དཔལ་མགོན་ནག་པོ་ཆེན་པོ་ཕྱག་བཞི་པའི་མདོས་ཀྱི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་ལྷའི་རྔ་སྒྲ།

From Dudjom Wiki
DJYD-KABUM-08-NYA-016
Wylie title dpal mgon nag po chen po phyag bzhi pa'i mdos kyi cho ga phrin las lhun grub phyogs las rnam rgyal lha'i rnga sgra DJYD-KABUM-08-NYA-016.pdf
Location bdud 'joms rin po che bka' 'bum
Volume 8, Text 16, Pages 401-451 (Folios 1a1 to 26a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal mgon nag po chen po phyag bzhi pa'i mdos kyi cho ga phrin las lhun grub phyogs las rnam rgyal lha'i rnga sgra. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 401-451. Kalimpong: Dupjung Lama, 1979-1985.
Side notes Recto: mdos chog   Verso: bdud 'dul dpal mgon
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Thread-cross Ceremonies - mdos chog
Cycle བདུད་འདུལ་ཕུར་པ་གནམ་ལྕགས་སྤུ་གྲི་ (bdud 'dul phur pa gnam lcags spu gri)
Deity dpal mgon nag po chen po phyag bzhi pa
Colophon

དེ་ལྟར་དཔལ་མགོན་ནག་པོ་ཆེན་པོ་ཕྱག་བཞི་པའི་མདོས་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་ལྷའི་་རྔ་སྒྲ་ཞེས་བྱ་བ་འདི་ནི། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་བཀའི་པོད་པན་སྤྱི་བོར་ལྷུང་བ་གུས་པས་གཙུག་གི་རྒྱན་དུ་མཆོད་པར་བྱ་བའི་ཕྱིར། གཏེར་གཞུང་རྩ་བའི་གཞིར་བཞག་ལ་སྐབས་སུ་བབས་པའི་ངག་འདོན་གྱི་སྤྲོས་པ་འགའ་ཞིག་གཏེར་ཁ་གོང་མ་མགོན་པོ་མེ་འབར་མའི་གཞུང་ལས་བླངས་ཤིང་མཁས་གྲུབ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱི་ངེས་པས་གཏན་ལ་ཕབ་སྟེ། རྗེ་རིགས་ཀྱི་སྔགས་སྨྱོན་གདུག་པ་ཅན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཞི་བཅུ་རྩ་གཉིས་པའི་མཐར་ཐུག་པ་ས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་ཡར་ངོའི་རྫོགས་པ་དང་པོ་ལ་ཀོང་ཡུལ་བདུད་རི་རྔམས་ཆེན་སྒྲ་སྒྲོགས་ཀྱི་མགུལ་ཁུག་བོད་ཀྱི་དུར་ཁྲོད་བསིལ་བ་ཚལ་གྱི་ནགས་ཁྲོད་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་ཕྲིན་ལས་དྲག་པོའི་ལམ་ལ་གཡར་དམ་དུ་འཆའ་བའི་རྣལ་འབྱོར་པ་བློ་གྲོས་ནམ་མཁར་སྤྱོད་པ་རྩལ་གྱིས་བགྱིས་པའོ། །འདིས་ཀྱང་གསང་ཆེན་བསྟན་པའི་རྒྱལ་ཐབས་ཀྱི་མངའ་ཐང་དགུང་དུ་བདོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།

