བླ་མ་ཐུགས་ཀྱི་སྒྲུབ་པའི་བྱིན་རླབས་གཏོར་མའི་དབང་བསྐུར་གྱི་ཆོ་ག་སྐལ་བཟང་འདོད་འཇོ།

From Dudjom Wiki
DJYD-KABUM-05-CA-004
Wylie title bla ma thugs kyi sgrub pa'i byin rlabs gtor ma'i dbang bskur gyi cho ga skal bzang 'dod 'jo DJYD-KABUM-05-CA-004.pdf
Location bdud 'joms rin po che bka' 'bum
Volume 5, Text 4, Pages 61-76 (Folios 1a1 to 8b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla ma thugs kyi sgrub pa'i byin rlabs gtor ma'i dbang bskur gyi cho ga skal bzang 'dod 'jo. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 5: 61-76. Kalimpong: Dupjung Lama, 1979-1985.
Side notes Recto: gtor dbang   Verso: gter kha bdun 'dus bla sgrub
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Torma Empowerments - gtor dbang
Cycle ཐུགས་སྒྲུབ་གཏེར་ཁ་བདུན་འདུས་ (thugs sgrub gter kha bdun 'dus)
Colophon

།ཅེས་གཏེར་ཁ་དྲུག་གམ་བདུན་གྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པ་བླ་མ་གསང་འདུས་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བར་དུས་བཟང་ཚེས་བཅུའི་མཆོད་པའི་དངོས་གྲུབ་གཏོར་མའི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་གསལ་བར་སྤྲོས་པ་འདིའང་། རིས་སུ་མ་ཆད་པའི་སྐྱེ་འགྲོ་མཐའ་དག་མཚོ་སྐྱེས་རྒྱལ་བའི་གདུལ་བྱར་སྨིན་པའི་ཆ་རྐྱེན་དུ། མགོན་པོ་གང་གི་རྗེས་སུ་བཟུང་བའི་རིག་པ་འཛིན་པ་འཇིགས་བྲལ་རྡོ་རྗེས་སྦྱར་བ་ཤིན་ཏུ་དགེ་ཞིང་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces gter kha drug gam bdun gyi brgyud pa'i chu bo gcig tu 'dres pa bla ma gsang 'dus thugs kyi sgrub pa dang 'brel bar dus bzang tshes bcu'i mchod pa'i dngos grub gtor ma'i dbang bskur ji ltar bya ba'i tshul cung zad gsal bar spros pa 'di'ang /__ris su ma chad pa'i skye 'gro mtha' dag mtsho skyes rgyal ba'i gdul byar smin pa'i cha rkyen du/__mgon po gang gi rjes su bzung ba'i rig pa 'dzin pa 'jigs bral rdo rjes sbyar ba shin tu dge zhing don dang ldan par gyur cig___/sarba dA mang+ga laM//

[edit]
༄༅། །བླ་མ་ཐུགས་ཀྱི་སྒྲུབ་པའི་བྱིན་རླབས་གཏོར་མའི་དབང་བསྐུར་གྱི་ཆོ་ག་སྐལ་བཟང་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

༄༅། །ཨོཾ་སྭསྟི་སིདྡྷཾ། རྒྱལ་ཀུན་འདུས་ཞལ་ཐོད་ཕྲེང་རྩལ། །སྙིང་དབུས་ཟེའུ་འབྲུར་རྟག་མཆོད་ནས། །སྐལ་བཟང་ལམ་གྱི་འཇུག་ངོགས་སུ། །བྱིན་རླབས་སྙིང་པོའི་དབང་བསྐུར་དབྱེ། དེ་ལ་འདིར་བླ་མ་ཐུགས་ཀྱི་སྒྲུབ་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་གཏོར་དབང་གནད་ཀྱི་ཤོག་གཅིག་མའམ་ཀུན་འདུས་སྒྲོན་མེར་གྲགས་པ་ཉིད་བསྐུར་བར་འདོད་ན། ལས་གཞུང་གི་དངོས་གྲུབ་བླངས་པའི་བར་དཀྱུས་ལྟར་སོང་ནས། དཀྱིལ་འཁོར་དུ་ཚོགས་པའི་འདུས་པ་རྣམས་ལས་གཞན་གསར་དུ་འཇུག་ན་ཁྲུས་ནས་དབྱུང་། བགེགས་ཕྲལ་སྲུང་འཁོར་བསྒོམ་པ་མདོར་བསྡུས་ཙམ་སྔོན་དུ་གཏོང་། གང་ལྟར་ཡང་སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་ [2a] སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་མངའ་བ་དེ་ཉིད་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་ [2b] རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པར་མཛད་པ་ཐམས་ཅད་ཀྱི་མཆོག་གམ་ཕུལ་དུ་གྱུར་པ་ནི་གསང་ཆེན་འོད་གསལ་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་འདི་ཉིད་ཡིན་ལ། འདི་ལའང་དབང་པོ་རིམ་གྱིས་པ་སྦྱོར་བའི་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱི་འཇུག་སྒོར་ཡི་དམ་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པ་དང་། དབང་རྣོན་གཅིག་ཅར་བ་སྔོན་སྦྱངས་ལས་འཕྲོ་སད་པ་རྣམས་ཀྱི་འཇུག་སྒོར་བླ་མ་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པ་གཉིས་སུ་གསུངས་པ་ལས། མཆོག་ཏུ་གྱུར་པ་ནི་ཕྱི་མ་ཉིད་ཡིན་ཏེ། དགོངས་པ་འདུས་པའི་རྒྱུད་ལས། །བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་བ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བརྟེན་ནས་འབྱུང་། ཞེས་དང་། རྒྱུད་གཞན་ལས་ཀྱང་། དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་། །བླ་མའི་དཀྱིལ་འཁོར་ཉིད་དུ་འདུས། །བླ་མ་མཆོག་གིས་བྱིན་བརླབས་ན། །རྒྱལ་བ་ [3a] ཀུན་གྱིས་བྱིན་བརླབས་ཏེ། །དཀྱིལ་འཁོ་ཀུན་གྱིས་དབང་བསྐུར་འགྱུར། །ཞེས་སོགས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་གྲུབ་པའི་ལུང་མཐའ་ཡས་པར་འབྱུང་བ་བཞིན། །དེ་ཉིད་སྒྲུབ་པའི་ཚུལ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། འདིར་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་ཐོག་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བར་མངོན་པར་རྫོགས་པར་སངས་རྒྱས་ནས་ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་རིགས་ལྔ་གངས་ཆེན་མཚོའི་སྤྲིན་ཆེན་པོ་མངོན་པར་བཀོད་དེ། དག་དང་མ་དག་པའི་འཇིག་རྟེན་མཐའ་ཡས་པར་འགྲོ་འདུལ་སྤྲུལ་པའི་སྐུའི་བཀོད་པ་དེ་སྙེད་དུ་སྣང་བར་མཛད་ཅིང་། །ཁྱད་པར་འཛམ་གླིང་འདི་ཉིད་ཀྱི་རྒྱ་གར་ཨོ་རྒྱན་བོད་ཡུལ་ལ་སོགས་པར་ཐུབ་པའི་དབང་པོའི་བསྟན་པ་ལ་སྟོན་པ་ཉིད་ལས་ལྷག་པའི་འདུལ་བ་བཞིའི་ཆོ་འཕྲུལ་རྒྱུན་ཆད་མེད་པས་སངས་རྒྱས་ཀྱི་ཕྲིན་ལས་རྒྱ་ཆེན་མཛད་དེ། རྡོ་རྗེའི་སྐུས་འཁོར་བ་ཇི་སྲིད་བར་བཞུགས་ནས་རྟག་ཅིང་ཁྱབ་པའི་ཕྲིན་ལས་འདོད་རྒུར་སྒྱུར་པ་ལ་ཡིད་བཞིན་གྱི་ [3b] ནོར་བུ་རིན་པོ་ཆེས་ཀྱང་བསྐྲུན་དུ་མེད་པའི་ཡོན་ཏན་མངའ་བ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་སྙིགས་དུས་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་རང་གི་སྒྲུབ་ཐབས་རང་ཉིད་ཀྱིས་མཛད་དེ་དོན་མ་འཁྲུལ། སྒྲ་མ་ནོར། ཚིག་མ་བཅོས་པའི་རྡོ་རྗེའི་གསུང་རྨད་དུ་བྱུང་བ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་གནམ་སྐས་ཅན་དང་། ཨོ་རྒྱན་རྡོ་རྗེ་གླིང་པས་ངོམ་ཤོད་གནམ་ལྕགས་བྲག་གི་གསང་ཕུག་དང་། ཆོས་རྒྱལ་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་དང་། རིག་འཛིན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་དང་། ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་གྱི་ཁྱུང་ཚང་བྲག་དང་། ཁྲག་འཐུང་བདུད་འདུལ་རྡོ་རྗེས་སྤུ་བོ་མདོང་ཆུ་བདེ་ཆེན་གསང་ཕུག་སྟེ། །གཏེར་བྱོན་བླ་མའི་ཐུགས་སྒྲུབ་གདམས་སྲོལ་རིམ་པ་དྲུག་གི་ཆུ་བོ་གཅིག་ཏུ་འདྲེས་པའི་ཆོས་སྡེ་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཆད། །ཕྲིན་ལས་ཀྱི་ཚན་ཁ་མ་བྲི་བར། བཀའ་བབས་བྱིན་རླབས་ཀྱི་དྲོད་ཚད་དང་ལྡན་པར་བཞུགས་པ་ལགས། དེ་ལས་བྱུང་བའི་གདམས་པ་འདི་ཉིད་ཀྱི་དབང་དུ་ [4a] བྱས་ན། གསང་འདུས་གནད་ཐེམ་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཅེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་བསྒྲུབ་ཅིང་མཆོད་པས་རྒྱལ་བ་ཐམས་ཅད་སྒྲུབ་ཅིང་མཆོད་པའི་བསོད་ནམས་འཐོབ་པར་འགྱུར་ལ། དེ་ཉིད་མཆོད་པའི་དུས་ཀྱི་ཁྱད་པར་ནི་ཚེས་བཅུ་ཁོ་ན་ཡིན་ཏེ། གསང་འདུས་ཞལ་གདམས་ལས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་དང་། རྒོད་ལྡེམ་གྱི་མངའ་བསྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང་༔ དེ་དུས་ང་ལ་མོས་པ་གྱིས༔ ཞེས་དང་། རཏ་གླིང་ཡང་སྙིང་འདུས་པའི་བསྐུལ་བྱང་ལས། ང་ཉིད་སྲན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་ [4b] བློན་སྔགས་སློབ་ལ༔ འབྱུང་ངོ་ཅོག་གི་ཚེས་བཅུའི་དུས༔ ང་ཉིད་འབྱོན་པའི་དབུ་བསྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤོག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཅིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྷུང་ན་ངས་ཤེས་ཀྱིས༔ བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཅེས་དང་། གཞལ་གདམས་གསེར་ཕྲེང་ལས། སྤྲུལ་པས་གངས་ཅན་ཁྱབ་པར་མི་འབྱོན་རིའི༔ ཐ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤོད་ལྡན་གཏོར་མ་རིན་ཆེན་འབར་བར་བཤམས༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན༔ ཞེས་སོགས་རྒྱ་ [5a] ཆེར་གསུངས་པ་ལྟར་སྤྱི་དང་བྱེ་བྲག་གི་ཕན་ཡོན་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དུས་བཟང་ཚེས་བཅུའི་མཆོད་པའི་དངོས་གྲུབ་བླང་བའི་ཆོ་ག་དང་རྗེས་སུ་འབྲེལ་བར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། ཅེས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཧོཿ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གསར་བུ་ཡོད་ན། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་གནས་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ་ལས་གཞུང་གི་སྐྱབས་སེམས་ལན་གསུམ་རེ་བྱ། བྱིན་རླབས་ཀྱི་གཞི་བསྒྲུབ་པར་བྱེད་པ་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་པདྨ་ [5b] ཉི་ཟླ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་གཞི་ལུས་ཀྱི་བཀོད་པ་དབང་ཆེན་རྟ་མཆོག་ཧེ་རུ་ཀ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་གྱི་སྤྱི་བོར་རྟ་གདོང་དང་ཕག་ཞལ་བཞད་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་བརྐྱང་བསྐུམ་གར་གྱི་རོལ་པས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམ་གྱིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛད། སྤྱན་འདྲེན་རྒྱས་བསྡུས་ཇི་ལྟར་རིགས་པའི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛྙཱ་ན་ཨཱ་ [6a] བེ་ཤ་ཡ་ཨཱཿ ཛཿཧཱུྃ་བྃ་ཧོཿ ཞེས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལའང་། གཏོར་མ་མཆོད་པའི་དུས་སུ་གཏོར་མར་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། དངོས་གྲུབ་བླང་བའི་དུས་སུ་དམ་རྫས་སུ་ཤེས་པ་སྟེ་གསུམ་ལས། འདིར་དབང་དུས་སུ་ལྷར་ཤེས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འབྱུང་བ་རིམ་བརྩེགས་རིན་ཆེན་འབར་བའི་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་པད་ཉི་ཟླ་བའི་གདན་ལ་རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། རྒྱན་ཆ་ལུགས་ཐམས་ཅད་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པར་གྱུར་པ་ལ། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་རབ་འབྱམས་བསམ་གྱིས་མི་ཁྱབ་པས་ [6b] མཆོད་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། སློབ་དཔོན་གྱིས། ཨོཾ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤཔྡའི་ བར་གྱིས་མཆོད། སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་ཐ་མི་དད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་དངོས་གཞིའི་དབང་བསྐུར་བ་མ་ལུས་པ་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ཅག་ལས་འཕྲོ་སྐལ་བར་ལྡན༔ རང་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ། གཏོར་མ་བཏེགས་ལ། ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མ་ལྷར་གསལ་བའི་ཐུགས་རྒྱུད་བསྐུལ་ཏེ་སྐུ་དགྱེས་པའི་གར་མཛད། གསུང་སྔགས་ཀྱི་རང་སྒྲ་སྒྲོགས། ཐུགས་མཁྱེན་བརྩེ་ནུས་པའི་སྒོ་འཕར་བརྒྱ་ཕྲག་དབྱེ་བཞིན་པས་སོ་སོ་རང་རང་གི་མངུན་གྱི་ནམ་མཁར་མངོན་སུམ་དུ་བྱོན་ནས། སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཨོཾ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་མར་མེ་ [7a] གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོཾ་ལས་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་ཨཱཿཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ཨཱཿལ་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཧཱུྃ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ལྟེ་བའི་ཧྲཱིཿལས་འོད་ཟེར་དམར་སེར་ཧྲཱིཿཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧྲཱིཿལ་ཐིམ་པས་དབང་བཞི་པ་ཐོབ། བག་ཆགས་ [7b] ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང་༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་པ༔ སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྴ་རཀྴ་ཀུ་རུ་སྭཱ་ཧཱ༔ ཞེས་ཛཔྲ་དབྱངས་དང་བཅས་ཏེ་གཏོར་མ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རེག་ཅིང་། སླར་ཡང་གཏོར་མའི་བླ་མ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འབྲལ་མེད་དུ་བཞུགས་པའི་མོས་པ་མཛོད། ཅེས་དང་རྩ་སྔགས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག ། མཐར་གཏོར་མ་དངོས་ [8a] གྲུབ་ཏུ་ཤེས་པ་ནི། ཁྱེད་རང་རྣམས་ལྷར་གསལ་བའི་སྤྱི་བོར་བླ་མ་དང་རྩ་ཁམས་དཔའ་བོ་དང་རྣལ་འབྱོར་མར་དག་པས། གཏོར་མ་དངོས་གྲུབ་ཀྱི་བདུད་རྩིར་འཁྱིལ་བ་དེ་རོལ་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པའི་མོས་པ་མཛོད། ། ཅེས་བརྗོད་ལ་གཏོར་མའི་མཐའ་རས་དངོས་གྲུབ་ཀྱི་རྫས་སུ་སྦྱིན་ཅིང་ཚེ་རིལ་གཡས་བསྐོར་དང་། ཚེ་ཆང་གཡོན་བསྐོར་དུ་རོལ། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པ་ལ། མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བྱེ་བྲག་ཏུ་ཡང་བདེ་གཤེགས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་ལ་དཔའ་བོ་དང་རྣལ་འབྱོར་མ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡ་རའི་ཆར་ཆེན་པོ་ཕབ་པས་ཤིན་ཏུ་བཀྲ་ཤིས་པར་བྱས་པའི་ཐུགས་མོས་མཛོད། ། ཅེས་མཚམས་སྦྱར་ལ་ལས་བྱང་ནས་འབྱུང་བས་མཚོན་ཤིས་བརྗོད་ཇི་ལྟར་རིགས་པ་དང་བཅས་ཏེ་མེ་ཏོག་གི་ཆར་ཕབ། འདུས་པ་གསར་བུ་ཡོད་ན་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱའོ། །ངོ་མཚར་ཁྱད་འཕགས་ལམ་ཟབ་དང་། །འབྲེལ་བའི་བྱིན་རླབས་དབང་བསྐུར་ [8b] ཚུལ། །བརྗོད་འདིས་འགྲོ་ཀུན་དཔལ་གྱི་རིར། །དབུགས་འབྱིན་སྐལ་བཟང་རྙེད་གྱུར་ཅིག །ཅེས་གཏེར་ཁ་དྲུག་གམ་བདུན་གྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པ་བླ་མ་གསང་འདུས་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བར་དུས་བཟང་ཚེས་བཅུའི་མཆོད་པའི་དངོས་གྲུབ་གཏོར་མའི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་གསལ་བར་སྤྲོས་པ་འདིའང་། རིས་སུ་མ་ཆད་པའི་སྐྱེ་འགྲོ་མཐའ་དག་མཚོ་སྐྱེས་རྒྱལ་བའི་གདུལ་བྱར་སྨིན་པའི་ཆ་རྐྱེན་དུ། མགོན་པོ་གང་གི་རྗེས་སུ་བཟུང་བའི་རིག་པ་འཛིན་པ་འཇིགས་བྲལ་རྡོ་རྗེས་སྦྱར་བ་ཤིན་ཏུ་དགེ་ཞིང་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།