་དཔོན་གྱི་དབང་། སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་བཅས། ༈ ། དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་ཨ་བྷི་དྷ་ན་ལས་གསུངས་པའི་རྩ་བའི་དཀྱིལ་འཁོར་བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་དཀྱིལ་ཆོག་ཡེ་ཤེས་རྣམ་རོལ་དང་། སྒྲུབ་ཐབས་ཡེ་ཤེས་སྣང་བྱེད་ལྟོ་སྦྱར་ཏེ། སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་བཞི་སོ་སོར་ནང་གསེས་དང་བཅས། སངས་རྒྱས་ཐོད་པ་ལྷ་ཉེར་གཉིས་པའི་དཀྱིལ་ཆོག་རྡོ་རྗེ་རིན་པོ་ཆེའི་སྤྲིན་ཆར་དང་། སྒྲུབ་ཐབས་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ལྟོ་སྦྱར་བ་ལྟར། སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་བཞི་ནང་གསེས་བཅས། བཅོམ་ལྡན་འདས་མ་ཧཱ་མ་ཡའམ་སྒྱུ་མ་ཆེན་མོ་ལྷ་ལྔའི་དཀྱིལ་ཆོག་བདེ་(129ན)ཆེན་ཤིང་རྟ་དང་། སྒྲུབ་ཐབས་བདེ་ཆེན་ཐིག་ལེ་ལྟོ་སྦྱར་བ་ལྟར་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། བུམ་གསང་ཤེར་ཚིག་བཞི་དང་། མཐའ་རྟེན་རྗེས་གནང་རྣམས་ནང་གསེས་བཅས། མ་རྒྱུད་རྟག་པའམ་རྣམ་སྣང་གི་རིགས་དཔལ་རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའ་ལྷ་མང་དུ་གྲགས་པ་གདན་བཞི་ཡབ་བཀའི་དཀྱིལ་ཆོག་རྣལ་འབྱོར་རོལ་པའི་དགའ་སྟོན་དང་། སྒྲུབ་ཐབས་རྣལ་འབྱོར་སྙིང་གི་ཐིག་ལེ་ལྷོ་སྦྱར་བ་ལྟར་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་བཞི་ནང་གསེས་བཅས། རྡོ་རྗེ་གདན་བཞི་རྩ་བའི་ཡུམ་བཀའ་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་དཀྱིལ་མཆོག་བདུད་རྩིའི་ལྗོན་ཤིང་དང་། སྒྲུབ་ཐབས་བདུད་རྩིའི་སྙེ་མ་ལྟོ་སྦྱར་བས་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་བཞི་སོ་སོར་ནང་གསེས་བཅས། རྣལ་འབྱོར་བླ་ན་མེད་པ་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད་རིགས་གསུམ་ལས་རིགས་ཀྱི་རྒྱུད་གསང་བ་(129བ)འདུས་པ་འཕགས་ལུགས་མི་བསྐྱོད་རྡོ་རྗེ་ལྷ་སོ་གསུམ་གྱི་དཀྱིལ་ཆོག་ཟུང་འཇུག་ལམ་གྱི་ཤིང་རྟ་དང་། སྒྲུབ་ཐབས་ཟུང་འཇུག་ལམ་གྱི་སྒྲོན་མ་ལྟོ་སྦྱར་བས་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་བཞི་སོ་སོར་ནང་གསེས་བཅས། རྒྱུད་ཐམས་ཅད་ཀྱི་བདག་པོ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་རྩ་བའི་དཀྱིལ་འཁོར་རིགས་བསྡུས་ལྷ་ལྔ་བཅུ་རྩ་གསུམ་པའི་དཀྱིལ་ཆོག་གསང་བ་ཀུན་འབྱུང་གི་གླེགས་བམ་དང་། སྒྲུབ་ཐབས་ཡེ་ཤེས་འབར་བའི་རལ་གྲི་ལྟོ་སྦྱར་བའི་སྟེང་ནས་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་དབང་གསུམ་ནང་གསེས་བཅས་སོ། །དཔལ་ཆེན་བི་རཱུ་པའི་བཞེད་པ་གཤེད་དམར་ལྷ་ལྔའི་དཀྱིལ་ཆོག་བདེ་སྐྱོང་བཅུད་ཀྱི་འཕྲུལ་ཞགས་དང་། སྒྲུབ་ཐབས་བགེས་འཇོམས་ཡེ་ཤེས་བེ་ཅོན་ལྟོ་སྦྱར་བས་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་བཞི་ནང་གསེས་བཅས། ཇོ་བོ་(130ན) ནཱ་རོ་པ་དང་ནཱ་རོ་པའི་མན་ངག་གུང་སྤྲོས་ཏེ་རྟོག་བདུན་གྱི་དོན་བཤད་པ་ལས་བྱུང་བ་རྒྱུད་རྐྱང་ནི་ལུགས་དཔལ་རྡོ་རྗེ་འཇིགས་བྱེད་མ་ལ་ལུགས་ལྷ་དགུའི་དཀྱིལ་ཆོག་བདུད་འདུལ་འཕྲུལ་གྱི་རྣོ་མཚོན་དང་། སྒྲུབ་ཐབས་བདུད་འཇོམས་གྲུབ་པའི་རལ་གྲི་ལྟོ་སྦྱར་བས་སྟ་གོན་སྔོན་འགྲོས། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་བཞི་སོ་སོར་ནང་གསེས་བཅས། རྗེ་བཙུན་རས་ཆུང་པའི་ལུགས་ཕྱག་ན་རྡོ་རྗེ་གཏུམ་ཆེན་ལྷ་ལྔ་རྗེ་དགུ་པའི་ཡིག་ཆ་བདུད་དཔུང་ཟིལ་གནོན་དམ་ཉམས་སྲོག་གི་སྤུ་གྲི་ཉིན་བྱེད་འོད་འབར་ལྟར་རས་བྲིས་ཀྱི་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་དབང་ནང་གསེས་མཐའ་རྟེན་དང་། མཆོག་དབང་གསུམ་བཅས་སོ། ། ༈ ། ཐ་མར་དགེ་བ་མཁའ་འགྲོ་མ་རྡོ་རྗེ་མགུར་ལས་གསལ་བར་གསུངས་པའི་རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྡོ་རྗེ་རོལ་པ་ལྟར་མཎྜལ་ཚོམ་བུ་ནག་པོ་ལ་བརྟེན་ནས་འཇུག་པ་དང་། དངོས་གཞིར་སྐུ་གསུང་ཐུགས་ཀྱི་རྗེས་གནང་། གཏོར་མ་དང་བུམ་པའི་(130བ)དབང་བཅས། དཔལ་ཆེན་རྒྭ་ལོ་ཙཱ་ནས་བརྒྱུད་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཐེལ་ལུགས་ཚལ་ལུགས་གཙོ་བོར་གྱུར་པའི་བརྒྱུད་ཚུལ་མང་ཡང་འདིར་ཀརྨ་བཀའ་བརྒྱུད་ཀྱི་བཀའ་སྲོལ་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ཡིག་ཆ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་དབང་ཁྲིད་ལྟར། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་བུམ་གསང་ཤེར་ཚིག་གི་བདག་ཉིད་ཅན་གྱི་དབང་ཆེན། བསྡུས་པ་གཏོར་དབང་བཅས། རྡོ་རྗེ་གདན་བཞིའི་རྒྱུད་སོགས་ལས་གསུངས་པ་གྲུབ་ཆེན་ནཱ་རོ་པ་ཡབ་སྲས་ཀྱི་བསྟན་སྲུང་བརྒྱ་རྩ་བརྒྱད་ཀྱི་གཙོ་མོ་འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་མའི་རྗེས་གནང་ཐུན་མོང་བཀར་ལུགས་ཆོས་སྐྱོང་གློག་ཕྲེང་ལས་འབྱུང་བ་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་གཅིག་ཤེས་ཀུན་གྲོལ་གྱི་ཆིངས་ཀྱིས་བཅིངས་ཏེ་འཇུག་པས། སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། མཐའ་རྟེན་ཕྱག་མཚན་གྱི་རྗེས་གནང་གཏོར་དབང་སྦྲེལ་བ་བཅས། ཡང་ཕྱི་སྒྲུབ་ཐུན་མོང་པའི་རྗེས་གནང་ཡིག་རྙིང་གི་དགོངས་པ་དཔལ་ལྡན་ཆོས་སྐྱོང་དུད་སོལ་(131ན)ལྷ་མོའི་རྗེས་གནང་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་རྔོག་གཞུང་པ་བསོད་ནམས་དོན་གྲུབ་ཀྱི་ཡིག་ཆ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུའཇུག་པ་དང་། དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་གནང་། ལས་ཀྱི་གཉེར་གཏད་པ་བཅས་དང་། རྔོག་བསོད་ནམས་བསྟན་འཛིན་གྱི་ཡིག་ཆའི་སྟེང་ནས་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆག་མར་གྲགས་པ་བཀའ་རྒྱ་ཅན་ཞིབ་རྒྱས་བཅས། སྒྲུབ་བརྒྱུད་སྤྱིའི་བསྟན་སྲུང་ཆེན་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་ཞྭ་དམར་དྲུག་པ་དང་ཆགས་མེད་ཀྱི་ཡིག་ཆ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལོ་རྒྱུས་སྔོན་འགྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྗེས་གནང་ཐུན་མིན་བཀའ་རྒྱ་ཅན་ཞིབ་རྒྱས་སུ་ནོས། ༈ ། ཐ་མར་དགེ་བ་རྟེན་འབྲེལ་གྱི་ཆེད་དུ་བཞག་པ། ཚེ་དཔག་མེད་ཀྱིས་དངོས་སུ་རྗེས་སུ་བཟུང་བ་མ་ཅིག་གྲུབ་པའི་རྒྱལ་མོས་རས་ཆུང་རྡོ་རྗེ་གྲགས་པ་ལ་གནང་བའི་ཚེ་དཔག་མེད་ཀྱི་གདམས་སྐོར་མང་དུ་བཞུགས་ཀྱང་སྙིང་པོ་ལྟ་བུར་གྱུར་པ་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་དབང་བསྐུར་གྱི་ཆོ་ག་(131བ)འཆི་མེད་བདུད་རྩིའི་གྲོལ་ཐིག་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གཞི་ཚེའི་གཏའ་ལ་བརྟེན་ནས་ཚེ་བསྲིང་བ། དབང་བཞིའི་བྱིན་རླབས། ཚེ་ཕུར་གདབ་ཅིང་དབང་ལྷ་བསྟིམ་པ། ཀཾ་ཚང་ལུགས་བཟླས་ལུང་འབོགས་པ་བཅས་ཀྱིས་རྒྱུད་ཡོངས་སུ་སྨིན་པར་མཛད་དོ། ། ༈ ། གཉིས་པ་གྲོལ་བྱེད་གདམས་ཁྲིད་ཀྱི་རིམ་པ་ཇི་ལྟར་ཐོབ་ཚུལ་ནི། སོ་སོའི་བརྒྱུད་པའི་གསོལ་འདེབས་དང་། མར་ལུགས་ཀྱི་རྒྱུན་བཤགས་ལན་གསུམ། ཐབས་ཤེས་ཀྱི་རྒྱུད་སོ་སོ་དང་འབྲེལ་བའི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྗེས་མཎྜལ་ཕུལ་བ་སྔོན་དུ་འགྲོ་བས། འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་འཆད་ཉན་རྣམ་བཞག་མཆོག་དམན་ཀུན་དགའ་ལས་བྱུང་བའི་སྔགས་ལུགས་མཚམས་སྦྱོར་གྱིས་སྐབས་ཕྱེས་པའི་སྒོ་ནས། ཁྲིད་ཡིག་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག་ལྟར་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་མཉམ་མེད་དྭགས་པོ་ནས་བརྒྱུད་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཡབ་སྲས་ཀྱི་ཐུགས་དམ་རྗེ་བཙུན་སྒྲོལ་བའི་མགོན་པོ་དང་རིག་(132ན)འཛིན་བརྒྱུད་པའི་མན་ངག་གིས་བརྒྱན་པའི་དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་སྔོན་འགྲོ་དངོས་གཞི་རྗེས་ཚང་ཟབ་པའི་ཚེ་ཁྲིད། དགྱེས་རྡོར་མར་ལུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་ལྟར་སྔོན་འགྲོ་དང་དངོས་གཞི་བསྲེ་འཕོའི་ཟབ་ཁྲིད། སངས་རྒྱས་ཐོད་པའི་རྫོགས་རིམ་ཞི་སྦས་ལུགས་ཞེས་བརྒྱུད་ཡིག་དཀར་ཆག་ཏུ་རྫོགས་རིམ་ཞི་སྦས་ལུགས་ཡིན་ཀྱང་བསྐྱེད་རྫོགས་ཡ་མི་བྲལ་བའི་ཕྱིར་སྡེབས་སུ་བཀོད་ཅེས་གསུངས་པ་ལྟར་ཏཱ་ར་ནཱ་ཐས་མཛད་པའི་རྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་རྫོགས་རིམ་ལྟར་ཟབ་ཁྲིད། ཏཱ་ར་ནཱ་ཐས་མཛད་པའི་དཔལ་སྒྱུ་འཕྲུལ་ཆེན་མོའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ལྟར་སྔོན་འགྲོ་དངོས་གཞིའི་ཟབ་ཁྲིད། ཏཱ་ར་ནཱ་ཐས་མཛད་པའི་རྡོ་རྗེ་གདན་བཞིའི་ཁྲིད་ཡིག་ཡེ་ཤེས་སྒོ་འབྱེད་ལྟར་སྔོན་འགྲོ་དང་དངོས་གཞི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད། གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་ཡིད་བཞིན་ནོར་བུའི་ཟ་མ་ཏོག་གི་ཁ་འབྱེད་པའི་ལྡེ་མིག་ལྟར་གསང་འདུས་རྫོགས་རིམ་རིམ་ལྔའི་(132བ)དམར་ཁྲིད་དང་། ཏཱ་ར་ནཱ་ཐས་མཛད་པའི་ཁྲིད་ཡིག་འཁྲུལ་པའི་དྲི་བྲལ་ལྟར་གསང་འདུས་འཕགས་ལུགས་རིམ་ལྔ་དམར་ཁྲིད་ཁྱབ་བདག་མར་པའི་དགོངས་པ་བཞིན་དང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་ཁྲིད་ཡིག་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ལྟར་རྫོགས་རིམ་རིམ་ལྔའི་མན་ངག་གི་དམར་ཁྲིད། འཇམ་མགོན་རྡོ་རྗེ་འཆང་གིས་མཛད་པའི་ཁྲིད་ཡིག་ཡེ་ཤེས་རབ་གསལ་ལྟར་མཚན་ཡང་དག་པར་བརྗོད་པ་འཇམ་དཔལ་གསང་ལྡན་གྱི་རྣལ་འབྱོར་བསྒོམ་རིམ་གྱི་ཟབ་ཁྲིད། ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཁྲིད་ཡིག་འཆི་མེད་བདུད་རྩིའི་ཆུ་གཏེར་ལྟར་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་བཅས་ལེགས་པར་ནོས་སོ། ། ༈ ། གསུམ་པ་རྒྱབ་བརྟེན་ལུང་གི་རིམ་པ་ཇི་ལྟར་ཐོབ་ཚུལ་ནི། དཔལ་ལྡན་མར་རྔོག་ བཀའ་བརྒྱུད་ཀྱི་གསེར་ཆོས་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་གླེང་གཞི་དང་བརྒྱུད་པའི་ཡི་གེ་སོམ་ཉིའི་མུན་སེལ་རིན་ཆེན་ཟླ་ཟེར་ཞེས་བྱ་བ་འཇམ་མགོན་གསུང་། (འདི་མན་ཆད་ཀྱི་མཛད་བྱང་དམིགས་སུ་མ་སྨོས་པ་རྣམས་འཇམ་མགོན་རྡོ་རྗེ་འཆང་གི་གསུང་རབས་ཡིན་པའང་ཤེས་པར་བྱའོ། །མཆན། )(133ན)དེས་བསྟན་པ་ལྟར་ཐོག་མར་དགེ་བ་ལ། འཕགས་མ་ཡིད་བཞིན་འཁོར་ལོའི་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་སྟེར། རྗེ་བཙུན་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་དང་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་ཟླ་བ་འདོད་འཇོ། ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་སྒྲུབ་མཆོད་ཀྱི་སྐབས་སུ་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོ་བ། རྫེ་བཙུན་མ་ལ་བསྟོད་པ་སྦྲང་རྩིའི་རླབས་ཕྲེང་། སྒྲོལ་དཀར་སྨོན་ལམ་བསམ་གྲུབ་ལྷའི་ལྗོན་ཤིང་། སྒྲོལ་མའི་སྤྲུལ་པ་ལྕེ་སྤྱང་སྔོན་མོའི་སྲུང་བ་མཛད་བྱང་མེད་པ། དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག །ཐ་མར་དགེ་བའི་ཆེད་དུ་བཞག་པ་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་དབང་བསྐུར་གྱི་ཆོ་ག་འཆི་མེད་བདུད་རྩིའི་གྲོལ་ཐིགས། ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་བསྐྱེད་རྫོགས། ཟབ་ཁྲིད་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་ཆུ་གཏེར། (ལེའུ་ཚན་འདི་གཉིས་ས་བཅད་ཀྱི་དབང་(133བ)དུ་བྱས་ན་མཇུག་ཏུ་གནང་བ་ཡིན་ཀྱང་འདིར་ཡིག་ཆའི་གོ་རིམ་ལྟར་བཀོད་པའོ། །མཆན། )བར་འདིར་གཙུག་ཏོར་རྣམ་རྒྱལ། སྒྲོལ་མ་སྔོན་མོ། རྡོ་རྗེ་སེམས་དཔའ་གསུམ་ལ་རྗེས་གནང་ཡིག་ཆ་ཡོད་པར་དཀར་ཆག་ཏུ་གསུངས་ཀྱང་འདིར་དཔེ་རྒྱུན་མ་བཞུགས་པས་གཞན་ལས་འཚོལ་དགོས་པ་ལགས་སོ། །འབྲུག་ལུགས་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ཞེས་བྱ་བ་གླིང་རས་པས་མཛད་པ། ལམ་ཟབ་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་གི་ལྷན་ཐབས་དབང་ཆོག་དང་བཅས་པ་ཡོན་ཏན་རབ་རྒྱས། ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་རཱ་ག་ཨ་སྱའི་གསུངས། ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་བསྐྱེད་དཀོན་མཆོག་འབངས་ཀྱིས་མཛད་པ་དང་མདུན་བསྐྱེད་དོན་ལྡན་ཞབས་ཀྱིས་མཛད་པ་བསྒྲིགས་པའི་བུ་ཡིག་ཟིན་བྲིས་མ་རུང་ཚར་གཅོད་རཱ་ག་ཨ་སྱས་གདམས་པ། བར་དུ་དགེ་བ་ལ། མར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། བཅོམ་ལྡན་འདས་(134བ)དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རྒྱ་མཚོ། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་རྒྱུན་གྱི་རྣལ་འབྱོར་དྲན་པ་གཅིག་པ། འཇིགས་བྱེད་ཧེ་རུ་ཀ་དགྱེས་པ་རྡོ་རྗེའི་སྒོ་ནས་བྱད་མ་ཟློག་པའི་མན་ངག་གདུག་པ་ཚར་གཅོད། དགྱེས་རྡོར་མར་ལུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་ཏཱ་ར་ནཱ་ཐས་མཛད་པ། བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་བསྙེན་པའི་གསལ་བྱེད་མདོར་བསྡུས་པ་ཡང་ཏིག་(བསྙན་ཡིག་འདི་སྤར་ན་མེད། ) སྙིང་པོ། དགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར། དཔལ་དགྱེས་པ་རྡོ་རྗེའི་བསྲེག་བླུགས་ཀྱི་ཆོ་ག་བསྡུས་པ་བློ་དམན་ངལ་གསོ། བཅོམ་ལྡན་འདས་མ་བདག་མེད་མའི་སྒྲུབ་ཐབས་མཁའ་སྤྱོད་ཐེམ་སྐས། བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་མཁའ་སྤྱོད་ཤིང་རྟ། བཅོམ་ལྡན་འདས་བདག་མེད་མའི་རྒྱུན་གྱི་(134བ)རྣལ་འབྱོར་དྲན་པ་གཅིག་པ། དཔལ་དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་སྒྲུབ་ཐབས་དྲི་མེད་ནོར་བུའི་སྒྲོན་མེ། དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་ནོར་བུའི་ཆུན་པོ། རྡོ་རྗེ་གུར་གྱི་རྒྱུད་ཆེན་པོའི་རྗེས་སུ་འབྲངས་པའི་ལས་དང་པོ་བའི་བྱ་བའི་རིམ་པ་མདོར་བསྡུས་པ། དཔལ་སམྦུ་ཊི་ལས་གསུངས་པའི་དཀྱིལ་འཁོར་གྱི་གཙོ་བོ་བདེ་མཆོག་ཞི་བ་རྡོ་རྗེ་སེམས་དཔའ་རིགས་བསྡུས་པའི་སྒྲུབ་ཐབས་ཟུང་འཇུག་སྙེ་མ། དཔལ་སམྦུ་ཊི་ལས་གསུངས་པའི་དཀྱིལ་འཁོར་གྱི་གཙོ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུས་སོགས་ལས་བཏུས་པའི་ཐོགས་སྲུང་གི་མན་ངག་བུ་སྟོན་གྱིས་མཛད་པ། ༈ ། རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་རྟོགས་དཀྱིལ་ཆོག་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ། རྗེ་བརྒྱད་པས་མཛད་པའི་བདེ་མཆོག་ལྷ་ལྔའི་ཆོ་ག་(135ན)ཚིགས་སུ་བཅད་པའི་ཟིན་བྲིས་ཚིགས་སུ་བཅད་པ། དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཤིན་ཏུ་བསྡུས་པ་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཚོག་ལས་ལྡན་འདོད་འཇོའི་བུམ་པ་བཟང་པོ་ལེགས་པར་སྨྲ་བའི་ཟིན་བྲིས་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ། དཔལ་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཀྱིལ་ཆོག་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ་རྗེ་དོན་ལྡན་ཞབས་ཀྱིས་མཛད་པ། རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་ལྷ་ཁྲིད་ཀྱི་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ་དཔལ་གཙུག་ལག་ཕྲེང་བས་མཛད་པ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཁྲིད་ཀྱི་ཉམས་ལེན་འདོན་བསྒོམ་དང་སྦྱར་དུ་རུང་བ་ཉུང་འདུས་སུ་བཀོད་པ་ཤྲཱི་བ་ཧ་ར་མུ་དྲས་མཛད་པ། (བདེ་མཆོག་དང་ཕག་མོ་གཉིས་ཀྱི་ཡིག་ཆ་ལེའུ་དྲུག་པོ་འདི་སྔགས་མཛོད་སྤར་ན་མེད། )དཔལ་བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་སྒྲུབ་ཐབས་ཡེ་ཤེས་སྣང་བྱེད། དཔལ་བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྣམ་རོལ། བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་(135བ)གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་ཞེས་བྱ་བ་ཚེ་དབང་ནོར་བུས་མཛད་པ། བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་སྒྲུབ་ཐབས་རྡོ་རྗེ་རིན་པོ་ཆེའི་མྱུ་གུ། བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རིན་པོ་ཆེའི་ཆར་སྤྲིན། རྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་རྫོགས་རིམ་ཞི་སྦས་ལུགས་ཏཱ་ར་ནཱ་ཐས་མཛད་པ། དཔལ་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ། དཔལ་སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་ཤིང་རྟ། སྒྱུ་འཕྲུལ་ཆེན་མོའི་མིང་གི་རབ་བྱེད་ཡིག་རྙིང་ལས་བཏུས་པ། དཔལ་སྒྱུ་འཕྲུལ་ཆེན་མོའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཞེས་བྱ་བ་ཤིན་ཏུ་རྣམ་པར་དག་ཅིང་གསལ་བ་ཏཱ་ར་ནཱ་ཐས་མཛད་པ། བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་མོའི་དྲན་པ་གཅིག་པའི་རྣལ་འབྱོར་ཞར་བྱུང་དང་བཅས་པ། བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་མོའི་ལས་བཞིའི་སྦྱིན་སྲེག་ཡེ་ཤེས་འོད་ཀྱི་ཕྲེང་བ། བཅོམ་ལྡན་འདས་གདན་བཞི་ཡབ་བཀའི་སྒྲུབ་ཐབས་རྣལ་འབྱོར་སྙིང་གི་ཐིག་ལེ། བཅོམ་ལྡན་འདས་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་ཆོ་(136ན)ག་རྣལ་འབྱོར་རོལ་པའི་དགའ་སྟོན། དཔལ་རྡོ་རྗེ་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་སྙེ་མ། དཔལ་རྡོ་རྗེ་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ལྗོན་ཤིང་། བཅོམ་ལྡན་འདས་རྡོ་རྗེ་གདན་བཞིའི་རྒྱུན་གྱི་རྣལ་འབྱོར་དྲན་པ་གཅིག་པ། བཅོམ་ལྡན་འདས་རྡོ་རྗེ་གདན་བཞིའི་ཆུའི་མཆོད་སྦྱིན་གྱི་ལག་ལེན་དངོས་གྲུབ་རྒྱུན་འབེབས། དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསལ་བར་གསུངས་པ་མེའི་སྦྱིན་སྲེག་གི་ལག་ལེན་འོད་ཀྱི་ཤིང་རྟ། རྡོ་རྗེ་གདན་བཞིའི་ཁྲིད་ཡིག་ཡེ་ཤེས་སྒོ་འབྱེད་ཏཱ་ར་ནཱ་ཐས་མཛད་པ། གསང་འདུས་རིམ་ལྔའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ཅི་བསམ་ཀུན་འགྲུབ་དགེ་སློང་རིན་ཆེན་གྲུབ་ཀྱིས་མཛད་པ། དཔལ་གསང་བ་འདུས་པ་མར་ལུགས་ཀྱི་སྒྲུབ་ཐབས་ཟུང་འཇུག་ལམ་གྱི་སྒྲོན་མ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཟུང་འཇུག་ལམ་གྱི་ཤིང་རྟ། དཔལ་གསང་བའི་འདུས་པའི་རྒྱུན་གྱི་རྣལ་འབྱོར་དྲན་པ་གཅིག་པ། (136བ)དཔལ་གསང་བ་འདུས་པའི་ལས་བཞིའི་སྦྱིན་སྲེག་དགེ་ལེགས་རབ་གསལ། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་དམར་ཁྲིད་ཀྱི་ཟིན་བྲིས་ཡིད་བཞིན་ནོར་བུའི་ཟ་མ་ཏོག་གི་ཁ་འབྱེད་པའི་ལྡེའུ་མིག་འཇམ་དབྱངས་མཁྱེན་བརྩེས་མཛད་པ། གསང་འདུས་འཕགས་ལུགས་རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་འཁྲུལ་པའི་དྲི་བྲལ་ཏཱ་ར་ནཱ་ཐས་མཛད་པ། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་དམར་ཁྲིད་ཀྱི་མན་ངག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་རིན་ཆེན་གྲུབ་ཀྱིས་མཛད་པ། འཕགས་ལུགས་རིམ་པ་ལྔ་པའི་སྔོན་འགྲོའི་ངག་འདོན་གསུང་རྒྱུན་ཇི་ལྟར་བཀོད་པ་ཡེ་ཤེས་ཐེམ་སྐས། འཕགས་ལུགས་རིམ་པ་ལྔ་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་གྱི་ཡི་གེ་བདུད་རྩིའི་ཐིགས་པ། རྒྱུད་ཐམས་ཅད་ཀྱི་བདག་པོ་འཇམ་དཔལ་མཚན་བརྗོད་རིགས་བསྡུས་པའི་སྒྲུབ་ཐབས་ཡེ་ཤེས་འབར་བའི་རལ་གྲི། འཇམ་དཔལ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་ཆོ་ག་གསང་བ་ཀུན་འབྱུང་གི་གླེགས་བམ། མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་བསྒོམ་པའི་རིམ་པ་ཡེ་ཤེས་རབ་གསལ། བཅོམ་ལྡན་འདས་(137ན)འཇམ་དཔལ་རིགས་བསྡུས་པའི་ལས་གཉིས་རྣམ་པར་དབྱེ་བའི་ཆོ་ག་དྲི་མ་མེད་པའི་གཟི་བརྗིད། རྒྱུད་ཀྱི་རྒྱལ་པོ་བསྟོད་པ་གླུར་བླངས་བཀླག་པའི་རྒྱུན་གྱི་རྣལ་འབྱོར་ཡན་ལག་བརྒྱད་དང་བཅས་པ་ཡིད་ཀྱི་གདུང་སེལ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་བགེགས་འཇོམས་ཡེ་ཤེས་བེ་ཅོན། བཅོམ་ལྡན་འདས་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་བདེ་སྐྱོང་བཅུད་ཀྱི་འཕྲུལ་ཞགས། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་འཇོམས་གྲུབ་པའི་རལ་གྲི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་བདུད་འདུལ་འཕྲུལ་གྱི་རྣོ་མཚོན། གསང་བའི་བདག་པོའི་སྒྲུབ་ཐབས་བདུད་དཔུང་ཟིལ་གནོན་དམ་ཉམས་སྲོག་གི་སྤུ་གྲི་ཉིན་བྱེད་འོད་འབར་རྗེ་དགུ་པས་མཛད་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྡོ་རྗེ་རོལ་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་དབང་ཁྲིད་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལུགས་སངས་རྒྱས་མཉན་(137བ)པ་ཆེན་པོའི་ཞལ་ནས་བརྒྱུད་པ་རྗེ་བརྒྱད་པའི་གསུང་དང་ནག་པོ་ཆེན་པོའི་བསྟོད་པ་དང་རྐང་པ་བརྒྱད་པ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་འཇིགས་བྱེད་དུད་པའི་སོལ་བ་ཅན་གྱི་ཆོས་སྐོར་གྱི་དཀར་ཆག་སྙན་བརྒྱུད་གསལ་བའི་མེ་ལོང་བློ་གསལ་རྒྱ་མཚོས་མཛད་པ། འདོད་ཁམས་དབང་ཕྱུག་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་སློབ་དཔོན་ཞེ་སྡང་རྡོ་རྗེས་མཛད་པ། དཔལ་ལྡན་ཆོས་སྐྱོང་དུད་སོལ་ལྷ་མོར་རྗེས་གནང་ཕྲིན་ལས་མྱུར་འགྲུབ་རྔོག་གཞུང་པ་བསོད་ནམས་དོན་གྲུབ་ཀྱིས་མཛད་པ། འདོད་ཁམས་དབང་ཕྱུག་མའི་གསང་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་དཔལ་ལྡན་ཞེ་སྡང་རྡོ་རྗེས་མཛད་པ། དཔལ་ལྡན་ལྷ་མོ་དུད་སོལ་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་རྒྱས་པ་རྔོག་བསོད་ནམས་བསྟན་འཛིན་གྱིས་མཛད་པ། དཔལ་ལྡན་ལྷ་མོ་ནག་མོའི་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུད་རྒྱ་གཞུང་། འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་ཕྲིན་ལས་ཀྱི་ཆོ་ག་རྒྱས་པ་མ་མོ་དགྱེས་པའི་རོལ་མཚོ། (འདིར་ཕྲིན་ལས་རྒྱས་པ་ཞིག་ཀྱང་ཡོད། །མཆན། )བསྟན་སྲུང་གཙོ་མོ་(138ན)དུད་སོལ་མའི་གཏོར་ཆོག་འབྲིང་པོ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ། བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་བསྡུས་པ་དབྱར་རྔའི་སྒྲ་དབྱངས། བསྟན་སྲུང་གཙོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྩ་བའི་གཞུང་། ཚེ་རིང་མཆེད་ལྔའི་མཆོད་གཏོར་གྱི་རིམ་པ་ཞྭ་དམར་དྲུག་པས་མཛད་པ། མཆེད་ལྔའི་མཆོད་གཏོར་དང་འབྲེལ་བའི་བསྐང་བ་ཉུང་ངུར་བསྡུས་པ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པ། ལྷ་སྨན་བཀྲ་ཤིས་ཚེ་རིང་མའི་ཕྲིན་ལས་ལ་བརྟེན་ནས་ཚེ་གཡང་སྒྲུབ་པའི་ཆོ་ག་བཀྲ་ཤིས་གཏེར་མཛོད། ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ལོ་རྒྱུས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྗེས་གནང་བཅས་ཆག་མེད་གསུང་། (འདི་གཉིས་སྤར་མེད། )རྗེ་བཙུན་ལྷོ་བྲག་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས་གཞུང་ལྷན་ཐབས་དང་བཅས་པ། མར་ལུགས་རྒྱུད་སྡེ་རྣམས་ཀྱི་དབང་བཤད་སྙེམས་པའི་མེ་ཏོག མར་ལུགས་རྒྱུད་སྡེ་རྣམས་ཀྱི་དབང་བསྐུར་བའི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་རྡོ་རྗེའི་ཆུན་འཕྱང་། བླ་མེད་རྒྱུད་སྡེ་རྣམས་སུ་དབང་བསྐུར་བའི་གསང་མཚན་སྤྱིའི་རབ་ཏུ་(138བ)ཕྱེད་པ་རྡོ་རྗེ་གུར་གྱི་ལེའུ་གསུམ་པ་དང་དཀྱིལ་ཆོག་རྡོར་ཕྲེང་སོགས་ལས་འབྱུང་བ། མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ། རྔོག་དཀྱིལ་ཚོགས་མཆོད་འདོན་འགྲིགས་དམིགས་བསལ་ཅན། (བརྒྱུད་འདེབས་འདི་འདི་མཚམས་སུ་ཡོད། ) རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་ཀུན་མཁྱེན་རང་བྱུང་ཡབ་སྲས་ཀྱི་བཞེད་པའི་སྙིང་པོ་བསྡུས་པ་རྣམ་དག་དགོངས་གསལ། མར་ལུགས་རྒྱུད་སྡེ་རྣམས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་ཡི་གེ་རིན་ཆེན་གྲུ་གཟིངས་བཅས་ཚང་ལ་མ་འཁྲུལ་བར་ལེགས་པར་ཐོབ་བོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། བཀའི་བསྡུ་བ་པོ་ཡན་བརྒྱུད་ཡིག་ལྟར་ལ། དེ་ནས་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། དགེ་སློང་རྡོ་རྗེ་འཛིན་པ་འཇམ་དཔལ་ཚུལ་ཁྲིམས་གྲགས་པ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་བཞིན་དུ་བསྩལ་བའོ། ། ། །