DJYD-KABUM-21-ZHA-013

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-21-ZHA-013

(274ན)དེ་ལྟ་ན་དེ་དག་རྣམས་ཀྱིས་རང་ལོ་བདུན་པ་ནས་ལྔ་བཅུ་རྩ་བདུན་གྱི་བར་དུ་ལུས་རྟེན་འདི་ཉིད་ཀྱིས་དམ་པའི་ཆོས་ཟབ་མོ་ཇི་ལྟར་ཐོས་ཤིང་ཐོབ་པའི་རྣམ་གྲངས་རྣམས། སླད་ནས་ཆོས་ཀྱི་རྗེས་སུ་འབྲང་བའི་སྐྱེ་བོ་དད་པའི་ནོར་གྱིས་མ་ཕོངས་པའི་སྐལ་པ་ཅན་རེ་འབྱུང་བར་སྲིད་ན། དེ་རྣམས་ལ་ཁུང་འཚོལ་ལམ་སྟོན་གྱི་ཚུལ་དུ་བརྗེད་བྱང་ཐོབ་ཡིག་དཀྱུས་གཅིག་ཏུ་བཀོད་པ་སྟེ། དེ་ཙམ་གྱིས་ད་དུས་རང་ལུས་ཕུང་ལྔས་ལྕོགས་ཚོད་དང་སྦྱར་ཏེ་ལུང་གི་བསྟན་པ་(274བ)ལ་ཐོས་བསམ་གྱི་བྱ་བ་རེ་ཞིག་བྱས་ཟིན་པའི་དབང་དུ་བཏང་ནས། ད་ནི་རྟོགས་པའི་བསྟན་པ་ཀུན་མཁྱེན་ཡེ་ཤེས་ཆེན་པོའི་དགོངས་པ་རང་བབ་གཉུག་མའི་བསམ་གཏན་ལ་ཡུད་ཙམ་རེ་ཡང་དག་པར་འཇོག་པ་ལ་འདུན་པར་གྱུར་ཏོ། །སླར་ཡང་སྨྲས་པ། ཨོཾ་སྭསྟི་པྲ་ཛཿབྷྱ། མཁའ་ལྟར་ཀུན་ཁྱབ་འགྲོ་འོང་རྣམ་སྤངས་སེམས་ཀྱི་རྡོ་རྗེ་གཉུག་མའི་གཤིས། །མི་ཤིགས་སྟོང་ཆེན་ཐིག་ལེར་སྙོམས་ཞུགས་འཁོར་དང་མྱ་ངན་འདས་པའི་དངོས། །རིགས་གཅིག་རིགས་ལྔ་རིགས་བརྒྱར་འཕྲུལ་སྟོན་དཔལ་ལྡན་བླ་མ་རྡོ་རྗེ་སེམས། །མི་ཕྱེད་སྙིང་གི་ཐིག་ལེར་(275ན)བཞུགས་ལ་དགེ་ལེགས་མེ་ཏོག་ཆར་དུ་བརྙིལ། ༡། གསུང་གཅིག་སྒྲ་ཡིས་དུ་མར་སྣང་བ་སྲས་བཅས་རྒྱལ་བའི་ཆོས་ཀྱི་མཛོད། །ངེས་པའི་དོན་དུ་བརྗོད་པ་ཀུན་སྤངས་མི་ཤིགས་རྡོ་རྗེ་ནཱ་དའི་དངོས། །གསང་ཆེན་གསང་བའི་འདུ་འཕྲོ་གཅིག་གྱུར་ཡི་གེ་འཁོར་ལོའི་སྤྲིན་ཆེན་པོ། །མི་ཤིགས་གསུང་གི་རྡོ་རྗེའི་བདག་ཉིད་ཟབ་རྒྱའི་ཆོས་ཚུལ་རྒྱ་མཚོར་འདུད། ༢། དགེ་ལེགས་བྱེ་བའི་སྙིང་པོར་ཡོངས་སྣང་ཐུབ་དབང་གསུང་རབ་ཡིད་བཞིན་ནོར། །(275བ)ཇི་སྙེད་དོན་གཟིགས་འཇིག་རྟེན་མིག་གྱུར་འཛམ་གླིང་མཛེས་པའི་རྒྱན་དག་གིས། །ལེགས་པར་རབ་བཟུང་རིན་ཐང་བྲལ་བའི་ཟབ་ཆོས་རིན་ཆེན་ནོར་བུའི་ཕྲེང་། །ཚེ་རབས་མང་བསགས་ཚོགས་གཉིས་བསོད་ནམས་ཟོང་གིས་ཡང་དག་ཁུགས་པའི་དཔྱིད། ༣། ཆོས་རབ་རྣམ་འབྱེད་ཤེས་རབ་ཟབ་མོས་ཇི་ལྟ་ཇི་སྙེད་ཤེས་བྱའི་དོན། །སོ་སོར་འབྱེད་པའི་བློ་གྲོས་རྡུལ་མང་བཀའ་དྲིན་གསུམ་ལྡན་བླ་མ་རྗེའི། །བརྩེ་བའི་ཐུགས་རྗེ་ཐོགས་མེད་འཇུག་པས་དེང་འདིར་བུམ་པ་གང་བྱོས་སུ། །ཇི་ལྟར་ཐོབ་ཚུལ་དཀར་ཆག་མ་འདྲེས་མི་འགྱུར་ཡི་གེའི་(276ན)གཟུགས་སུ་བཀོད།༤ ། རྒྱལ་བསྟན་ཉི་མ་ནུབ་རིའི་ཕང་པར་མནལ་དུ་གཟིམ་ལ་ཉེ་བའི་སྐབས། །ལུང་དང་རྟོགས་པའི་བཤད་སྒྲུབ་སྲོལ་ཀ་ཡང་ནས་ཡང་དུ་འཕེལ་བྱེད་པ། །བསོད་ནམས་ཚོགས་ཆེན་དཔག་ཏུ་མེད་གང་རྒྱལ་བས་བརྗོད་པར་ག་ལ་ནུས། །དེ་ཕྱིར་འདིར་འབད་རྣམ་དཀར་ཕུང་པོས་སྲིད་པའི་ཁམས་འདི་དོག་པོར་བྱས།༥། དེ་ཡི་མཐུ་ལས་ཡངས་པའི་འགྲོ་ཀུན་བདེ་སྐྱིད་རྫོགས་ལྡན་པདྨོ་བཞད། །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརླིངས་ཆོས་རྔ་འཇིག་རྟེན་ཁྱབ་པར་སྒྲོགས། །ལུང་རྟོགས་བསྟན་པའི་ཆུ་ཀླུང་དར་རྒྱས་ཕན་བདེའི་འབྲས་བཟང་གོང་དུ་འཕེལ། །དགེ་ལེགས་ཉི་མ་རྟག་ཏུ་འཆར་བས་སྲིད་ཞིའི་ཁམས་ཀུན་མཛེས་གྱུར་ཅིག༦། (འདི་ཡན་འཁོར་ལོའི་མགོན་པོ་ཕྲིན་ལས་བྱམས་པའི་འབྱུང་གནས་ཀྱི་ཞལ་སྔ་ནས་གདམས་ངག་མཛོད་ཀྱི་བདུད་རྩི་ནོས་སྐབས་ཐོབ་ཡིག་མཇུག་རྒྱན་དུ་ལྗགས་རྩོམ་བཀའ་དྲིན་སྩལ་བ་བྱིན་རླབས་ཀྱི་བབ་ལ་བསམ་སྟེ་བཀོད། ) བདག་ཀྱང་དེང་བཟུང་ཚེ་རབས་ཀུན་ཏུ་མི་ཁོམ་གནས་སུ་མི་སྐྱེ་བར། །འཁོར་ལོ་བཞི་ལྡན་དལ་འབྱོར་རྟེན་རྙེད་ཐེག་(276བ)མཆོག་དགེ་བའི་བཤེས་རྣམས་དང་། །ནམ་ཡང་མི་འབྲས་གུས་པས་ཉེར་བརྟེན་དམ་ཆོས་བདུད་རྩིའི་དགའ་སྟོན་ལ། །ངོམས་མེད་ལོངས་སུ་སྤྱོད་པའི་སྐལ་བཟང་ཕུན་སུམ་ཚོགས་པས་རྒྱུད་ཕྱུག་ཤོག༧། མང་དུ་ཐོས༵་པས་རང་རྒྱུད་ཡོངས་དུལ་བས༵མ་པས་མ་འདྲེས་དེ་ཉིད་ཕྱེད། །སྒོམ༵་པས་ཏིང་འཛིན་ལུས་རྩལ་རབ་རྫོགས་འཆད་པས་གཞན་རྒྱུད་དགྲོལ་ལ་མཁས། །ལྟ་ངན་རྒོད་ཚོགས་རྩོད་པས་ཕམ་བྱས་ཉེས་སྤྱོད་ཆ་བཅས་སྡོམ་པས་བཙུན། །རྩོམ་པ་ལེགས་བཤད་བསྟན་པའི་རྒྱུན་གྱུར་ལྷག་བསམ་བཟང་པོའི་དཔལ་འཛིན་ཤོག༨། ཁྱད་པར་གསང་ཆེན་རྡོ་རྗེའི་ལམ་ལས་དབང་བསྐུར་རྣམ་བཞིས་རྒྱུད་སྨིན་ཅིང་། །འདའ་དཀའི་དམ་ཚིག་ཤིན་ཏུ་རྣམ་དག་རིམ་གཉིས་ལམ་གྱི་མངོན་རྟོགས་ནི། །ཟབ་མོའི་བསྙེན་སྒྲུབ་ཚུལ་བཞིན་མཐར་ཕྱིན་ཕྲིན་ལས་རྒྱ་མཚོར་རང་བྱན་ཚུད། །དཀའ་བ་མེད་པར་རིག་འཛིན་རྣམ་བཞིའི་གོ་འཕང་དངོས་གྲུབ་མཆོག་ཐོབ་ཤོག ༩། ཤིན་ཏུ་རྣལ་འབྱོར་ཀ་དག་གནས་ལུགས་ཀུན་བཟང་དགོངས་པའི་རྩལ་ཆེན་རྫོགས། །ལྷུན་གྲུབ་འོད་གསལ་སྒྲོན་བཞིའི་ལམ་ལས་སྣང་བཞིའི་ས་ལམ་མིག་འཕྲུལ་ལྟར། །བདེ་བླག་ཉིད་བགྲོད་འཇའ་ལུས་འཕོ་ཆེན་(277ན)རྡོ་རྗེའི་སྐུར་སྨོན་དེ་ཁོ་ནས། །འཁོར་བ་ཇི་སྲིད་དུས་ལས་མི་ཡོལ་རྟག་ཁྱབ་ཕྲིན་ལས་ལྷུན་གྲུབ་ཤོག ༡༠ ། ཆོས་ཉིད་ངོ་བོ་བསམ་བརྗོད་ལས་འདས་གདོད་ནས་རྣམ་དག་དོན་དམ་བདེན། །ཆོས་ཅན་རང་བཞིན་སྣང་བ་མ་འགག་རྟེན་འབྲེལ་བསླུ་མེད་ཀུན་རྫོབ་བདེན། །བདེན་གཉིས་ཟུང་འཇུག་ཡེ༵་ཤེས༵་སྙིང་པོ་ནམ་ཡང་མི་ཤིགས་རྡོ༵་རྗེ༵འི་དངོས། །རྟག་བརྟན་ཡོངས་གྲུབ་བཀྲ་ཤིས་ཆེན་པོ་ས་གསུམ་བདེ་ལེགས་དཔལ་གྱུར་ཅིག ༡༡ ། སརྦ་དཱ་མདྒ་ལཾ། །