DJYD-KABUM-21-ZHA-006

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-21-ZHA-006

(41ན)ཨོཾ་སྭསྟི། ངེས་པ་དོན་གྱི་བྱང་སེམས་མཁས་གྲུབ་ཆེན་པོ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པའི་གསུང་འབུམ་རིན་པོ་ཆེ་ཇི་ལྟར་ཐོབ་པའི་ཚུལ། ཐུན་མོང་རིག་གནས་ཀྱི་སྐོར། ཐུན་མིན་ནང་དོན་གྱི་སྐོར། ཞར་བྱུང་ཐོར་བུའི་སྐོར་དང་གསུམ་ལས། དང་པོ་ལ། སྙན་ངག ། སྡེབ་སྦྱོར། སྐར་རྩིས་ཀྱི་བསྟན་བཅོས་གསུམ་སྟེ། བསྟོད་ཚོགས་འདི་དག་གི་བརྗོད་བྱེད་དཎྜི་པའི་གཞུང་གི་ཚིག་དང་དོན་གྱི་རྒྱན་གྱིས་སྤྲས་པ་ཁོ་ནའི་ཕྱིར་སྙན་དངགས་དང་འབྲེལ་བར་འགོད་ན། ཨ༽ འཁོར་ལོ་དང་པོའི་དམ་པའི་ཆོས་འདུལ་བ་ལ་བསྔགས་པ་མེ་ཏོག་གི་སྐྱེད་མོའི་ཚལ། སྟོན་པ་མཆོག་གི་གསུང་ཐེག་པའི་བྱེ་བྲག་སོ་སོ་ལ་བསྔགས་པ་ཆུན་འཕྱང་བརྒྱད་དེ། དང་པོ་གསུང་གསང་བ་བསམ་གྱིས་མི་ཁྱབ་པ་ལ་བསྔགས་པ་པདྨ་དཀར་པོའི་ཆུན་འཕྱང། གཉིས་པ་གསུང་རྣམ་པ་ཐམས་ཅད་པ་ལ་བསྔགས་པ་ཨུ་དུམ་ཝ་རའི་ཆུན་འཕྱང་། གསུམ་པ་གསུང་དམ་པའི་ཆོས་ལ་བསྔགས་ཨུཏྤལ་པ་གཞོན་ནུའི་ཆུན་འཕྱང་། བཞི་པ་གསུང་གི་ཡི་གེའི་ཕྲེང་བ་ལ་བསྔགས་པ་ཀུ་མུད་དའི་ཆུན་(41བ)འཕྱང་། ལྔ་པ་གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ་མེ་ཏོག་གི་ཆུན་འཕྱང་། དྲུག་པ་གསུང་ཟབ་དོན་གསང་བ་ལ་བསྔགས་པ་ཟླ་བ་ཐིག་ལེའི་ཆུན་འཕྱང་། བདུན་པ་གསུང་ཡོན་ཏན་རྒྱ་མཚོའི་ཆེ་བ་ལ་བསྔགས་པ་མུཀྟི་ཀའི་ཆུན་འཕྱང་། བརྒྱད་པ་གསུང་ཡེ་གྲོལ་རྫོགས་ཆེན་ལ་བསྔགས་པ་བཻ་ཌཱུར་ཡའི་ཆུན་འཕྱང་རྣམས་དང་། ཀུན་མཁྱེན་བླ་མའི་གསུང་རབས་ལ་བསྔགས་པ་ཡོངས་རྫོགས་བསྟན་པའི་པད་ཚལ་ཞེས་བྱ་བ་དང་། བསྔགས་པའི་ཡུལ་དེར་མཇལ་བའི་ཡོན་ཏན་ལ་བསྔགས་པའི་སྒོ་ནས་བལྟ་བར་བསྐུལ་བ། རྗེ་བླ་མ་བཀའ་དྲིན་ཅན་འཇིགས་མེད་རྒྱལ་བའི་མྱུ་གུའི་གསང་གསུམ་ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོ་ལ་ཤར་ཕྱོགས་གོ་ཌཱ་བའི་ལུགས་ཀྱི་བྱ་དཀའི་ཚིག་རྒྱན་ཀུན་བཟང་འཁོར་ལོ་བཞི་ལྡན་གྱི་སྒོ་ནས་བསྔགས་པ། སྐྱབས་རྗེ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ་རོ་དྲུག་སྨན་གྱི་བྱེད་པས་ནད་དྲུག་སྦྱོང་བའི་དཔེས་ཕྱིན་དྲུག་གི་ཡོན་ཏན་དང་ལྡན་པར་བསྔགས། ན་མོ་གུ་རུ་བཻ་ཥ་ཛྱ་སོགས། ཐབས་ལམ་མཆོག་གི་སྤྱོད་པ་ལ་དབང་བའི་ཡོན་ཏན་བསྐུལ་བའི་ཟོལ་གྱིས་བསྔགས། གཞན་ཕན་ཐུགས་(42ན)བསྐྱེད་སོགས། སྣང་བཞི་ཚད་དུ་ཕེབས་པ་སོགས་རང་དོན་མངོན་དུ་གྱུར་ཅིང་སྡེ་སྣོད་གསུམ་སྟོན་པ་སོགས་གཞན་དོན་མཛད་པའི་ཡོན་ཏན་ལ་བསྔགས་པ། གཉིས་ཀྱི་གཉིས་པ་སོགས། བཤད་སྒྲུབ་གསེར་གྱི་འཁོར་ལོ་སོགས་ཆོས་ཀྱི་རྒྱལ་སྲིད་དང་ལྡན་པར་བསྔགས་པ། རིམ་རྩོལ་སྤྲོས་པས་སོགས། གཞན་ཡང་ལྟ་བ་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན་སྤྱོད་པ་གཟུགས་སྐུའི་འགྲོ་དོན་མཛད་པ་ལ་བསྔགས་པ། རིང་ནས་མཐའ་ཀླས་སོགས་རྒྱ་ནག་ལྕབ་ཀྱ་ལ་སྤྲིངས་པ། སྒྲུབ་