ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྙིང་གཏམ་བདུད་རྩིའི་ཐིག་པ༔ ཕ་གཅིག་མཚོ་སྐྱེས་རྡོ་རྗེའི་གདམས་པ༔ བུ་གཅིག་བདུད་འཇོམས་རྡོ་རྗེའི་སྙིང་ཐིག་གོ༔ གཏེར་རྒྱ༔

From Dudjom Wiki
Revision as of 08:48, 2 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-002
Wylie title zab gsang mkha' 'gro'i snying thig las: snying gtam bdud rtsi'i thig pa: pha gcig mtsho skyes rdo rje'i gdams pa: bu gcig bdud 'joms rdo rje'i snying thig go: gter rgya: TTDL-ZABTER-01-KA-002.pdf
Location bdud 'joms gling pa zab gter
Volume 1, Text 2, Pages 23-34 (Folios 1a1 to 6b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las snying gtam bdud rtsi'i thig pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 23-34. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: yang byang   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Root Treasure - gter gzhung  ·  Treasure Inventory - kha byang
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདིའང་མཁོས་ཆུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མཐར་འབྲོས་ཕུག་མཁའ་འགྲོའི་འདུ་གླིང་དུ་ཞལ་བཤུས་ཏེ་དག་པར་ཕབ་འི་ཡིག་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di'ang mkhos chung bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje'i brag nas bton te mthar 'bros phug mkha' 'gro'i 'du gling du zhal bshus te dag par phab 'i yig ge pa ni phun tshogs bkra shis so/__/dge'o/__/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྙིང་གཏམ་བདུད་རྩིའི་ཐིག་པ༔ ཕ་གཅིག་མཚོ་སྐྱེས་རྡོ་རྗེའི་གདམས་པ༔ བུ་གཅིག་བདུད་འཇོམས་རྡོ་རྗེའི་སྙིང་ཐིག་གོ༔ གཏེར་རྒྱ༔


ཐྂ༎༔ (བརྡ་ཡིག་) བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ ཡང་གསང་ཐུགས་ཀྱི་སྒྲུབ་པ་སྐོར་གསུམ་འདི༔ བཤུ་སྤེལ་སྣོད་ལྡན་རྟེན་འབྲེལ་གནས་དུས་བསྟན༔ སྙིང་གི་བུ་ལ་སྤྲོད་ཅིག་སྔགས་སྲུང་མ༔ ཨ་ཐཾ་རྒྱ༔ ས་མ་ཡ༔ ཨེ་མ་སྐལ་ལྡན་ལས་ཅན་སྙིང་གི་བུ༔ ཨོ་རྒྱན་ང་ཡི་སྙིང་གཏམ་འདི་བཞིན་དུ༔ ལག་ལེན་འདེབས་པ་རྟེན་འབྲེལ་གནད་ཡིན་པས༔ ཚུལ་བཞིན་ལྡན་མཛོད་འགྲོ་བའི་སྡུག་བསྔལ་སྐྱོབས༔ ༠༠༠༠༠༠བརྡ་ཡིག་༢༤༔ ལུག་ལོ་སྟག་གི་ཟླ་བར་གཏེར་འབྱིན་ན༔ རྟེན་འབྲེལ་བཟང་ཞིང་བདུད་དཔུང་འཇོམས་འགྱུར་ཏེ༔ ལོ་ཟླ་ནང་འཕྲད་དུས་ནི་འཕྱུག་མི་བྱ༔ དེ་ལས་འདས་ན་དུས་ཡོལ་འབྱིན་མི་རུང་༔ ཡབ་ཡུམ་ཡ་མ་བྲལ་ཞིང་བཀའ་བབས་འཚོགས༔ མཁའ་འགྲོ་མཉེས་བྱེད་ཚོགས་ཀྱི་འཁོར་ལོ་དང་༔ དམ་ཅན་མཉེས་བྱེད་དམར་གྱི་གཏོར་མ་ཕུལ༔ གཏེར་བདག་མཉེས་བྱེད་རིན་ཆེན་བུམ་པའི་གཏེར༔ དམ་ཉམས་གྲོགས་སུ་མི་འཁྲིད་གཏན་ཚིག་ཡིན༔ ས་མ་ཡ༔ རྡོ་ལ་ཟངས་ཀྱི་ཞུན་ཁུས་གོས་བསྐོན་སྒྲོམ༔ སེམས་ཅན་དབང་ཐང་གསོ་བའི་རྟེན་འབྲེལ་ཡོད༔ གསེར་གྱི་གོས་གྱོན་བསོད་ནམས་གསོ་བའི་སྟེང་༔ རྐྱང་པར་འདུག་ལ་ལྕགས་ཀྱི་ཟམ་ཅན་ནི༔ མ་རུངས་བདུད་སྡེ་འཇོམས་པའི་རྟེན་འབྲེལ་ཡོད༔ ཕྱི་ཡི་གཏེར་སྲུང་ཆོས་རྒྱལ་སྐུ་ལྔ་ཡིན༔ ནང་གི་སྲུང་མ་གནོད་སྦྱིན་དམར་ནག་ཡིན༔ གསང་བའི་སྲུང་མ་ཀུན་དགའ་གཞོན་ནུ་ཡིན༔ ཡང་གསང་སྲུང་མ་སྔགས་སྲུང་མ་མོ་གསུམ༔ འཛིན་དེར་སྲུང་མ་ཟོ་དོར་མ་ཧེའི་བུ༔ ཡོངས་འཛིན་གཟའ་བདུད་དུག་གི་སྤུ་གྲི་ཡིན༔ བསྟན་དགྲ་འདུལ་བ་རྡོ་རྗེ་ལེགས་པ་ཡིན༔ སྒོས་སྲུང་བཙན་དམར་ཤན་པ་ཀུས་འདེབས་ཡིན༔ ས་ས་སོ་སོར་མཉེས་པའི་མཐུན་རྫས་ཕུལ༔ འཇའ་ཚོན་འབར་བ་བརྒྱུད་འཛིན་གྲོལ་བའི་མཚན༔ མེ་ཏོག་འབབ་པ་བསོད་ནམས་རྒྱས་པའི་མཚན༔ དྲི་བཟང་འཐུལ་བ་བྱིན་རླབས་མ་ཡལ་ལྟས༔ ཉི་འོད་འབར་ན་འཛམ་གླིང་ཁྱབ་པའི་རྟགས༔ སྲོག་སྐྱོབ་ཐུབ་ན་འགྲོ་བའི་སྡུག་བསྔལ་སེལ༔ དགོས་ལྔ་འཛོམ་ན་ལེགས་པའི་ཡོན་ཏན་ལྡན༔ རྟེན་འབྲེལ་ཀུན་འཇོམ་ཕྱོགས་ལས་རྣམ་པར་རྒྱལ༔ པད་འབྱུང་ང་ལ་འགྲོ་བའི་དོན་ལས་མེད༔ ཟས་ནོར་ཟང་ཟིང་རིན་ཆོས་ངས་མི་བཀོད༔ ཟོག་པོའི་ཟོང་ཆོས་ཆེ་གྲགས་མཐོ་རློམ་ཆེད་སྤེལ་མང་༔ ཁྱོད་ལ་རྒོལ་བའི་བདུད་པོ་བདུན་ཡང་འབྱུང་༔ གསེར་ལུང་གྲོལ་གྱི་མིང་འཛིན་མཆོག་མིང་འཛིན༔ སྲིན་ཡུལ་རུ་པ་བཱིདྱ་ཤམ་རིའི་མིང་༔ འདབ་ཆགས་ཁམས་སུ་སེང་མིང་རྡོ་རྗེའི་མིང་༔ འདི་བདུན་ལས་ཀྱི་དབང་གིས་གཤེད་ལང་ཡིན༔ སྲི་ཟློག་རྡོ་རྗེའི་སྤུ་གྲི་གཉེན་དུ་ཡོད༔ སློབ་ངན་མགོ་ལོག་བདུད་པོ་མཁྱེན་པའི་མིང་༔ ལྕེ་དགུ་ངོ་གཉིས་དྲི་ཤའི་མིང་འཛིན་པ༔ དེ་ནི་སྨོན་ལམ་དབང་གིས་གཤེད་གྱུར་ཡིན༔ བཙན་དམར་སྲོག་གི་སྤུ་གྲི་གཉེན་དུ་ཐོངས༔ ཆོས་ལ་སེལ་འཇུག་བསྟན་བཤིག་གཏེར་བརྫུ་ལྔ༔ ཁྲ་མགོའི་སྤྲུལ་པས་རྗེ་གསུམ་སྤང་༔ སྤྲེལ་གདོང་སྤྲུལ་པས་གོས་དཀར་འཆང་༔ སྟག་གདོང་སྤྲུལ་པས་མ་སྨིན་སྤྱོད༔ གཟིག་གདོང་སྤྲུལ་པས་ཆོ་ལེ་འདེབས༔ བྱ་གདོང་ནག་པོ་གདོང་སྨེ་ཅན༔ འདི་དག་བདུད་ཀྱི་སྦས་གཏེར་འབྱིན༔ རྡོ་རྗེའི་མིང་དང་སེངྷའི་མིང་༔ ཀརྨའི་མིང་དང་འགྲོ་མིང་ཅན༔ རྒྱལ་གྱི་མིང་དང་དགེ་བའི་མིང་༔ འདི་དག་རྫུན་མ་གཟན་འཚོལ་ཡིན༔ ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ལྷུན་གྲུབ་མིང་དང་པདྨའི་མིང་༔ བསྟན་འཛིན་མིང་དང་ཀློང་གི་མིང་༔ གསང་སྔགས་མིང་དང་འོད་གསལ་མིང་༔ ཛྙཱ་ན་ལྷ་ཡི་མིང་འཛིན་པ༔ ང་སྤྲུལ་ང་དང་མཉམ་པའི་བུར༔ བཀའ་རྒྱ་བཀྲོལ་བ་ཕྱིར་འབྱུང་གདམས༔ དུས་ངན་སྙིགས་མའི་མར་གཤམ་འདིར༔ བློ་སྙིང་གཏད་ཡུལ་མི་འདུག་པས༔ གདམས་ངག་བསྟན་ན་ང་རེ་ཕངས༔ ཕ་སྲོག་བུ་ཡིས་གཅོད་ན་རང་མཚང་རྒྱུ༔ ནོར་བཟང་དགྲ་ལ་ཤོར་ན་མཚང་རེ་ཆེ༔ རིན་ཐང་རེ་བའི་འཚོང་ཆོས་ངས་མི་སྦ༔ བརྡ་དེ་གོ་བར་གྱིས་ཤིག་གནད་ཅིག་གོ༔ ཆེ་མཐོང་བསླུ་བདུད་ནག་པོར་རློམ་མ་བྱེད༔ སྙན་གྲགས་ཐར་པའི་སྲོག་གཅོད་ལ་རེ་ཕམ༔ རེ་དོགས་གཉིས་ཀ་བདུད་པོ་སྒོ་ཉལ་ཡིན༔ གྲོགས་ངན་བར་ཆད་འཇོམས་པའི་དཔའ་བོ་སྟེ༔ མཁོས་ཆུང་ཆོས་ཀྱི་བསྐུལ་མ་ཆེན་པོ་ཡིན༔ དང་པོ་གཟུང་མས་ཕྱི་ཡང་དགེ་ལེགས་བསྟན༔ བརྡ་དེ་གོ་བར་གྱིས་ཤིག་གནད་ཅིག་གོ༔ ང་ཡི་སྤྲུལ་པ་ང་འདྲའི་སྐལ་ལྡན་ལ༔ རྐྱེན་ངན་གྲོགས་སུ་ཤེས་པའི་གདམས་ངག་དང་༔ ལྟས་ངན་གཡང་དུ་ལེན་པའི་མན་ངག་ཡོད༔ བརྡ་དེ་གོ་བར་གྱིས་ཤིག་སྙིང་གི་བུ༔ ས་མ་ཡ༔ མི་ལོ་དྲུག་ལ་གསང་བའི་རྒྱ་ཡིས་ཐོབས༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་འདི༔ བདུད་པོ་རྣམ་གསུམ་འཇོམས་པའི་རྡོ་རྗེ་ཡིན༔ ཤིང་ཁྱིམ་ས་བྱིའི་ལོ་ལ་ཞལ་ཕྱེས་ཏེ༔ གསེར་གྱི་ལྟོ་འགྲོའི་འཁྱིལ་ཁུག་ཡོངས་རྫོགས་བྱ༔ ག་ག་ཧྲི་དའི་སྤྲུལ་པ་སྤུ་འཛིན་དང་༔ དཔལ་སེང་མ་ཎི་ཀིརྟིའི་སྐྱེ་བརྒྱུད་མཐར༔ རྒྱ་མཚོ་འཛིན་པ་གཉིས་ནི་ཡི་གེ་པ༔ དབེན་པའི་གནས་སུ་བློ་བརྟན་འདུག་པ་གནད༔ དང་པོ་རང་གིས་ཉམས་སུ་ལེན་པ་དང་༔ མཐར་ནི་སྤེལ་དུས་རྟགས་ཀྱིས་འཛིན་པའི་གཞུག༔ ཨ་ལྕགས་བདུད་ཡུལ་བདུད་པོས་ངར་སྐད་འདོན༔ རྫོང་ཆུང་གྲུ་ཆུང་བཅུ་གཉིས་འབངས་སུ་བཀོལ༔ མ་ཟི་གྲི་ཐང་ཁྲག་ཆར་ལན་བདུན་འབེབས༔ གནུབས་ཀྱི་མི་བཅུའི་སྐྱེ་མཐའ་དེ་རུ་འབྱུང་༔ སྐར་མདའ་ཙམ་ཞིག་དབུས་ཀྱི་ཕྱོགས་སུ་འགྲོ༔ ཆུ་འཛིན་རླུང་བསྐྱོད་ཁ་སྐྱ་མདའ་ལ་འབབ༔ ཤྭ་མིག་བཅོ་བརྒྱད་གྲང་ལྷག་རླུང་གིས་བསྡམ༔ ས་སྐྱའི་ཡར་ཕྱོགས་བྲག་སྲིན་དབུས་སུ་ཤོར༔ ངང་ཁྱུས་མཚོན་ཐོགས་འདུལ་བསྟན་མིག་ཕྱུངས་མཐར༔ དགོན་ཁང་མེ་རོ་དུག་གི་ན་བུན་འཐུལ༔ བདུད་ཀྱི་སྤྲུལ་པ་རོ་ལང་ཁྲི་རུ་མཆོད༔ ཇོ་ཤག་དཔང་བཙུག་མནའ་ཡི་འུར་མོ་བྱེད༔ ཤར་གྱི་དུག་མཚོ་སྔོན་མོ་ཡར་ལ་ཕྱུར༔ སྡིག་པའི་སྒོ་ལ་ཁྲག་གི་ཆར་པ་འབབ༔ རྗེ་རོ་ཡར་ལང་སྡིག་པའི་གྲོང་ཁྱེར་འཇིགས༔ རྒྱ་བོད་གཉིས་ལ་མཚོན་གྱི་བསྐལ་པ་ལངས༔ གནམ་ལ་དམག་དཔོན་མཚོན་གྱི་མཇུག་ཅན་འཆར༔ བློན་པོ་མེ་ཡི་གོས་ཅན་སྤུན་གསུམ་དང་༔ ཆུ་འཛིན་ཁྲག་མདོག་ཀྭ་བ་ནམ་མཁར་གཤམ༔ དེ་དུས་ཟབ་ཆོས་སྤེལ་བའི་དུས་རྟགས་ངེས༔ ཟབ་ཆོས་འདི་ཡིས་ས་སྟེང་ཁྱབ་གྱུར་ན༔ བསྐལ་པ་ཡར་འཕེལ་ངན་དགུའི་ཉེས་པ་ནུབ༔ འདི་ཉིད་བཀའ་བབ་རྣམས་ཀྱིས་ཕྱོགས་སུ་སྒྲོགས༔ དེ་མིན་རྒྱལ་ཁམས་རྣམས་ལ་མི་སྤེལ་ན༔ མདོ་སྔགས་ཆོས་ལ་རྒོལ་བའི་བདུད་པོ་ནི༔ འགོང་ནག་སྤུན་དགུས་མཐའ་མི་དབུས་སུ་སྡུད༔ ཏིལ་ནག་བྲེ་གང་གྲངས་ཀྱི་འབྱུང་དམག་འོང་༔ བོད་ཁམས་རོ་གྲམ་ཁྲག་གི་རྒྱ་མཚོ་འཁྱིལ༔ བསྟན་གནས་ཀུན་འཇིགས་དགྲ་ཟིན་གྱེས་པའི་ཚེ༔ བུད་མེད་ནག་མོ་རུ་དོ་ལུང་དུ་འོང་༔ མ་བདུད་ཡར་བྱུང་དབུས་གཙང་ཕྱོགས་སུ་འགྲོ༔ བོད་མི་ནང་འཁྲུགས་བདུད་རྒྱལ་མཐའ་ལ་སྤྱུགས༔ མཐའ་མི་ལུས་ཕྱེད་ཉུངས་ཀར་བྲེ་ལྔའི་གྲངས༔ བོད་དུ་སྤྲུགས་ཤིང་མགོ་འདོན་མངའ་འོག་འགྲོ༔ ཀླ་ཀློའི་ཆོས་ཀྱིས་ཡུལ་ཕྱེད་གང་བ་འབྱུང་༔ པདྨ་ང་ཡི་ཟབ་གཏེར་རིན་ཆེན་མཛོད༔ གཏེར་ཆེན་རྫོགས་པའི་མཇུག་མ་འདི་ཡིན་གྱི༔ ཚེ་ལོ་སུམ་ཅུ་པ་ལ་ཐུག་གི་བར༔ ཆོས་འདིའི་བསྟན་པ་མི་ནུབ་རྒྱལ་མཚན་ཚུགས༔ བར་སྐབས་བར་སྐབས་གཏེར་ཕྲན་རེ་འབྱུང་ཡང་༔ ཡུལ་ཆག་ཆེན་པོ་ཟློག་པར་མི་ནུས་པ༔ སེམས་ཅན་བསོད་ནམས་ཟད་པའི་མཚན་མ་ཡིན༔ གང་ཟག་འགའ་རེ་འདྲེན་པའི་སྟོབས་མངའ་ཡོངས༔ ས་མ་ཡ༔ ཟབ་ཆོས་འདི་ཡི་འདུལ་ཞིང་མཆོག་གྱུར་པ༔ ཤར་ཕྱོགས་ལྷ་མིན་ལྗོངས་ཕྲན་རུང་མིང་དང་༔ ཀོང་པོའི་ཡུལ་དང་མངའ་རིས་པ་རྣམས་ཏེ༔ མི་ནུབ་བསྟན་པ་འཛུག་པའི་འདུལ་ཞིང་ཡིན༔ སྙིང་ཐིག་ཡེ་ཤེས་ཉི་མ་ཞེས་བྱ་བ༔ བཀའ་བབ་བདག་པོ་ངག་གི་མིང་ཅན་དང་༔ ཕུན་ཚོགས་མིང་ནི་རང་སློབ་སྣོད་ལྡན་ནོ༔ འཛིན་སྐྱོང་སྤེལ་གསུམ་ཀུན་གྱི་བདག་པོ་ནི༔ ཤར་གྱི་བཛྲ་མཚན་དང་རཏྣའི་མཚན༔ གུ་རུའི་མཚན་དང་དཔལ་གྱི་མཚན་ཅན་བཞི༔ སྙིང་ཐིག་གསང་རྒྱ་ཅན་ཞེས་བྱ་བ་ཡི༔ ཉམས་ལེན་བཀའ་བབ་ངག་གི་མིང་ཅན་དང་༔ ངོ་མཚར་མིང་ཅན་ཤྲཱིའི་མིང་ཅན་དང་༔ འགྲོ་འདུལ་མིང་ཅན་ཆོས་ཀྱི་མིང་ཅན་ནོ༔ ཉམས་ལེན་འཛིན་སྐྱོང་སྤེལ་གསུམ་བཀའ་བབ་ནི༔ རེས་ཡུལ་ཤྲཱི་བུདྡྷ་གུ་རུ་དང་༔ བཛྲ་མཚན་ཅན་དགེ་བའི་མིང་འཛིན་པ༔ ལྷོ་རུ་མཁས་པའི་མིང་དང་རྒྱལ་མཚན་མིང་༔ དབུ་རུ་བློ་བཟང་མིང་དང་ཡོངས་འཛིན་མིང་༔ མངའ་རིས་དཔལ་རྡོར་ཁྱུང་ལུང་དྷེ་ཝ་པ༔ ཀོང་ཡུལ་འོད་གསལ་མིང་དང་མཐུ་སྟོབས་མིང་༔ སྙིང་ཐིག་གསང་བ་འདུས་པ་ཞེས་བྱ་བའི༔ ཉམས་ལེན་བཀའ་བབ་ངག་གི་མིང་ཅན་དང་༔ ཡིད་བཞིན་མིང་དང་ཤྲཱིའི་མིང་ཅན་དང་༔ ཀུན་བཟང་མིང་དང་བློ་བཟང་མིང་ཅན་ནོ༔ འཛིན་སྐྱོང་སྤེལ་བ་གསུམ་གྱི་བདག་པོ་ནི༔ ཀཿཐོག་སཱུཪྻའི་མཚན་དང་བསྟན་པའི་མཚན༔ ཀོང་ཡུལ་དཔལ་མགོན་མཚན་དང་འོད་ཟེར་མཚན༔ ཀརྨ་མཆོག་སྤྲུལ་གཙང་གི་ཆོས་ཉིད་མཚན༔ འདི་དག་སྒོས་ཀྱི་བཀའ་བབ་བདག་པོ་ཡིན༔ རང་སློབ་སྣོད་ལྡན་རྣམས་ལ་བཀའ་རྒྱ་བཀྲོལ༔ མདོར་ན་ལས་དང་བྱ་བ་ཐམས་ཅད་དུ༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་འགྲོགས་ཤིང་༔ ལྟ་བའི་གདིང་དང་མི་འབྲལ་བ་ནི་གནད༔ སྤྲོས་བཅས་གཞན་གྱི་ཡིད་འཕྲོག་ངོམ་ཆོས་དང་༔ ཆེ་འདོད་དྲག་འདོད་འགྲན་སེམས་གཡོ་སྒྱུའི་ལས༔ འབྲས་བུར་རེ་རློམ་གཞན་སྟོབས་འཇོམས་ཕྱིར་དང་༔ ཚེ་འདིའི་ཆེད་དུ་རེ་བའི་ཟུང་ཆོས་དང་༔ རང་རྒྱུད་རེངས་ཤིང་གཞན་སྐྱོན་སྒྲོགས་པ་འདི༔ ནམ་ཡང་མི་བྱེད་པདྨའི་སྙིང་གཏམ་ཡིན༔ མི་ཡི་ཁ་ཚོན་མ་གཅོད་སྐྱོན་མ་བརྗོད༔ ཆོས་ནི་ནོར་ངོ་ཟས་ངོར་མ་ཤོར་བར༔ སྤེལ་མ་དྲག་ཅིང་བསྡམ་ཡང་མི་དྲག་པར༔ འགྲོ་ཀུན་ཐབས་ཀྱིས་སྐྱོང་བ་སྙིང་གཏམ་ཡིན༔ ཕྱུགས་བསྲེལ་འདུ་ལོངས་སྤྱོད་ངན་ཆེར་མ་སྐྱོང་༔ འགྲོ་དྲུག་ཁྱོད་ཀྱི་གདུལ་བྱའི་ཡུལ་ཡིན་པས༔ ཉེ་རིང་བརྩེ་གདུང་སྐྱོང་བ་སྙིང་གཏམ་ཡིན༔ གསང་སྔགས་ལྟ་སྤྱོད་འཆོལ་ན་དངོས་གྲུབ་ཡལ༔ སྒྲུབ་པའི་དཀྱིལ་འཁོར་གསང་རྒྱས་གདབ་པ་དང་༔ གྲོང་ཆོག་འདྲེ་བརྡུང་སྤྱོད་པ་སྤོང་བ་དང་༔ མི་ངོ་མི་བསྲུང་ཆོས་ཚུགས་མི་ཤོར་གནད༔ ཧྲུལ་པོའི་གོས་གྱོན་དམའ་བའི་བཙན་ས་ཟུངས༔ ཆང་མི་འཐུང་ཞིང་ལྟ་བ་ཁར་མ་འབྱམས༔ མི་ལྟུང་བཙན་ས་འཛིན་པ་སྙིང་གཏམ་ཡིན༔ བླ་མར་མོས་གུས་གསོལ་འདེབས་དམ་བསྲུང་གསུམ༔ ཁོངས་པའི་སྙིང་ལྟར་གཅེས་པའི་གདམས་ངག་ཡིན༔ གྲོགས་ཀྱི་མཆོག་གྱུར་མཁའ་འགྲོ་ཆོས་སྐྱོང་གསོལ༔ ནོར་གྱི་མཆོག་གྱུར་སྣག་ཚ་ཤོག་གུ་སྲེལ༔ རྒྱན་གྱི་མཆོག་གྱུར་གར་གྱི་ཆས་དྲུག་འཆང་༔ ཟས་ཀྱི་མཆོག་གྱུར་བསོད་སྙོམས་ཙམ་ལ་བརྟེན༔ གཞན་དང་སྤྱོད་པ་མི་བསྟུན་སྙིང་གཏམ་ཡིན༔ པདྨ་བདག་གི་སྙིང་གཏམ་བཞག་པ་འདི༔ ལག་ལེན་ཐོབ་ཅིག་སྔགས་པ་བདུད་འཇོམས་གླིང་༔ གཞན་བསླུ་བསམ་པ་པད་འབྱུང་བདག་ལ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདིའང་མཁོས་ཆུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེའི་བྲག་ནས་བཏོན་ཏེ་མཐར་འབྲོས་ཕུག་མཁའ་འགྲོའི་འདུ་གླིང་དུ་ཞལ་བཤུས་ཏེ་དག་པར་ཕབ་འི་ཡིག་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། །།