འཕགས་མཆོག་ནམ་མཁའ་རྒྱལ་པོའི་རྒྱུན་ཁྱེར་ཕན་བདེའི་སྙིང་པོ།

From Dudjom Wiki
DJYD-KABUM-08-NYA-003
Wylie title 'phags mchog nam mkha' rgyal po'i rgyun khyer phan bde'i snying po DJYD-KABUM-08-NYA-003.pdf
Location bdud 'joms rin po che bka' 'bum
Volume 8, Text 3, Pages 63-70 (Folios 1a1 to 4b1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. 'phags mchog nam mkha' rgyal po'i rgyun khyer phan bde'i snying po. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 63-70. Kalimpong: Dupjung Lama, 1979-1985.
Side notes Recto: rgyun khyer   Verso: bdud 'dul thugs chen
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Daily Practice - rgyun khyer
Cycle དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig)
Deity thugs rje chen po, nam mkha' rgyal po
Colophon

།ཅེས་རིག་འཛིན་ཆེན་པོ་བདུད་འདུལ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་འཕགས་མཆོག་ནམ་མཁའི་རྒྱལ་པོའི་གསང་སྒྲུབ་གཙོ་རྐྱང་གི་རྒྱུན་ཁྱེར་ཟབ་ལམ་སྙིང་པོར་དྲིལ་བ་འདི་ནི། ཡོངས་ལ་སྨན་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ་གཏེར་གཞུང་རྩ་བའི་དགོངས་པ་ལ་རིགས་མཐུན་གྱི་མཚམས་སྦྱོར་འཇུག་པ་བདེ་བར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་མགོན་པོ་ཐུགས་རྗེའི་གཏེར་ཆེན་མཆོག་གི་གོ་འཕང་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces rig 'dzin chen po bdud 'dul nus ldan rdo rje'i gter byon 'phags mchog nam mkha'i rgyal po'i gsang sgrub gtso rkyang gi rgyun khyer zab lam snying por dril ba 'di ni/___yongs la sman pa'i bsam pa bzang pos kun nas bslangs te gter gzhung rtsa ba'i dgongs pa la rigs mthun gyi mtshams sbyor 'jug pa bde bar 'jigs bral ye shes rdo rjes sbyar ba ste/___'dis kyang 'gro ba thams cad mgon po thugs rje'i gter chen mchog gi go 'phang la myur du dbugs 'byin pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །འཕགས་མཆོག་ནམ་མཁའ་རྒྱལ་པོའི་རྒྱུན་ཁྱེར་ཕན་བདེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།


༄༅། །ཨོཾ་སྭསྟི། །སངས་རྒྱས་ཀུན་གྱི་ཐུགས་རྗེའི་གཏེར། །འཇིག་རྟེན་མགོན་དུ་མངོན་སྣང་བ། །ནམ་མཁའི་རྒྱལ་པོར་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་རྒྱུན་ཁྱེར་སྤེལ། ། དེ་ཡང་འཕགས་མཆོག་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་གསང་སྒྲུབ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་ལ། སྦྱོར་བ་དབེན་པའི་གནས་སུ་བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་སྐྱབས་ཡུལ་དུ་བཞུགས་པའི་སྤྱན་སྔར། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ནམ་མཁའི་རྒྱལ་པོ་བསྒྲུབ་པར་སེམས་བསྐྱེད་དོ། ། ཞེས་ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག ། ཅེས་ཚད་མེད་བཞི་བསྒོམས་ནས། ཛཿཧཱུྃ་བཾ་ཧོཿ ས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་ལ། ཨོཾ་ཧྲཱིཿཔདྨནྟྀ་ཀྲཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་རྡོ་རྗེའི་རྟའི་སྔགས་ཀྱི་རང་སྒྲས་གདུག་པ་ཅན་ཐམས་ཅད་རིང་དུ་བསྐྲད། བཛྲ་ཛྙཱ་ན་རཀྵ་ཨཱཿ ཧཱུྃ༔ ཞེས་སྲུང་བའི་འཁོར་ལོས་ཕྱོགས་ཀུན་གཏམས་པར་མོས། དངོས་སུ་བཤམས་པའི་མཆོད་པ་ཡོད་ན། ཨོཾ་ཨཱཿ ཧཱུྃ་སརྦ་པཱུ་ཚ་མེ་གྷ་ས་མ་ཡེ་ཧཱུྃ༔ བཛྲ་སྥ་ར་ཎ་ཁཾ་ གིས་མཁའ་ཁྱབ་ཏུ་སྤེལ། དངོས་གཞི་བསྐྱེད་བཟླས་ཀྱི་རྣལ་འབྱོར་ཡན་ལག་དང་བཅས་པ་ནི། ཧྲཱིཿ སྟོང་ཉིད་དབྱིངས་ལས་སྙིང་རྗེའི་གདངས༔ རང་སེམས་ཧྲཱིཿལས་འོད་འཕྲོས་པས༔ སྣོད་བཅུད་ཕུང་ཁམས་དབྱིངས་སུ་སྦྱངས༔ དེ་ཡི་ངང་ལས་འབྱུང་རིམ་སྟེང་༔ རྡོ་རྗེའི་སྲུང་འཁོར་གཞལ་མེད་ཁང་༔ མཚན་རྫོགས་འོད་ཟེར་འབར་བའི་ནང༔ མ་ཆགས་པདྨ་ཉི་ཟླའི་དབུས༔ ཧྲཱིཿཡིག་འཕྲོ་འདུས་ཡོངས་གྱུར་པ༔ རང་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ ནམ་མཁའི་རྒྱལ་པོ་བཅུ་གཅིག་ཞལ༔ སྐུ་མདོག་དཀར་ལ་དམར་བའི་མདངས༔ རྩ་བའི་ཞལ་གསུམ་དཀར་ལྗང་དམར༔ དེ་སྟེང་ཞལ་གསུམ་དམར་སེར་ལྗང་༔ དེ་སྟེང་ཞལ་གསུམ་ལྗང་དཀར་དམར༔ དེ་སྟེང་ཁྲོ་ཞལ་དུད་ཁ་རྔམས༔ སྟེང་ཞལ་འོད་དཔག་མེད་པ་དམར༔ རྩ་ཕྱག་ཐལ་སྦྱར་ནོར་བུ་བསྣམས༔ འོག་གཉིས་ཤེལ་ཕྲེང་པད་དཀར་འཛིན༔ ལྷག་མའི་གཡས་ཀྱི་ཡན་ལག་བཅུས༔ རྒྱ་གྲམ་རྡོ་རྗེ་རིན་པོ་ཆེ༔ པདྨ་རལ་གྲི་འཁོར་ལོ་དང་༔ ཨུཏྤལ་ཉི་ཟླ་པད་ཆུན་བསྣམས༔ གཡོན་གྱི་ཡན་ལག་ཕྱག་བཅུ་ན༔ རལ་པོད་ཤེལ་ཕྲེང་སྣ་ཚོགས་རྡོར༔ དྲིལ་བུ་སྤྱི་བླུགས་བུམ་མཁར་གསིལ༔ ལྷུང་བཟེད་མཆོད་རྟེན་ལེགས་བསྣམས་ཤིང་༔ ཉིང་ལག་ཕྱག་སྟོང་སྤྱན་སྟོང་མངའ༔ ཞབས་བཞི་དྲང་པོར་གཤིབས་ཏེ་བཞེངས༔ རི་དྭགས་ལྤགས་པས་ནུ་གཡོན་བཀབ༔ རིགས་བཞིའི་སྤྲུལ་ཆུན་དར་ཤམ་མཛེས༔ རིན་ཆེན་དབུ་རྒྱན་སྙན་ཆ་དང་༔ ཕྱག་གདུབ་ཞབས་གདུབ་དོ་ཤལ་སོགས༔ ལོངས་སྤྱོད་ཆས་རྫོགས་གཟི་འོད་འབར༔ ཡུམ་ཆེན་གསང་ཡེ་དྷཱ་ཀི་ནཱི༔ དམར་མོ་ཞལ་གསུམ་ཕྱག་དྲུག་མ༔ ཁྲོ་འཛུམ་གཡས་དཀར་གཡོན་སྔོན་ཞལ༔ རྩ་ཕྱག་ཌཱ་དྲིལ་འཛིན་པས་འཁྱུད༔ གཡས་གཉིས་གྲི་གུག་ཁ་ཊཱཾ་ཀ༔ གཡོན་གཉིས་ནོར་བུ་ཐོད་ཁྲག་བསྣམས༔ ཞབས་གཉིས་ཡབ་ལ་དགྱེས་སྦྱོར་འཁྲིལ༔ དར་དང་རིན་ཆེན་རུས་རྒྱན་སྤྲས༔ འཇའ་ཟེར་འོད་ལྔའི་ཀློང་དུ་གསལ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ བདེ་གཤེགས་རིགས་ལྔའི་དབང་བསྐུར་རྫོགས༔ ཨོཾ་ཨཱཿ ཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ལ་བྱིན་བརླབ་ཅིང་དབང་བསྐུར། ཐུགས་སྲོག་འོད་དང་བདེ་བའི་རོས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར༔ ཧྲཱིཿ བདག་གི་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན༔ རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿ ཞེས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཞེས་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ས་ཕྱག་བྱ། ཧྲཱིཿ འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཱུ་ཛ་ས་མ་ཡ་ ཧོཿ ཞེས་མཆོད་ཅིང་། ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་མཆོག་གི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཐུགས་ཀར་པདྨ་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར༔ རྡོ་དྲིལ་འཛིན་པ་ཁྲོ་གཏུམ་གཟུགས༔ དེ་ཡི་ཐུགས་ཀར་ཟླ་བའི་དབུས༔ ཏིང་འཛིན་སེམས་དཔའ་ཧྲཱིཿ དཀར་གསལ༔ དེ་ཡི་གཡས་གཡོན་འོག་ཏུ་ནི༔ ཨོཾ་དཀར་ཨཱཿ དམར་ཧཱུྃ་མཐིང་ག༔ འོད་ཟེར་མདངས་དང་ལྡན་པ་ཡི༔ མཐའ་སྐོར་ཡིག་དྲུག་གཡས་བསྐོར་དུ༔ འགལ་མེ་ལྟ་བུར་འཁོར་བ་ལས༔ འོད་འཕྲོས་རྒྱལ་ཀུན་མཉེས་མཆོད་ཕུལ༔ བྱིན་རླབས་ཚུར་འདུས་རང་ལ་བཞུགས༔ མར་འཕྲོས་རིགས་དྲུག་སེམས་ཅན་རྣམས༔ འཁོར་བའི་སྡུག་བསྔལ་ཀུན་བསལ་ནས༔ ཐམས་ཅད་འཕགས་པའི་ས་ལ་བཀོད༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ སྒྲ་གྲགས་ཐམས་ཅད་འཕགས་པའི་གསུང་༔ དྲན་རྟོག་ཆོས་ཉིད་རོལ་པའི་ཀློང་༔ ནམ་མཁའི་རྒྱལ་པོའི་དགོངས་པར་བལྟ༔ ཨོཾ་ཨཱཿ ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་སྤྲོ་བསྡུའི་དམིགས་གནད་དང་བཅས་སྙིང་པོ་ཡི་གེ་བཅུ་པ་ཉིད་ཅི་ནུས་བཟླ། རྗེས་ཐུན་ལས་ལྡང་བར་བརྩམ་པ་ན། ཧཱུྃ༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང་༔ མཁའ་ལ་སྤྲིན་བཞིན་དབྱིངས་སུ་ཐིམ༔ སླར་ཡང་ཟུང་འཇུག་གཉུག་མའི་ལྷ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་མཚན༔ ཨོཾ་ཨཱཿ ཧཱུྃ༔ ཞེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ལ་རྒྱས་གདབ། བདག་གི་བསྙེན་སྒྲུབ་དུས་གསུམ་དགེ་བའི་ཚོགས༔ མཁའ་ཁྱབ་འགྲོ་བ་རྣམས་ཀྱི་དོན་དུ་བསྔོ༔ ཀུན་ཀྱང་ས་བཅུ་ལམ་ལྔ་མཐར་ཕྱིན་ནས༔ ནམ་མཁའི་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་བསྔོ་སྨོན་དང་། ཧྲཱིཿ ཐུགས་རྗེའི་གཏེར་ཆེན་འཇིག་རྟེན་དབང་ཕྱུག་ཆེ༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀྱིས༔ དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ཞིང་༔ རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ལྷ་སྔགས་ཡེ་ཤེས་ཀྱི་ཏིང་འཛིན་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་ལ་འཇུག་པར་བྱའོ། །འཕགས་པའི་སྒྲུབ་ཐབས་བྱེ་བའི་ཕུལ། །ཀུན་ལ་ཕན་བདེའི་དཔལ་སྟེར་བའི། །སྔོན་མེད་ཟབ་ལམ་སྙིང་པོ་འདི། །སྐལ་བཟང་དགའ་བའི་གསོས་སུ་ཤོག །ཅེས་རིག་འཛིན་ཆེན་པོ་བདུད་འདུལ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་འཕགས་མཆོག་ནམ་མཁའི་རྒྱལ་པོའི་གསང་སྒྲུབ་གཙོ་རྐྱང་གི་རྒྱུན་ཁྱེར་ཟབ་ལམ་སྙིང་པོར་དྲིལ་བ་འདི་ནི། ཡོངས་ལ་སྨན་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ་གཏེར་གཞུང་རྩ་བའི་དགོངས་པ་ལ་རིགས་མཐུན་གྱི་མཚམས་སྦྱོར་འཇུག་པ་བདེ་བར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་མགོན་པོ་ཐུགས་རྗེའི་གཏེར་ཆེན་མཆོག་གི་གོ་འཕང་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།