པའི་རྒྱལ་མཚན་འཛིན་བཞིན་སྐལ་ལྡན་སློབ་ཚོགས་ལ་ཟབ་རྒྱས་བདུད་རྩིའི་དགའ་སྟོན་འགྱིད་པ་ལ་བསྔགས་པ། མཐའ་ཀླས་འགྲོ་ལ་སོགས་རྒྱ་ནག་ཆོས་བཟང་ལ་སྤྲིང་བ། དཔོན་སློབ་བཤེས་པའི་ངང་ཚུལ་གྱིས་བརྩེ་བའི་ཡོན་ཏན་ལ་བསྔགས་པ། ཟླ་གཞོན་ཐིག་ལེའི་སོགས་རྒྱ་རོང་དབོན་པོ་ལ་སྤྲིང་བ། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ལ་བསྟོད་པ་བཅས། དེ་ནས་གཏམ་ཚོགས་ཀྱི་སྐོར་ལ། ངེས་འབྱུང་སྐྱོ་ཤས་ཀྱི་བློ་བསྐྱེད་པའི་གཏམ་པདྨའི་ཚལ་ཆོས་མཐུན་གྱི་ཟློ་གར་དུ་བསྒྱུར་བ། (42བ)ངེས་འབྱུང་དང་བརྩོན་འགྲུས་ལ་བསྐུལ་བའི་གཏམ་སྔོན་ཤཱཀྱའི་ཁྱེའུ་གཞོན་ནུ་ཟུང་གི་གཏམ་རྒྱུད་དང་སྦྱར་བ། བསོད་ནམས་ཀྱི་ཚོགས་ལ་བསྐུལ་བའི་གཏམ་གུ་རུའི་སྐུ་ཚབ་གཙོ་བོར་གྱུར་པའི་རྟེན་གསུམ་ལ་གུས་པ་བྱ་ཚུལ་ལེགས་ལམ་དམ་པའི་གསོས་སྨན། ཆོས་དང་འཇིག་རྟེན་རྟོགས་པར་བྱེད་པའི་གཏམ་གདོལ་པའི་དྲང་སྲོང་གི་བསྟན་བཅོས་ཐར་པའི་ཐེམ་སྐས། ལུགས་ཟུང་ཕུན་སུམ་ཚོགས་པའི་ཚོགས་བཤད་འབེལ་བའི་གཏམ་ལྷའི་སིལ་སྙན། ལུགས་ཟུང་ཚོགས་གཏམ་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ། ཚོགས་ཀྱི་གཏམ་མཎྜལ་རྣམ་བཤད་ཚོགས་ལམ་བཟང་། ངོ་མཚར་བསྐྱེད་པ་བཞད་གད་ཀྱི་གཏམ་ཆུ་གྲུ་ལུས་ཀྱི་རྣམ་བཤད་བརྒལ་བའི་ལན་དང་བཅས་པ། འདུ་འཛི་སྤངས་ཏེ་དབེན་པ་བསྟེན་པར་བསྐུལ་བ་ཐེག་པ་མཆོག་གི་ཚུལ་དང་མཐུན་པ་དབེན་པའི་གཏམ་ལྷའི་རྔ་སྒྲ། བསྐྱས་འཕོ་སོགས་ཀྱི་འདུ་འཛིས་ཀློག་སྤོང་ལ་གཡེང་བའི་རྒྱུ་སྤོང་བར་བསྐུལ་བའི་གཏམ་རྫ་དགོན་ལ་སྤྲིངས་པ། བཟོད་པའི་གོ་ཆས་ཚིག་རྩུབ་ཀྱི་མདའ་བསྲུང་བ་མེད་ན་བླ་མ་དང་མཆེད་ཀྱི་(43ན)དམ་ལ་འགལ་ཏེ་དམྱལ་བར་འགྲོ་བའི་ཉེས་སྤྱོད་སྤོང་བར་བསྐུལ་བའི་གཏམ་ཀུན་བསྟན་ལ་སྤྲིངས་པ། དབྱར་དུས་དུ་བབས་པའི་ཆར་པ་ཡིད་ཅན་དགའ་བའི་གསོས་སུ་གྱུར་པ་ཉིད་གཅོད་པ་རང་གཅིག་པུའི་དོན་དུ་གཞན་མང་པོ་ལ་འཚེབ་སྤོང་བར་བསྐུལ་བའི་གཏམ་ཆར་གཅོད་མཁན་ལ་སྤྲིངས་པ། གཞན་ནོར་མཐུས་ལེན་པའི་ལས་འབྲས་བསྟན་ཏེ་སྤོར་བར་བསྐུལ་བའི་གཏམ་ཨར་ཇག་སྤྱི་ལ་སྤྲིངས་པ། པདྨའི་རྒྱལ་ཚབ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་ལ་ཕུལ་པའི་འབུལ་ཡིག་རྣམས་སོ། །གཉིས་པ་ནི། སྡེབ་སྦྱོར་གྱི་མན་ངག་ངོ་མཚར་རྟོགས་བྱེད་རིན་ཆེན་ཕྲེང་བ། གསུམ་པ་ལ། རྩིས་གཞུང་ཉིན་བྱེད་སྣང་བའི་འདས་ལོ་སོགས་ངེས་པ་གསར་སྤོས་མཛད་པ་དགེ་ལེགས་ཉི་མ། ཉིན་སྣང་བུ་ཡིག་བསྟན་རྩིས་ལ་ཆོས་འབྱུང་རག་པ་མཆན་དུ་སྟོན་པ་ངོ་མཚར་ཕྲེང་བ། རྩིས་དཀར་ན་ཟུང་འཇུག་གི་ལེའུ་ཐུའི་རྣམ་བཤད་གོ་ལའི་རྣ་རྒྱན། ཡུལ་དུས་ལོངས་སྤྱོད་བསྒྲིགས་ཐབས་ཀྱི་མན་ངག་དང་། དུས་གཟེར་འགོད་པའི་ལག་ལེན་དང་རྩིས་འབྲས་མདོར་བསྡུས་(43བ)སྤང་བླང་འདོད་པའི་སྙེ་མ། ལིའུ་ཐུའི་མགོ་རྒྱན་དཔྱོད་ལྡན་མཁས་པའི་ཡིད་འཕྲོག །ཕྱི་ནང་གཞན་གསུམ་དག་པར་བསྟན་པའི་དོན་འགྲེལ་བླང་དོར་གསལ་བའི་རེ་མིག་གི་མགོ་རྒྱན་རྣམས་དང་། ཞར་ལ་གསོ་བ་རིག་པའི་བྱེ་བྲག་ཕྲན་ཚེགས་འབམ་བཅོས་ཀྱི་ལག་ལེན་གོ་བདེར་བསྡུས་པ་བཅས། ར༽ གཉིས་པ་ཐུན་མོང་མ་ཡིན་པ་ནང་དོན་རིག་པ་ལ། ཆོས་གང་ཞིག་འཆད་བྱེད་ཀྱི་ཡན་ལག་དང་། བཤད་བྱའི་གཞུང་གཉིས་ལས། དང་པོ་འཆད་བྱེད་ཀྱི་ཐབས་ཚུལ་བསྡུས་དོན་ས་བཅད་སྣ་ཚོགས་ཀྱི་སྐོར་ལ། འཁོར་ལོ་དང་པོ་གཙོ་ཆེར་སྟོན་པ་མངོན་པ་མཛོད་ཀྱི་ས་བཅད། འཁོར་ལོ་བར་པ་གཙོ་ཆེར་སྟོན་པ་དབུ་མ་རྩ་བ་ཤེས་རབ་ཀྱི་ས་བཅད། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ས་བཅད། འཁོར་ལོ་ཐ་མ་གཙོ་ཆེར་སྟོན་པ་རྒྱུད་བླ་མའི་ས་བཅད། སྤྱོད་ཕྱོགས་གཙོ་ཆེར་སྟོན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ས་བཅད། མདོ་སྡེ་རྒྱན་གྱི་ས་བཅད། ཐེག་གསུམ་རིག་འཛིན་སྡེ་སྣོད་དང་བཅས་པའི་ཉམས་ལེན་སྟོན་པ་སྡོམ་གསུམ་རྣམ་པར་ངེས་པའི་ས་བཅད། རྒྱུད་རྒྱལ་གསང་བ་སྙིང་པོའི་(44ན)འཆད་ཐབས་བརྒྱུད་པ་གསུམ་གྱི་ལོ་རྒྱུས་དང་། མ་ཧཱ་ཡོ་གའི་རྒྱན་བདུན་བཤད་པ། ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འཆད་ཐབས་ཡིད་ཀྱི་མེ་ལོང་། ཡོན་མཛོད་ཀྱི་ས་བཅད་རྒྱས་པ་འབྱེད་འགྲེལ་མེ་ཏོག་གི་ཕྲེང་བ། ཡོན་མཛོད་ས་བཅད་འབྲིང་པོ་ལྟར་བྱས་པ་མུ་ཏིག་དཀར་པོའི་ཕྲེང་བ། ཡོན་མཛོད་ཀྱི་བསྡུས་དོན་ས་བཅད་ཨུཏྤ་ལ་གསར་པའི་ཕྲེང་བ། རྫོགས་ཆེན་གཙོ་ཆེར་སྟོན་པ་བསྟན་བཅོས་ངལ་གསོ་སྐོར་གསུམ་གྱི་འཆད་ཐབས་མན་ངག་གསལ་བ། སེམས་ཉིད་ངལ་གསོའི་བསྡུས་དོན་ས་བཅད་པདྨ་དཀར་པོའི་ཟིལ་མངར། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་གུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མའི་ས་བཅད། དམ་པའི་རིགས་ཅན་དྲྭ་མ་ལྔ་དང་རིག་འཛིན་འདུས་པའི་འཁོར་གྱི་གསུང་སྤྱི་བཤགས་དུས་གསུམ་བདེ་གཤེགས་མའི་ས་བཅད། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བྱུང་བ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ས་བཅད་བསྡུས་པ་སྡོམས་སུ་བསྟན་པ། མཁའ་གྲུབ་ཀརྨ་ཆགས་མེད་ཀྱིས་གསུངས་པའི་བདེ་སྨོན་ས་བཅད། (44བ)རྗེ་བློ་བཟང་གྲགས་པའི་དཔལ་གྱིས་གསུངས་པའི་བདེ་སྨོན་ཞིང་མཆོག་སྒོ་འབྱེད་ཀྱི་འདོན་འགྲིགས་ས་བཅད། གཏེར་ཆེན་འགྱུར་མེད་རྡོ་རྗེས་གསུངས་པའི་གསང་སྔགས་ལམ་རིམ་སྨོན་ལམ་སྤྱི་འགྲོ་བླ་མ་ཡི་དམ་མའི་ས་བཅད། སློབ་གསར་རྣམས་ཀྱི་བློ་གྲོས་རྩལ་སྦྱོང་བ་ཚོགས་བཤད་འབུལ་བའི་མགོ་བསྐུལ་དང་མཇུག་གི་མཚམས་སྦྱོར་བཅས། གཉིས་པ་བཤད་བྱའི་གཞུང་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པར་གཏོགས་པ་གཉིས་ལས། དང་པོ་ལ། འཁོར་ལོ་དང་པོར་གཏོགས་པ་བདེན་པ་བཞི་སོགས་ཀྱི་ཟིན་བྲིས། དགེ་སློང་གིས་བསྒྲུབ་བྱ་གཞི་བཅུ་བདུན་གྱི་ཟིན་བྲིས་ཆེ་ཆུང་ཚན་གཉིས། བསྙེན་གནས་དང་འབྲེལ་བའི་ཐེག་ཆེན་གསོ་སྦྱོང་སྦྱིན་པའི་མཚམས་སྦྱོར་འཆད་ཚུལ་ཐ་དད་པ་གཉིས་དང་། བཀའ་འཁོར་ལོ་བར་ཐ་ཐུན་མོང་གི་དང་པོའི་འཇུག་སྒོ་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་ཞི་བ་ལྷའི་སྤྱོད་འཇུག་གི་ལུགས་ཀྱི་མཚམས་སྦྱོར། བྱང་སེམས་བསྲུང་ཚུལ་གྱི་ཟིན་བྲིས་མདོར་བསྡུས་ལེ་ཚན་གསུམ། སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཟིན་བྲིས། ཞི་བ་ལྷའི་བསླབ་པ་ཀུན་བཏུས་(45ན)ཀྱི་མཚན་འགྲེལ། བློ་སྦྱོང་གི་སྤྱོད་པ་གཙོ་བོར་སྟོན་པ་སྤྱོད་འཇུག་གི་སྒོམ་རིམ་རབ་གསལ་ཉི་མ། རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་པ་ཉམས་ལེན་སྙིང་པོ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དོན་བསྡུས་པ། བསླབ་པ་ཐམས་ཅད་ཀྱི་བསྲུང་ཐབས་དྲན་ཤེས་བག་ཡོད་བསྟེན་ཚུལ་གྱི་ཟིན་བྲིས། ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་གྱི་ཟིན་བྲིས་ཚན་གཉིས་བསྐུལ་བ་པོ་སོ་སོ་ལ་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་སྤྱོད་པའི་ཚེ་རང་གཞན་གྱི་སྦྱོར་བའི་གནས་སྐབས་དགུ་ལ་བརྟག་པའི་ཚུལ། ཐེག་ཆེན་གྱི་ལྟ་བ་ངོ་སྤྲོད་པའི་ཁྲིད། དཀོན་མཆོག་བསྡུས་པའི་སྡོམ་བྱང་། བྱང་ཆུབ་སེམས་དཔའི་འགལ་རྐྱེན་བདུད་ཀྱི་བར་ཆད་བརྟག་ནས་སྤོང་ཚུལ་གྱི་མན་ངག ། བྱང་ཆུབ་སེམས་ཀྱི་མཐུན་རྐྱེན་ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་བཅས། པ༽ འཁོར་ལོ་བར་པའི་དགོངས་འགྲེལ་གྱི་ཕྱོགས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་དང་། འབྲུ་འགྲེལ། ཐེག་ཆེན་དགེ་འདུན་ཉི་ཤུའི་ཟུར་བཀོལ། ཤེས་རབ་བསྡུས་(45བ)པའི་སྔོམ་བྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་རིམ། ཤེས་རབ་ཁྲི་པའི་ལུང་འགྲེལ་དང་དོན་བསྡུས་བཅས། ཙ༽ འཁོར་ལོ་ཐ་མ་གཙོ་བོར་གྱུར་པའི་ཐེག་གསུམ་སྔགས་དང་བཅས་པའི་ཉམས་ལེན་གྱི་ཕྱོགས་ལ། ཕྱི་ནང་གྲུབ་མཐའི་དབྱེ་ཚུལ་ས་བོན། སྡོམ་གསུམ་རྣམ་ངེས་ཀྱི་ལེའུ་དང་པོའི་སྐབས་ཀྱི་ཐེག་རིམ་དགུའི་རྣམ་བཞག །ལེའུ་གསུམ་པ་བྱང་སེམས་ཀྱི་འབྲུ་འགྲེལ། ཉེས་བྱས་ཕྲ་བ་བརྒྱད་ཅུའི་རེ་མིག །འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཟིན་བྲིས། སྡོམ་པ་གསུམ་གྱི་གནད་བསྡུས་པ། རྒྱལ་དབང་ལྔ་པའི་གསུང་སྡོམ་གསུམ་སྨོན་ལམ་གྱི་ཚིག་འགྲེལ། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ། དེའི་ཞིབ་དཔྱོད་ས་ལམ་བྱེ་བྲག་ཏུ་བཤད་པ་གསུང་རྒྱུན་གྱི་ཟིན་བྲིས། བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་དཀའ་འགྲེལ། ས་ལམ་རྣམ་བཞག་དང་མཚམས་སྦྱོར་གྱི་ངག་བཀོལ། གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་དོན་འགྲེལ་དང་། (46ན)དེའི་སྨད་ཆ་རྫོགས་ཆེན་སྡེ་གསུམ་གྱི་ཚིགས་འགྲེལ་བཅས། གཉིས་པ་འབྲས་བུ་སྔགས་ཀྱི་ཐེག་པའི་ཕྱོགས་ལས་འཇུག་སྒོ་དབང་གི་སྐོར་ལ། བླ་མེད་སྤྱིའི་དབང་བཞིའི་རྣམ་བཤད་རིན་ཆེན་ཕུང་པོ། ཀར་གླིང་ཞི་ཁྲོས་མཚོན་ནས་མ་ཧཱ་ཡོ་ག་གཙོ་བོར་གྱུར་པའི་དབང་གི་མཚམས་སྦྱོར་པུནྡཱ་རི་ཀའི་དོ་ཤལ། དེ་དང་འབྲེལ་བ་ཀར་གླིང་ཞི་ཁྲོའི་བསྙེན་ཡིག་དང་ཆོ་གའི་ལས་འགྲིགས། བླ་བརྒྱུད་རིག་འཛིན་འདུས་པའི་ལས་འགྲིགས། ལུང་ཨ་ནུ་ཡོ་ག་འདུས་པ་མདོ་དབང་གི་ལས་འགྲིགས། མན་ངག་རྫོགས་པ་ཆེན་པོའི་སྙིང་ཐིག་ཡ་བཞིའི་མཁའ་འགྲོ་སྙིང་ཐིག་སོགས་ཀྱི་དབང་གི་ཟིན་བྲིས་ལས་འགྲིགས་བཅས། འཇུག་ཆོས་བསྐྱེད་རྫོགས་ལམ་གྱི་རིམ་པའི་ཕྱོགས་ལ། བླ་མེད་སྤྱིའི་བསྐྱེད་རིམ་ཁྲིད་འོག་མིན་འགྲོས་པའི་ཐེམ་སྐས་ཀྱི་དཀའ་འགྲེལ། སྲོག་སྡོམ་གཟེར་བཞིའི་བཤད་པ་ཚངས་པའི་སྒྲ་དབྱངས། རྫོང་འཕྲང་སྲོག་གསུམ་གྱི་བཤད་པ། ལམ་གྱི་ཡན་ལག་དམ་ཚིག་གི་རྟེན་རྡོར་དྲིལ་རྣམ་བཤད་རྒྱལ་བའི་དགོངས་པ་གསལ་སྟོན། དཔལ་ལྡན་དུས་ཀྱི་འཁོར་(46བ)ལོའི་སྙིང་པོ་སྔགས་ཀྱི་དཀྱིལ་འཁོར་རྣམ་བཅུ་དབང་ལྡན་གྱི་ཐིག་དང་དོན་བཤད། ཐབས་གྲོལ་ལམ་གྱི་ཁྱད་པར་སྤྱིར་བཤད་པ། རྫོགས་རིམ་གྱི་ཆོས་དྲུག་བསྡུས་ཏེ་བསྟན་པ་འདའ་ཁའི་ཉམས་ལེན་བར་དོའི་ངོ་སྤྲོད། རྫོགས་རིམ་གྱི་འབྲས་བུ་འཕོ་མེད་མི་འགྱུར་བའི་སྐུའི་དོན་བཤད་པ་རྗེ་གཞན་ཕན་མཐའ་ཡས་ཀྱི་བརྟན་བཞུགས་ཚིག་འགྲེལ་རྡོ་རྗེའི་ཚིག་གི་ཁ་འབྱེད། གནས་ལུགས་ཕྱག་རྒྱ་ཆེན་པོ་གཅིག་ཅར་དུ་སྟོན་པའི་ཁྲིད་མར་པའི་གསུང་གི་གནད་བསྡུས་གེགས་སེལ་བོགས་འདོན་གྱི་མན་ངག་དང་བཅས་པ། བསྐྱེད་རྫོགས་ཀྱི་འབྲས་བུ་གསང་སྔགས་ནང་ལྟར་མཚུངས་མེད་བླ་མའི་ཡོན་ཏན་དང་སྦྱར་ན་བརྒྱུད་གསུམ་བླ་མ་རྒྱང་འབོད་ཀྱི་ཚུལ་དུ་བཤད་པ་བླ་མ་རྒྱང་འབོད་ཀྱི་རྩ་འགྲེལ་དཀྱུས་སུ་བཀོད་པ་མོས་གུས་གདུང་བའི་རྒྱང་གླུ་བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་ལ་ལེན་པའི་ཕོ་ཉ། རྫོགས་པ་ཆེན་པོ་སེམས་སྡེ་ཨ་རོའི་ལུགས་ཀྱི་ཁྲིད་ཡིག་སྙིང་པོར་བསྡུས་ཏེ་གང་ཟག་བློ་རིམ་དགུ་ལ་སོ་སོར་ཁྲིད་ཚུལ་རྗེ་བཙུན་བླ་མ་དམ་པའི་ཞལ་ཤེས་དང་བཅས་པ། རྫོགས་ཆེན་མན་ངག་སྡེ་གསང་བ་སྙིང་ཐིག་གི་འཕྱོང་དང་རྣམ་དབྱེ་སྟོན་པ་མུན་ཁང་(47ན)སྒྲོན་མེ། སེམས་ཉིད་ཀྱི་རང་ངོ་གཅིག་ཐོག་ཏུ་བལྟ་ཞིང་རྟེན་བསླབ་གསུམ་ལ་གནས་པར་གདམས་པ་ངོ་སྤྲོད་གནད་ཀྱི་མེ་བཙའ། རྗེ་འཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཐུགས་སྲས་རྫོགས་སྤྲུལ་བཞི་པ་ལ་བབས་པ་རྫོགས་པ་ཆེན་པོའི་ཉམས་ལེན་མཐར་ཐུག་གི་འགྲེལ་པ་འོད་གསལ་གྱི་སྣང་ཆ། དགའ་རབ་དཔའི་བོའི་འདས་རྗེས་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་རྩ་འགྲེལ་སྡེབ་པ་མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས། རྫོགས་ཆེན་བརྟུལ་ཞུགས་སྤྱོད་པའི་ལམ་ཁྱེར་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དམིགས་གནད་སྟོན་པའི་འགྲེལ་བཤད། རྫོགས་པ་ཆེན་པོ་ལ་ལོག་པར་རྟོག་པ་སེལ་བ་བརྒལ་ལན་སྨྲ་ངན་ཞི་བྱེད་བཅས། ན༽ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལེའི་ཐུན་མོང་དང་། ཁྱད་པར་གྱི་སྔོན་འགྲོའི་ཁྲིད་ཡིག་འཇིགས་མེད་རྒྱལ་བའི་མྱུ་གུའི་གསུང་རྒྱུན་ཇི་བཞིན་པར་བཀོད་པ་ཀུན་བཟང་བླ་མའི་ཞལ་ལུང་། དེ་ལས་ཁྱད་པར་གྱི་སྔོན་འགྲོའི་དམིགས་རིམ་རྣམས་ཟུར་བཀོལ་བགྱིས་པ། ཞར་བྱུང་ཆང་གི་ཉེས་དམིགས་བསྟན་པ་ལེགས་བཤད་ཀུན་ལས་བཏུས་པ་བཅས། དྷཱིཿ༽ ངག་འདོན་(47བ)ཐོར་བུའི་སྐོར་ལ། སངས་རྒྱས་ཕལ་པོ་ཆེའ་མདོའི་དགོངས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་བྱེད་པའི་སེམས་བསྐྱེད་ཀྱི་གསལ་འདེབས་སྨོན་ལམ། མདོ་དེ་ཉིད་དུ་བསྟན་པའི་རྒྱལ་བའི་སྲས་ཀྱི་ཀུན་ཏུ་སྤྱོད་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་སྨོན་ལམ་གདབ་པ། ཡང་དེ་ལས་ཁྲིམ་བདག་སེམས་དཔའི་ཆེན་པོ་ནན་ཞུགས་བྱ་བས་ནོར་བཟང་ལ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་སོང་ལ་རྒྱལ་སྲས་ཀྱི་སྤྱོད་པའི་ཆོས་ཞུས་ཞེས་ལུང་བསྟན་པའི་ཚིག་ཕྲད་སྨོན་ལམ་དུ་བསྒྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཤད་ཀྱི་བརྒྱུད་པའི་གསོལ་འདེབས། བླ་མ་འཇའ་ལུས་རྡོ་རྗེའི་མཚན་དོན་གསོལ་བ་འདེབས། བླ་མ་བཀའ་དྲིན་ཅན་འཇིགས་མེད་རྒྱལ་བའི་མྱུ་གུའི་གསོལ་འདེབས་སྨོན་ལམ་དང་བཅས་པ། ཡང་བླ་མ་ལ་གསོལ་བ་འདེབས་པ་སྐྱབས་གནས་བསླུ་མེད་མ། རྒྱལ་སྲས་ཞི་བའི་ལྷ་དང་ཀཿཐོག་དམ་གཙང་བྱམས་གསུམ་གྱི་གསོལ་འདེབས། འཕགས་པ་འཇམ་དཔལ་དབྱངས་ཀྱི་རྒྱུན་ཁྱེར་བསྡུས་པ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཕུལ་(48ན)བའི་བརྟན་བཞུགས་གསོལ་འདེབས་ཚན་པ་བདུན། རྗེ་བླ་མ་མཚམས་པ་རིན་པོ་ཆེའི་ཡང་སྲིད་ཀྱི་བརྟན་བཞུགས་གསོལ་འདེབས། ཤར་ཛམ་ཐང་གི་གཙང་པ་དགེ་བཤེས་ཀྱི་ཞབས་བརྟན། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས། དཔལ་སྤུངས་ཟླ་བཟང་སྤྲུལ་སྐུའི་ཡང་སྲིད་མྱུར་འབྱོན། སྒྲོལ་མའི་མཎྜལ་བཞི་ཆོག་མདོར་བསྡུས་གཏོང་ཚུལ། སྤུང་གཏོར་ཆ་བཞིའི་ཆོ་ག་བསྡུསཔ། གསུར་མཆོད་བདུད་རྩིའི་ཆར་འབེབས། དེ་ལས་སྙིང་རྗེའི་མགྲོན་དམིགས་བསལ་ལ་བསྔོ་བའི་ཁོལ་བཏོན་ལེ་ཚན། བློ་སྦྱོང་ལུགས་ཀྱི་ལུས་སྦྱིན་ཚོགས་གཉིས་ཟུང་འཇུག །བདེ་མཆོག་བཀའ་སྲུང་དུར་ཁྲོད་བདག་པོའི་བསང་མཆོད། གནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་བྱ་ཚུལ། ཆོས་སྐྱོང་གི་འཁུ་ལྡོག་ཞི་བ་ཟ་ངུའི་ཕྲིན་བཅོལ། མཐུ་ལྡན་དྲེགས་པའི་ཚིགས་ལ་ཞི་རྒྱས་ཀྱི་ཕྲིན་ལས་བཅོལ་བ་བཀྲ་ཤིས་དགེ་ལེགས་ཀུན་འབྱུང་། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་བཅོལ་བ་དམོད་ངན་དུག་གི་མེ་ཏོག །ཚེ་རབས་ཀུན་ཏུ་མཆོག་གསུམ་དང་མི་འབྲལ་ཞིང་མདོ་སྔགས་ལམ་(48བ)གྱི་རིམ་པ་ཡོངས་རྫོགས་ལ་སློབ་པའི་སྨོན་ལམ། ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པ་ལ་ཐོས་བསམ་བཤད་སྒྲུབ་ཀྱི་བྱ་བས་མི་ནུབ་པར་འཛིན་པའི་བསྟན་རྒྱས་སྨོན་ལམ། མན་ངག་ཞལ་གདམས་སྣ་ཚོགས་ཀྱི་སྐོར་ལ། ཐོག་མཐའ་བར་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར། བྱར་མེད་རྫོགས་ཆེན་གྱི་ངང་སྒོམ་ཉལ་ཆོག་གི་གདམས་པ་གླང་ཉལ་མ། སྙིང་པོ་མེད་པའི་ཆོས་དང་ཆོས་འདྲའི་ཤན་འབྱེད་ལ་གདམས་པ། གང་ཞིག་འཁོར་བར་སོགས། རང་ལ་གྲོས་འདེབས་ཀྱི་རྣམ་པས་བརྗོད་མི་ཉན་པ་གསུམ་སོགས་གསུམ་ཚན་ཉེར་གཅིག་གི་གདམས་པ་ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་བརྗོད། ཆོས་ཀྱི་ལུས་ཚང་བར་ཉམས་སུ་ལེན་ཚུལ་ཀུན་བཟང་ཆོས་རྒྱལ་ལ་གདམས་པ། ཐོས་བསམ་སྒོམ་གསུམ་ཡུལ་དང་བཅས་པའི་རིམ་པ་མ་ནོར་བར་སློབ་ཚུལ་ལྷུན་གྲུབ་རྡོ་རྗེ་ལ་གདམས་པ། སྐྱབས་སེམས་ཀྱི་རྟེན་གཞི་མ་འཆོལ་བར་ངེས་འབྱུང་སོགས་ལ་སློབ་ཚུལ་གདམས་པའི། བཀའ་དྲིན་མཚུངས་པ་མེད་པའི་སོགས། །མི་རྟག་པ་མངོན་གྱུར་གྱི་མཚོན་ནས་འདི་སྣང་སྤང་ལ་ལྷ་ཆོས་བསྒྲུབ་དགོས་(49ན)པར་བླ་མ་སངས་རྒྱས་ཚེ་རིང་ལ་གདམས། ཡུལ་སྣང་དཔེ་རུ་མཚོན་ནས་ཆོས་ལ་བསྐུལ་བའི་གདམས་པ། ན་མོ་གུ་རུ་སྐྱེ་མེད་ཆོས་སྐུའི་སོགས། ཕྱི་ནང་གི་དབེན་པ་ཡ་མ་བྲལ་བར་བསྟེན་ཚུལ་སོགས་འཇའ་པ་མདོ་སྔགས་ལ་གདམས་པ། འདུ་འཛིན་སྤང་ནས་དབེན་པར་བསྐུལ་བའི་གདམས་པ། འཇིག་རྟེན་འཁྲུལ་སྣང་སོགས། དུས་མཐའི་སྙིགས་སྤྱོད་ལ་དཔྱད་དེ་སྤོང་བར་གདམས་པ། མཚུངས་མེད་བླ་མ་སོགས། འདི་སྣང་ཆོས་བརྒྱད་ཀྱི་ཕྱོགས་སྤང་ནས་ཉིད་ཀྱི་རྣམ་ཐར་ལྟར་སློབ་པར་གདམས། བླ་མའི་ཞབས་ལ་སོགས་སློབ་མ་རྡོ་དེད་མ། སྨྲར་ཁོག་ནས་རྡོ་ཁོག་ཏུ་ཕེབས་ཁར་གསུངས་པའི་ཡུལ་ཤེས་ཀྱི་ཞེན་འབྲེལ་གཅོད་པར་གདམས་པ། སྣང་བ་སྒྱུ་མའི་སོགས། མཚན་ལྡན་བླ་མ་ཚུལ་བཞིན་བསྟེན་ནས་གདམས་ངག་ཉན་ཚུལ་གདམས་པ། སྐྱབས་གསུམ་ཀུན་འདུས་སོགས། འདི་སྣང་གི་ཞེན་པ་སྤང་ནས་དོན་གཉིས་སྒྲུབ་ཚུལ་གདམས་པ། ན་མོ་གུ་རུ། གང་ལ་བསྟེན་ན་སོགས། ལམ་མཆོག་ཚང་ལ་མ་ནོར་བ་མཛོད་ཆེན་བདུན་དང་ཤིང་རྟ་གསུམ་བཞིན་སློབ་པར་གདམས་པ། (49བ)སྟོབས་བཅུ་མངའ་བ་སོགས། ལམ་བཟང་སྡོམ་པ་གསུམ་གྱི་བསྟན་བཅོས་སོགས་ལ་འཆད་ཉན་གྱི་ཉིན་སྣང་འཆར་བའི་དུས་སུ་འཇུག་དགོས་པར་གདམས་པ། ངེས་འབྱུང་སོ་ཐར་སོགས། གྲོགས་ཀྱི་ཀུན་སྤྱོད་འགོ་བར་ཤེས་ནས་སྤང་བླང་ལ་གདམས་པ། གྲོགས་བཟང་པོའི་སོགས། གཞོན་དུས་ནས་ཐོས་སོགས་ལམ་ལ་འཇུག་ཚུལ་མ་འཆོལ་བར་གཞོན་ནུ་པདྨ་དཔལ་བཟང་ལ་གདམས་པ། ན་མོ་མཉྫུ་ཤྲཱི་ཡེ་སོགས། བྱ་བ་མང་པོའི་བློ་སྣ་སྤང་སྟེ་དབེན་པར་རང་རྒྱུད་འདུལ་བར་གདམས་པ། བསྐལ་བཟང་ཐུབ་པ་སོགས། སྙིགས་དུས་ཀྱི་བསམ་སྤྱོད་གཡོ་སྒྱུས་གཞན་བསླུ་ཐབས་ཀྱི་བསམ་སྦྱོར་མེད་པར་བློ་ཆེན་ངང་རིང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཚུལ་སྡེ་དགེའི་ཆོས་བློན་ལ་གདམས་པ། ཆོས་ལ་གྱ་ཚོམ་མིན་པ་སེམས་ལ་ངེས་པ་ཐོབ་ནས་རིམ་པར་འཇུག་ཚུལ་སོགས་ཐོས་ཆུང་རྣམས་ལ་གདམས་པ། ཤར་རྒྱལ་མོ་རོང་པ་སོགས། མཉམ་པ་གཉེན་དུ་སྡེབ་པའི་བག་སྟོན་ལ་ཕྱུག་ལུག་མི་གསོད་པར་གདམས་པ་འདྲེ་མོ་ལྟས་བརྒྱ་མ། སྒྲུབ་བརྩོན་གཅོད་པ་པདྨ་ཚེ་བརྟན་གྱིས་གསོལ་བའི་ཚོགས་གླུའི་ལན་གནང་བ། ཚོགས་གླུ་(50ན)སྔོན་གནས་རྗེས་དྲན་གྱི་ཚུལ་བརྡའ་ཙམ་བསྟན་པ། མཁའ་སྤྱོད་མངོན་དགའི་སོགས། རྟོགས་པའི་སྐྱིད་གླུ་ཆེད་དུ་བརྗོད་པ་ཉིན་བྱེད་སྣང་བ་སོགས། རང་བཞིན་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་ཚུལ་གདམས་པ། བླ་མ་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་སོགས། བླ་མ་བསྟེན་ནས་ཆོས་ཀྱི་བདུད་རྩི་ཐོབ་སྟེ་རང་གནས་སུ་འགྲོ་བ་དོན་འགྲུབ་མགྲོན་པོའི་དཔེས་བསྔགས་ཤིང་དེའི་རྒྱུན་བསྐྱང་སྟེ་གནས་པར་ཚ་ཁོབ་འོད་གསལ་ལ་གདམས་པ། ཐུགས་རྗེ་གནད་བསྐུལ་དང་འབྲེལ་བའི་གདམས་པ། ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ་སོགས། རྙེད་ཕྱིར་རྒྱུ་འགྲུལ་སྤོང་བ་ལྷ་པ་བློ་ལྡན་ཉི་མ་གདམས་པའི་ཚིག་ལྷུག་མ། གོ་འཇོ་བླ་མ་པདྨ་རྡོ་རྗེ་ལ་གདམས་པ་ཚིག་ལྷུག་ཚན་གཉིས། ལམ་ཡོངས་རྫོགས་ཀྱི་གདམས་པ། རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་སོགས། གསུང་འབུམ་གྱི་བཞུགས་བྱང་འདོད་འབྱུང་རིན་པོ་ཆེའི་ཟ་མ་ཏོག་མི་ཕམ་རྣམ་རྒྱལ་གྱིས་མཛད་པ་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ལ། བསྟོད་ཚོགས། མགུར་ཚོགས། གཏམ་ཚོགས། རིག་གནས་(50བ)སྐོར། གསོལ་འདེབས་སྨོན་ལམ་གྱི་སྐོར་རྣམས་རྗེ་ནས་བླ་མ་སྐལ་རབ། མཁན་པདྨ་རྡོ་རྗེ། ཨོ་རྒྱན་བསྟན་འཛིན། ཐུབ་བསྟན་ཆོས་དཔལ་རྒྱ་མཚོ། རྗེ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་མཛད་པ་པོ་ནས། མཁན་པད་རྡོར། བསོད་ནམས་རྣམ་རྒྱལ། ཡང་ན་མཛད་པ་པོ་ནས་བླ་མ་སྨོན་ལམ། བསོད་རྒྱལ། ཡང་ན་རྗེ་ཉིད་ནས་མཁན་པད་རྡོར། པདྨ་བདེ་ཆེན། འོད་གསལ་རྡོ་རྗེ། ཆོས་དཔལ་རྒྱ་མཚོ་མན་འདྲ། གཞུང་བཤད་ཁྲིད་ཡིག་སྐོར་ཡོངས་རྫོགས་རྗེ་ཉིད་ནས་མཁན་པད་རྡོར། བསོད་ནམས་རྣམ་རྒྱལ། ཡང་ན་རྗེ་ནས་བླ་མ་འོད་ཟེར་མཐའ་ཡས། བསོད་ནམས་རྣམ་རྒྱལ། ཡང་ན་མཁན་པད་རྡོར་ནས། བླ་མ་ཤེས་རབ་མཐར་ཕྱིན་བཟང་པོ། ཐུབ་བསྟན་རྒྱ་མཚོ། ཡང་ན་མཁན་པད་རྡོར་ནས། བླ་མ་ལུང་རྟོགས། ཐུབ་བསྟན་རྒྱ་མཚོ། ཡང་ན་རྗེ་ནས་པདྨ་དོན་ཡོད། དབོན་རིན་པོ་ཆེ། ཐུབ་རྒྱམ། ཡང་ན་རྗེ་ཉིད་ནས་མཁན་ཨ་དཀོན། ཐུབ་རྒྱམ། ཡང་ན་རྗེ་ནས་མཁན་ཨ་སྨོན། བླ་མ་ཨ་མཁས། ཐུབ་རྒྱམ། ཡང་ན་ཉིད་ནས་(51ན)ནོར་བུ་བསྟན་འཛིན། རྒྱལ་སྲས་ཚེ་ནོར། ཐུབ་བསྟན་རྒྱ་མཚོ། དམིགས་བསལ་གཏམ་པདྨའི་ཚལ་གྱི་ཟློས་གར་ཉིད་ནས་བཀྲ་ཤིས་དགེ་ལེགས། བློ་གསལ་བསླབ་པ་ལ་བསྐུལ་བའི་གཏམ་ངེས་འབྱུང་སྤྲིན་གྱི་རོལ་མོ་རྗེ་ནས། བླ་མ་བློ་ཁོ། མཁན་ཨ་སྨོན། བསོད་རྒྱལ། སྐུ་ཚབ་ལ་གུས་པར་བརྗོད་པའི་གཏམ་ལེགས་ལ་མ་དམ་པའི་གསོས་སྨན་རྗེ་ནས། བླ་མ་ཚེ་དབང་བཟང་པོ། མཁན་ཨ་སྨོན། བསོད་རྒྱལ། ཀུན་འདུས་བསོད་ནམས་རྣམ་རྒྱལ་ནས། ཐུབ་བསྟན་ཆོས་དཔལ་རྒྱ་མཚོ། རྗེ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །ཡང་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སྨིན་ཁྲིད་དུ་ནོད་པའི་བརྒྱུད་པ་ཁྱད་པར་དུ་འཕགས་པ་ནི། རྗེ་ཉིད་ནས་གྲུབ་དབང་དྷརྨ་སེང་གེ །ཁྱབ་བདག་བླ་མ་ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ།། །།