de ltar dpal mgon nag po chen po phyag bzhi pa'i mdos gi cho ga phrin las lhun grub phyogs las rnam rgyal lha'i rnga sgra zhes bya ba 'di ni/___rigs dang dkyil 'khor rgya mtsho'i khyab bdag gar gyi dbang phyug sangs rgyas rdo rje 'dus pa rtsal gyi bka'i pod pan spyi bor lhung ba gus pas gtsug gi rgyan du mchod par bya ba'i phyir/___gter gzhung rtsa ba'i gzhir bzhag la skabs su babs pa'i ngag 'don gyi spros pa 'ga' zhig gter kha gong ma mgon po me 'bar ma'i gzhung las blangs shing mkhas grub rig 'dzin brgyud pa'i phyag bzhes kyi nges pas gtan la phab ste/___rje rigs kyi sngags smyon gdug pa can 'jigs bral ye shes rdo rjes rang lo bzhi bcu rtsa gnyis pa'i mthar thug pa sa skyong gi lo mgo zla phyi ma'i yar ngo'i rdzogs pa dang po la kong yul bdud ri rngams chen sgra sgrogs kyi mgul khug bod kyi dur khrod bsil ba tshal gyi nags khrod du sbyar ba las/___thog ma'i yi ge pa ni phrin las drag po'i lam la g.yar dam du 'cha' ba'i rnal 'byor pa blo gros nam mkhar spyod pa rtsal gyis bgyis pa'o/___/'dis kyang gsang chen bstan pa'i rgyal thabs kyi mnga' thang dgung du bdo ba'i rgyur gyur cig___/dza yan+tu/

[edit]
༄༅། །དཔལ་མགོན་ནག་པོ་ཆེན་པོ་ཕྱག་བཞི་པའི་མདོས་ཀྱི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །


༄༅། །དཔལ་མགོན་ནག་པོ་ཆེན་པོ་ཕྱག་བཞི་པའི་མདོས་ཀྱི་ཆོ་ག་ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་ལྷའི་རྔ་སྒྲ་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་དཔལ་ཧེ་རུ་ཀ་སྒྲོལ་བྱེད་ཐུགས་རྗེའི་བདག་པོ་ལ་ཕྱག་འཚལ་ལོ། །གནག་སྣུམ་རབ་བརྗིད་འཇིགས་རུང་བཟོད་དཀའི་སྐུ། །དུས་མཐའི་ཞུགས་ཀྱི་ཕུང་པོར་འབར་བའི་ལྕེས། །སྲིད་གསུམ་གདུག་པའི་ཚང་ཚིང་ཡུད་ཙམ་ལ། །ཟ་བའི་དབང་ཕྱུག་ཁྲག་འཐུང་དཔའ་བོ་རྒྱལ། །དེ་ཡི་ཕྲིན་ལས་རྣོ་མྱུར་མཐར་ཐུག་པ། །སྣང་སྲིད་མདོས་ཀྱི་འཁོར་ལོར་བསྒྲུབ་པ་ལས། །འདོད་རྒུ་ལྷུན་གྲུབ་སྲིད་གསུམ་ཕྱོགས་ཀུན་ལས། །རྣམ་རྒྱལ་ལྷ་ཡི་རྔ་སྒྲ་འདི་ན་ལྡིར། །དེ་ཡང་གསང་བ་མཆོག་གི་དཀྱིལ་འཁོར་དུ་ཞུགས་ཏེ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པ། ཡི་དམ་གྱི་བསྙེན་སྒྲུབ་ [2a] ཚད་དུ་འཁྱོལ་བས་དྲེགས་པ་ལས་ལ་བཀོལ་དུ་བཏུབ་པ། བསྟན་པ་དང་འགྲོ་བ་ལ་ཕན་པའི་ལྷག་བསམ་ཆེན་པོ་དང་ལྡན་པའི་འཆང་རྣམས་ཀྱིས། སྤྱིར་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་གྲུབ་པའི་ཕྱིར་རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་ཞིང་རང་གི་དམ་ཚིག་ཉམས་ཆག་གསོ་བ་དང་། ཁྱད་པར་ཕས་ཀྱི་རྦོད་གཏོང་བཟློག་ཅིང་ལོག་འདྲེན་ཚར་གཅོད་པ་སོགས་ཀྱི་དོན་དུ་ཕྲིན་ལས་མདོས་ཀྱི་རིམ་པ་ཟབ་མོ་ལག་ཏུ་བླང་བར་བྱ་སྟེ། དེའི་ཚུལ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱིས་བཅས་བཤམ་པ། དངོས་གཞི་མདོས་ཆོག་གི་གཞུང་བསྲང་བ། རྗེས་དྲག་པོའི་ཕྲིན་ལས་ལ་བསྐུལ་བའོ། །དང་པོ་ལའང་ལྔ། སྤྱིའི་མཆོད་གཏོར། མདོས་ཀྱི་ཡོ་བྱད། སྒོས་ཀྱི་མཆོད་གཏོར། སྐོང་བའི་དམ་རྫས། དྲག་པོའི་ཡོ་བྱད་བཤམ་པའོ། །དང་པོ་ནི། གང་དུ་བྱ་བའི་སྒྲུབ་ཁང་ཡིད་དང་མཐུན་པའི་གནས་དེར་བླ་བྲེ་ཡོལ་བ་སོགས་སྤྱན་གཟིགས་དང་རྒྱན་ཕྲེང་དུ་མས་ [2b] མཛེས་པར་བྱས་པའི་གུང་གི་ཕྱོགས་ལ་བླ་མ་ཡི་དམ་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་དམ་ཚིག་གི་བྲིས་སྐུ་སོགས་བྱིན་རླབས་གྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུམ་ཐོ་བ་ལ། དབུས་སུ་བླ་མ་ཡི་དམ་དབྱེར་མེད་རྩ་བའི་མཆོད་གཏོར། གཡས་སུ་ཆོས་སྐྱོང་དམ་ཅན་སྤྱིའི་གཏོར་སྤུངས་གཡོན་དུ་ནག་བོ་ཆེན་པོ་སྒོས་ཀྱི་མཆོད་གཏོར། གཞན་ཡང་གཏེར་བདག་དང་གཞི་བདག་གི་གཏོར་མ་སོགས་དང་། བདུད་རྩི་རཀྟ། ཞི་དྲག་གི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་ཚུལ་བཞིན་བཤམ་མོ། །གཉིས་པ་མདོས་ཀྱི་ཡོ་བྱད་ནི། དེའི་མདུན་ངོས་ཀྱི་གཞི་སྟེགས་ལ་མདོས་ཟན་སོགས་ལ་བྱ་བའི་ཚེ། ཞིང་ངམ་གཅན་གྱི་པགས་པའི་ཁར་འབྲུ་སྣའི་ངར་ཕྱེ་སྨན་སྣ་དང་རིན་པོ་ཆེ་སྣ་ཚོགས་བསྲེས་པ་ཁྲག་ཆང་གིས་སྤགས་པས་རི་རབ་བང་རིམ་བཞི་པ་ལ། སྟེང་དུ་རྣམ་པར་རྒྱལ་བའི་ཁང་བཟང་། འོག་གི་ཕྱིར་གླིང་བཞི་གླིང་ཕྲན་བརྒྱད་མུ་ཁྱུད་དང་བཅས་པ་ལ་ཡས་སྟགས་སོགས་འོག་ཏུ་བཤད་པ་བཞིན་འགོད་པ་ཡིན་ནོ། །ཤིང་ཁྲི་ལ་བརྟེན་ནས་མདོས་ཆེ་བར་བྱེད་པའི་ཚེ་ན། སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བརྩེགས་པའམ། མེད་ན་གཞི་དེར་བ་བྱུང་དང་དུག་ཁྲག་སོགས་ཀྱིས་ཆག་ཆག་བཏབ་པའི་ཁར་ཐིག་ཆེན་བརྒྱད་བཏབ་པའི་དབུས་ན་ཕྱོགས་རེར་ཆ་མཉམ་ལྔ་ལྔ་བྱས་བའི་ཕྱིར་ཆ་དེ་བཞི་ཆར་བྱས་པའི་བཅུ་བཞི་རེ་ཡོད་པའི་ཟུར་ནས་ཟླུམ་སྐོར་སུམ་རིམ་དང་། ལྟེ་བའི་ཆ་གཉིས་ཟླུམ་པོར་བསྐོར་བ་ལས་འཁོར་ལོ་ནག་པོ་རྩིབས་བརྒྱད་ཨེ་ཟླ་གམ་དང་བཅས་པ། དེའི་ཕྱིའི་བཞི་རི་རབ་ཀྱི་རིམ་པ་སྟེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ཟུར་གྱི་གྲྭ་མིག་རྣམས་སོ། །ཆ་ཕྲན་བཅུ་བཞི་པོ་གསེར་རི་རོལ་མཚོ་སྟེ་སེར་སྔོ་སྤེལ་མར་བྱ། ཁྱམས་བཞི་སྔོན་པོ་ཆུ་རིས་ཅན་གྱི་ཤར་དུ་ལུས་འཕགས་ [3a] གླིང་ཟླ་གམ་དཀར་པོ། ལྷོར་འཛམ་གླིང་སོག་ཁ་སྔོན་པོ། ནུབ་ཏུ་བ་ལང་སྤྱོད་ཟླུམ་པོ་དམར་པོ། བྱང་དུ་སྒྲ་མི་སྙན་གྲུ་བཞི་སེར་པོ། རེ་རེ་འང་རང་འདྲའི་གླིང་ཕྲན་གཉིས་གཉིས་ཀྱིས་བརྟེན་པ། ཕྱིའི་ཟླུམ་སྐོར་ནང་ངམ་ལྕགས་རི་དང་ཕྱི་མ་རྟ་གདོང་གི་མེ་རྣམས་ཚོན་གྱིས་བྲིའོ། །དེའི་ཁར་རི་རབ་ཀྱི་ཟུར་ཕྱི་མ་དང་མཉམ་པའི་ཤིང་ཁྲི་བང་རིམ་བཞི་པ་འཇག་སོག་གིས་གཡོགས་པའི་ཕྱི་རིམ་གྱི་མདོག་དང་མཚུངས་པའི་རས་ཀྱིས་དཀྲི། དབུས་ཀྱི་བྲུབ་ཁུང་དུ་ལིངྒ་དང་རྩིབས་དམར་གཏོར་རེ་འཇོག །ཁྲི་དེའི་དབུས་སུ་བུག་པ་བྱས་ལ་གུར་ནག་པོ་རྡོ་རྗེ་རིས་ཐོག་གཅིག་གཉིས་གང་རུང་ཡོད་པའི་ནང་གི་སྲོག་ཤིང་ལ་ནམ་མཁའ་ནག་པོ་མགོན་པོའི་ཞལ་ཕྱུང་བ་དང་། སྟེང་དུ་ཁྱུང་ཚང་ཁེབས་དང་བཅས་པ་ཐགས་སུ་དྲན་པ་དང་རྩེ་མོ་གསུམ་པའི་མདུང་དར་ནག་གི་བ་དན་གདུགས་དང་བཅས་པ་གཟུག །ཞལ་ནམ་གྱི་འོག་ཏུ་མགོན་པོའི་སྐུ་གཟུགས་འབུར་མའམ་བྲིས་པ་བཀོད། དེའི་ཕྱོགས་བཞིར་མཐུན་རྫས་མི་ནག་པོ་རྟ་ནག་ལ་ཞོན་པ་ཆས་གོས་ནག་པོ་བསྟར་ཞིང་ལག་ན་དར་མདུང་ཐོགས་པ་བཞི། ཁྱི་ནག་གཡག་ནག་ལུག་ནག་བྱ་ནག་རྣམས་བཞི་རེ། སེམས་གླུད་ནམ་མཁའ་ཁོང་སྟོང་ནང་སྟོང་པ་མཐའ་འཇའ་རིས་སུ་བྱས་པའི་རྩེར་བྱ་སྤུ་དང་བལ་ཚོན་སྣེ་གཉིས་ལ་དར་བལ་དཔྱངས་པ་བཞི། ལུས་གླུད་རྒྱང་བུ་ཁྲུ་ཆད་རྩེར་བྱ་སྤུ་དང་བལ་ཚོན་མགུལ་དུ་ཡུངས་ཀར་གྱི་གོང་བུ་སྨན་དུ་དར་གྱི་བན་ཕུན་ཅན་བཞི། ཡུལ་མཁར་གྱི་གླུད་ཤིང་གྲིའི་ངོས་ཀྱི་སྟེང་དུ་ནམ་མཁའ་སྤྲིན་དང་ཉི་ཟླ། བར་དུ་རི་དང་ཡུལ་ཁྱིམ། སྨད་དུ་མཚོ་བྲིས་པ་བཞི། ཕོ་གླུད་མདའ་ནག་སྟོང་དམར་བར་དུ་ཚོན་རིས་སྒྲོ་མདེའུ་དང་བཅས་པ་བཞི། མོ་གླུད་འཕང་ཁྲམ་ནས་འབྱུང་བ་རིམ་ [3b] བརྩེགས་ཀྱི་ཚོན་རིས་ཅན་འཕང་ལོ་དང་བཅས་པ་བཞི། རྟེན་རྫས་བྱ་རོག་གི་རྒྱལ་མཚན་བཞི། མདུང་ནག་བཞི། ཟུར་བཞི་རུ་མཚོན་བྱ་ཁྱུང་བཞི། གཞན་ཡང་བྱ་རིགས་འཕུར་དགུ། དཔའ་བཤོས་བཞི་རྣམས་མཛེས་པར་དགོད། བང་རིམ་གཉིས་པ་ཤར་དུ་ལས་མགོན། ལྷོར་འབར་མ། ནུབ་ཏུ་སེང་གདོང་། བྱང་དུ་ཁྱབ་འཇུག་རྣམས་ཀྱི་སྐུ་གཟུགས་དགོད། ཁྱད་པར་གྱི་མཐུན་རྫས་ཤར་དུ་བྱ་རོག་བཞི། ལྷོར་ནལ་བུའི་རྒྱལ་མཚན་བཞི། ནུབ་ཏུ་སེང་གེ་བཞི། བྱང་དུ་སྟག་བཞི། དམར་གྱི་གཏོར་མ་རེ་རེ། སྙིང་གཟུགས་རེ་རེ། ཐུན་མོང་ལ་ནམ་མཁའ་རྒྱང་བུ་ཤིང་གྲི་མདའ་ཁྲ་འཕང་ཁྲ་རྒྱལ་མཚན་བ་དན་རུ་མཚོན་རྣམས་ཕྱོགས་རེ་རེ་གཉིས་གཉིས། ཟུར་བཞིར་སེང་གེ་བཞི། གཞན་ཡང་གཅན་གཟན་ཆེ་དགུ། བང་རིམ་གསུམ་པའི་ཤར་དུ་གིང་། ལྷོར་གཤིན་རྗེ། ནུབ་ཏུ་བཙན། བྱང་དུ་བདུད། མཐུན་རྫས་ཤར་དུ་སྤྲེའུ་བཞི། ལྷོར་བྱ་ཁྲ། ནུབ་ཏུ་སྤྱང་ཀི། བྱང་དུ་གཡག་རོག །དམར་གྱི་གཏོར་མ་རེ་རེ། སྙིང་གཟུགས་རེ་རེ། ནམ་མཁའ་རྒྱང་བུ་ཤིང་གྲི། མདའ་ཁྲ་འཕང་ཁྲ། རྒྱལ་མཚན། བ་དན། རུ་མཚོན་རྣམས་ཕྱོགས་རེ་རེར་གསུམ་གསུམ། ཟུར་བཞིར་ཤ་བ་བཞི། གཞན་ཡང་རི་དྭགས་མཆོང་དགུ། བང་རིམ་བཞི་པ་ལ་ལྷ་དམག་བྱེ་བ་སོགས་འཁོར་ཚོགས་སྤྱི་ལ། ནམ་མཁའ་རྒྱང་བུ་ཤིང་གྲི། མདའ་ཁྲ་འཕང་ཁྲ། ཕོ་གདོང་། མོ་གདོང་། བཤོས་བུ་ཁྲག་བྱུགས་པ་དང་སྙིང་གཟུགས་རྣམས་ཕྱོགས་རེར་བཞི་བཞི་སྟེ་བཅུ་དྲུག ། ཟུར་བཞིར་གླང་ཆེན་བཞི། གཞན་ཡང་གོ་མཚོན་རྒྱན་ཕྲེང་རྟ་དྲེལ་མཛོ་ཁལ་ར་ལུག་ནོར་དབྱིག་དར་ཟབ་སོགས་དཀོན་ནོར་སྣ་ཚོགས་ཀྱི་གཟུགས་ [4a] བཀོད། སྟེང་འོག་ཀུན་ཏུ་དར་ཟབ་རས་བལ་ལ་སོགས་པའི་རྒྱན་ཕྲེང་དང་ཟར་ཚགས་སུ་བྲེས། རི་རབ་ཀྱི་རྩ་བའི་རོལ་མཚོ་དང་པོའི་ཟུར་བཞིར་ཆུ་སྲིན་བཞི། གཞན་ཡང་ཆུ་གནས་ཀྱི་སྲོག་ཆགས་སྣ་ཚོགས་པས་བསྐོར། རྟ་གདོང་གི་མེའི་ནང་ངོས་སུ་ཡོན་བདག་གི་འདྲ་གླུད་ངར་མི་བརྒྱ་རྩ་བརྒྱད། དམར་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བརྒྱ་རྩ་བརྒྱད་རྣམས་སྤེལ་མར་བཀོད། ཟུར་བཞི་ཚོན་སྐུད་རྒྱང་ཐག་བཞི་བྲེ། དེ་དག་གི་ཕྱི་རོལ་གྱི་བར་མཚམས་རྣམས་སུ་ལ་རྫས་ལུང་རྫས་འབྲུ་སྣ་གོས་སྣ་དར་ཟབ་རས་ཆེན་སྨན་སྤོས་རིན་ཆེན་ལ་སོགས་པ་འབྱོར་ཚད་བཤམ་མོ། །གསུམ་པ་སྒོས་ཀྱི་མཆོད་གཏོར་ནི། ཟན་གླུད་རྣམས་ཀྱི་ཕྱི་རོལ་གྱི་མཚམས་བཞིར་མེ་རི་འབར་བ་བཞི། ཕོ་རྒྱུད་དགྱེས་བྱེད་རིན་པོ་ཆེའི་སྣོད་དུ་གསེར་དང་བཅས་པའི་ཛ་གད་ཀྱི་ཕུད་སྐྱེམས་བཞི། མོ་རྒྱུད་དགྱེས་བྱེད་བསྒྲལ་བའི་རཀྟས་གང་བའི་ཕོར་བུ་བཞི། གཉིས་ཀ་དགྱེས་བྱེད་འབྲུ་སྣས་ངར་བཏགས་ཤ་སྣའི་ཕྱེ་མ་དང་བསྲེས་པ་ཁྲག་ཆང་གིས་སྦྲུས་པའི་བཤོས་བུ་ཟུར་གསུམ་དམར་པོ་བཞི་དང་ནག་པོ་བཞི་ཤ་ཁྲག་སོགས་ཟས་ཕུད་སྣ་ཚོགས་པས་བརྒྱན། དེ་རྣམས་མདའ་རྒོད་སྒྲོ་དར་ནག་བཏགས་པ་དང་། ཡུངས་ཀར་གྱི་གོང་བུ་བཙུགས་པ་རྣམས་སྤེལ་མར་བཀོད། མེ་ཕྲེང་གི་ཕྱི་རོལ་གྱི་དབང་ལྡན་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་ཁྲག་གི་ཨརྒྷཾ། མེར་དུག་ཁྲག་གི་ཞབས་བསིལ། ལྷོར་དབང་པོ་ལྔའི་མེ་ཏོག །སྲིན་པོར་གསུར་ཆེན་གྱི་སྤོས། ནུབ་ཏུ་ཞུན་ཆེན་གྱི་མར་མེ། རླུང་དུ་མཁྲིས་པའི་དྲི་ཆག བྱང་དུ་ཤ་ཁྲག་རུས་པའི་ཞལ་ཟས་རྣམས་དང་། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཚོགས་ཀྱི་ཡོ་བྱད་སོགས་མཆོད་པར་འོས་པའི་ [4b] ཡོ་བྱད་ཐམས་ཅད་ཚང་བར་བཤམ་མོ། །བཞི་པ་སྐོང་བའི་དམ་རྫས་ནི། ཕྱི་རྟེན་རྟ་ནག་གཡག་ནག་ལུག་ནག་ཁྱི་ནག་ལ་སོགས་པ་རྒྱན་གྱིས་བརྒྱན་པ་དངོས་སམ་མེད་ན་དེ་དག་གི་ཚབ་བམ་རི་མོར་བྲིས་པས་ཀྱང་རུང་། ནང་རྟེན་ཞྭ་ནག་གོས་ནག་ཕྱག་མཚན་དུར་ཁྲོད་ཀྱི་ཆས་གོས་ལེགས་པ། གསང་རྟེན་གྲི་སྙིང་འཁོར་ལོ་སོགས་མན་ངག་ལས་འབྱུང་བ་རྣམས་དངོས་སམ་བྲིས་ཐང་སོགས་བཀྲམ། སྒྲུབ་ཁང་གི་སྟེང་དུ་རུ་མཚོན་ནག་པོ་ཡང་སྤྱན་གཟིགས་ཀྱི་བརྡར་འཛུག་པར་བྱའོ། །ལྔ་པ་དྲག་པོའི་ཡོ་བྱད་བཤམ་པ་ནི། སྒྲུབ་པ་པོའི་མདུན་ངོས་ཧ་ཅང་མི་རིང་བར་བྲུབ་ཁུང་དངོས་སམ་བྲིས་བའི་ནང་དུ་དམིགས་བྱའི་ལིངྒ་དབང་པོ་དོད་པ་ཁེབས་ཀྱིས་བཀབ་པ་དང་། སྣོད་གཉིས་སུ་སྐམ་ཐུན་རློན་ཐུན། ཕུར་བུ། སྒྲོལ་གྲི། ཐོབ་རྣམས་བཀོད། གཞན་ཡང་ཟོར་རྫས་ཀྱི་ཀོང་བུ། རྦབ་རྡོ། མདའ་ཟོར། གཏོར་ཟོར་མཚེ་ཡུངས་ཀྱིས་བརྒྱན་པ་རྣམས་དང་། རོལ་མོ་སྣ་ཚོགས། གཡབ་དར། རྡོར་དྲིལ། ཌཱ་རུ། ནང་མཆོད་ཐོད་པ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ལེགས་པར་བཤམ་མོ། །གཉིས་པ་དངོས་གཞི་མདོས་ཆོག་གི་གཞུང་བསྲང་བ་ལ་བཅུ། བདག་གི་རྣལ་འབྱོར། མདུན་བསྐྱེད་སྒྲུབ་མཆོད། མདོས་བྱིན་རླབས། མགྲོན་འགུགས་པ། བཞུགས་སུ་གསོལ་བ། དམ་ལ་བཞག་པ། མཆོད་ཅིང་བསྟོད་པ། བསྐང་ཞིང་བཤགས་པ། ཁྱད་པར་མདོས་ཀྱིས་བསྐང་བ། ཕྲིན་ལས་བཅོལ་བའོ། །དང་པོ་བདག་གི་རྣལ་འབྱོར་ནི། འཁོར་ལོ་སྡོམ་པའམ་རྡོ་རྗེ་ཕུར་པ་ལ་སོགས་པའི་ཕྲིན་ལས་སྔོན་འགྲོ་སྐྱབས་སེམས་ནས་བཟུང་སྟེ་བཟླས་པའི་ཚུལ་བཞིན་དུ་བྱའོ། ། [5a] གཉིས་པ་མདུན་བསྐྱེད་སྒྲུབ་མཆོད་ནི། འདས་གཏོར་འབུལ་བ་ནས་བཟུང་གཞི་བདག་གི་གཏོར་མ་བསྔོ་བའི་ཕྲིན་ལས་བཞིན་རྒྱས་པར་བྱ། གསུམ་པ་མདོས་བྱིན་བརླབ་པ་ནི། ཡོ་བྱད་ཐམས་ཅད་ ཨ་མྲྀ་ཏ་བསང་། སྭབྷཱ་ཝ་སྦྱང་། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨེ་ལས་མཁའ་དབྱིངས་དག་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་སྟེང་དུ་སུཾ་ལས་རི་བདུན་རོལ་མཚོ་གླིང་བཞི་གླིང་ཕྲན་དང་བཅས་པས་ཡོངས་སུ་བསྐོར་བའི་རི་རབ་བང་རིམ་བཞི་བ་ཤར་དཀར་ལྷོ་སྔོ་ནུབ་བྱང་སེར་བ་རྒྱ་ཁྱོན་ཚད་མེད་པ་བརྗིད་ཅིང་ལྷུན་ཆགས་པའི་སྟེང་དུ། སྐུ་རྟེན་རྣམས་ལྷར་ཤེས་པ་ནི། བྷྲཱུྃ་ལས་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་ཤིང་འབར་བའི་ཕྲེང་བ་རང་འོད་འཁྲུགས་པའི་དབུས་སུ་པཾ་ལས་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བ་དང་། བང་རིམ་གཉིས་པའི་ཤར་དུ་ཧཱུཾ་ལས་ལས་ཀྱི་མགོན་པོ་ [5b] བྱ་རོག་གདོང་ཅན་ཞེས་པ་ནས། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཞེས་པའི་བར་དང་། བང་རིམ་གསུམ་པའི་ཤར་དུ་ར་ལས་ཚངས་པ། ལྷོར་ཡ་ལས་གཤིན་རྗེ། ནུབ་ཏུ་ཙ་ལས་རྡོ་རྗེ་ལེགས་པ། བྱང་དུ་དུ་ལས་གནོད་སྦྱིན་སོགས་ནས། དུར་ཁྲོད་ཀྱི་ཆས་སྣ་ཚོགས་ཀྱིས་བརྒྱན་པའོ། །ཞེས་པའི་བར་དང་། གཞན་ཡང་དེ་དག་གི་འཁོར་དུ་ནག་པོ་སྟོང་ཤ་ཟ་འབུམ་མ་མོ་བྱེ་བ་གནོད་སྦྱིན་ཁྲི་སྔགས་བདག་སྡེ་དཔོན་སུམ་ཅུ་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དམ་ཅན་རྒྱ་མཚོའི་དམག་ཚོགས་རྔམས་ཤིང་འཇིགས་པ་བསམ་གྱིས་མི་ཁྱབ་པས་ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ་ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བར་མཛད་པའོ། །མཆོད་གཏོར་སྐོང་རྫས་རྣམས་འདོད་ཡོན་དུ་ཤེས་པ་ནི། གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་སྐོང་རྫས་ལ་སོགས་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ། མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་པ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པར་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། མདའ་མདུང་རལ་གྲི་སོགས་མཚོན་ཆར་ཤེས་པ་ནི། རལ་གྲི་ཕུར་པ་ཐུན་རྫས་ལ་སོགས་པ་རྣམས་རྣོ་བའི་ངར་དང་ [5a] གདུག་པའི་དཔལ་དང་ལྡན་པས་དགྲ་བོའི་ལུས་སྲོག་འདྲལ་བ་ལ་ཐོགས་པ་མེད་པའི་ནུས་པ་སྤུ་གྲི་རེག་ཆོད་ཀྱི་སོ་ལྟ་བུར་གྱུར། དེ་ལྟར་ཤེས་པ་གསུམ་གྱིས་མཆོད་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབ་པ་ལ། ཆོས་ཉིད་རྣམ་དག་ནི། ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་ཏེ། ཨོཾ་སྭབྷཱ་བ་ཤུདྡྷཿསརྦ་དྷ་རྨྰཿསྭབྷཱ་ཤུདྡྷོ་ཧཾ། རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ནམ་མཁའ་མཛོད་ནི། ཐལ་མོ་ཁོང་སྟོང་སོར་རྩེ་སྤྲད་པའི་ཚིག་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ། བདུད་རྩི་ཐབས་སྦྱོར་ནི། ཐལ་མོ་ཁ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། རྒྱ་ཆེན་ཤུགས་ལྡན་ནི། གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་སྒྲེངས། གཡོན་པ་ས་གནོན་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་བསམ། ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་ཞིང་གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཁི་ཏེ་ན་མཿས་མནྟ་སྥ་ར་ཎ་ར་སྨི་བྷ་བ་ས་མ་ [6b] ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་བསམ། དབང་སྒྱུར་འཁོར་ལོ་ནི། ལག་གཉིས་ཀྱི་སོར་མོ་ནང་དུ་བསྣོལ་ནས་མཁྲིག་མ་སྦྱར། མཐེ་བོང་གཉིས་གཤིབ་སྟེ་སྒྲེང་བ་སྤྱི་བོར་བཞག་ནས། ན་མཿས་མནྟ་བུདྡྷྰ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ། དེ་ལྟར་སྔགས་རྣམས་ལན་གསུམ་མམ་བདུན་རེ་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དེ་བྱིན་གྱིས་བརླབ་པར་བྱའོ། །བཞི་པ་མགྲོན་འགུགས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཞེས་སྦྱར་ [7a] སྤོས་བསྲེག་ཅིང་དར་ནག་གིས་གཡབ། རོལ་མོ་དབྱངས་དང་བཅས་པས། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ནག་པོ་ཆེ༔ དཔལ་ལྡན་མགོན་པོ་འཁོར་དང་བཅས༔ མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཁྱོད་ནི་ས་བཅུའི་དབང་ཕྱུག་སྟེ༔ ཁྱོད་ནི་ཡང་དག་དོན་གྱི་ཕྱིར༔ དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ འཇིག་རྟེན་པ་དང་མཐུན་འཇུག་ཕྱིར༔ ཕྱག་དང་ཞབས་ནི་བསིལ་མཛོད་ལ༔ འབར་བའི་སྐུར་སྟོན་ནག་པོ་ཆེ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ མཚན་ནས་བོས་སོ་ད་ཚུར་བྱོན༔ བདུད་འདུལ་འཇིགས་བྱེད་ཕྱག་བཞི་པ༔ ཡུམ་ཆེན་མ་མོ་ཙཎྜི་ཀ༔ ལས་མགོན་འབར་མ་སེང་གེའི་གདོང་༔ ཁྱབ་འཇུག་ཚངས་པ་གཤིན་རྗེ་བཙན༔ གནོད་སྦྱིན་གདུག་པའི་འཁོར་ཚོགས་བཅས༔ ཐམས་ཅད་མདོས་ལ་སྤྱན་འདྲེན་ནོ༔ དབྱངས་སྙན་རོལ་མོའི་སྒྲ་ཆེན་པོས༔ བོས་སོ་ཆོས་སྐྱོང་སྙན་མ་སྲ༔ གསུར་ཆེན་སྤོས་དང་ཧསྟི་ཡིས༔ གཡབ་བོ་བསྟན་སྲུང་སྤྱན་མ་རྡུལ༔ དད་པ་དང་ནི་དམ་ཚིག་གིས༔ སྒྲུབ་བོ་མགོན་པོ་གོང་མ་གཡེལ༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་ས་པ་རི་ཝཱ་ར་ཨེཧྱ་ཧི་བཛྲ་ས་མཱ་ཛཿ ཞེས་རོལ་མོའི་སྒྲ་དང་བཅས་པས་སྤྱན་དྲངས། ལྔ་པ་བཞུགས་སུ་གསོལ་ [7b] བ་ནི། ཧཱུྃ༔ དཔལ་ལྡན་མགོན་པོ་མཐུ་ཆེན་གཙོ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ སྲིད་པའི་མ་མོ་བྱེ་བའི་འཁོར༔ ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། མ་ཧཱ་ཀཱ་ལ་ས་མ་ཡ་ཏི་ཥྛ་ལྷན། ཛཿཧཱུྃ་བྃ་ཧོཿ ཞེས་གཉིས་སུ་མེད་པར་ཐིམ་པར་བསམ། དྲུག་པ་དམ་ལ་བཞག་པ་ནི། བདག་ཉིད་ལྷའི་སྙེམས་པ་བརྟན་པོས་མགོན་པོ་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ལ་དམ་ཆུ་བྱིན་པར་མོས་ཏེ། ཀྱཻ། གསོན་ཅིག་དཔལ་ལྡན་ནག་པོ་ཆེ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་ཕྲེང་། །ཁྱེད་རྣམས་དྲག་ཤུལ་མི་བཟད་པ། །ཀུན་བཟང་ཁྲག་འཐུང་ཧེ་རུ་ཀས། །དབང་བསྐུར་སྤྱི་བོར་རྡོ་རྗེ་བཞག །དམ་ཚིག་བདུད་རྩི་ལྗགས་ལ་བསྟིམ། །ཆད་ཐོ་གཉན་པོ་ཐུགས་ལ་གདམས། །དེ་ཕྱིར་སྲུང་མ་དམ་ཚིག་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདུད་དཔུང་དགྲ་བགེགས་ཚར་གཅོད་ཅིང་། །རྣལ་འབྱོར་རེ་འདོད་བསྐང་ངོ་ཞེས། །དམ་བཅས་མ་གཡེལ་ཕྲིན་ལས་མཛོད། །གལ་ཏེ་དམ་ལས་འདའ་སྲིད་ན། །དུས་གསུམ་རྒྱལ་བའི་བཀའི་ཆད་པས། །འཁོར་བཅས་བརླག་པར་གདོན་མི་ཟ། །དེ་བས་དམ་སྲུངས་ཕྲིན་ལས་མཛོད། ཨོཾ་བཛྲ་ས་མ་ཡ་རཀྵནྟུ་པཉྩ་ཨ་མྲྀ་ཏེ་ཨུ་ད་ཀ་ཋ་ཋ་ཋ་ཧཱུྃ། ཞེས་དམ་ལ་བཞག་པས་ཅི་བསྒོ་བའི་ [8a] ལས་ཐམས་ཅད་བསྒྲུབ་ཅིང་བཀའ་ནོད་པར་བསམ། །བདུན་པ་མཆོད་ཅིང་བསྟོད་པ་ནི། ཕྱི་ནང་གསང་བ་སྨན་རཀ་གཏོར་མཆོད་བསྟོད་པ་དང་བཅས་ཕྲིན་ལས་ཀྱི་གཞུང་བཞིན་བྱའོ། །བརྒྱད་པ་བསྐང་ཞིང་བཤགས་པ་ནི། གཞུང་བཞིན་ལས་ཁྱད་པར་ཉམས་ཆག་བསྐང་བའི་ཆེད་དུ་དམིགས་པས་ཡི་གེ་བརྒྱ་པ་མང་དུ་བཟླའོ། །དགུ་པ་ཁྱད་པར་མདོས་ཀྱིས་བསྐང་བ་ལ་བཞི་ལས། དང་པོ་ལྷ་སོ་སོའི་རབས་བརྗོད་དེ་འབུལ་བ་ནི། ཧཱུྃ༔ རྡོ་རྗེ་ནག་པོ་ཆེན་པོ་ནི༔ ཆོས་ཀྱི་དབྱིངས་ནས་བསྐྱོད་པའི་ཚེ༔ འཇིག་རྟེན་ཁམས་སུ་བྱོན་ནས་ཀྱང་༔ དགྲ་བགེགས་བདུད་དཔུང་འདུལ་བར་མཛད༔ སྤྲུལ་པའི་ཕོ་ཉ་དཔག་མེད་འགྱེད༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཕྱག་བཞི་འཇིགས་པའི་མཚོན་ཆ་ཐོགས༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ རབ་འཇིགས་བསྐལ་པའི་མེ་ཀློང་དུ༔ ཀེང་རུས་བརྩེགས་པའི་ཁྲི་ལ་བཞུགས༔ ཧ་ཧ་ཞེས་སྒྲོགས་སྲིད་གསུམ་གཡོ༔ གཙུག་ལག་ཁང་གི་སྲུང་མ་མཛད༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ འདིར་གཤེགས་བཀའ་ཡི་མདོས་ཆེན་ལོངས༔ རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐང་༔ བ་ལིང་རྒྱན་གྱིས་ཐུས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ རཀྟ་དམར་གྱིས་ཐུགས༴ དབང་ལྔའི་མེ་ཏོག་འདི་ཡིས་བསྐང་༔ གསུར་ཆེན་བདུག་སྤོས་ [8b] འདི་ཡིས་བསྐང་༔ བཀྲག་གསལ་ཞུན་ཆེན་མདངས་ཀྱིས་བསྐང་༔ མཁྲིས་ཆེན་དྲི་ཆབ་འདི་ཡིས་བསྐང་༔ ཤ་རུས་ཞལ་ཟས་ཚོགས་ཀྱིས་བསྐང་༔ མཁའ་ལྡིང་བྱ་ནག་འབུམ་གྱིས་བསྐང་༔ རྟ་ནག་རྟིང་དཀར་འབུམ་གྱིས་བསྐང་༔ གཡག་ནག་དར་བརྒྱན་འབུམ་གྱིས་བསྐང་༔ ལུག་ནག་དཔྱི་དཀར་འབུམ་གྱིས་བསྐང་༔ ཁྱི་ནག་སྙིང་དཀར་འབུམ་གྱིས་བསྐང་༔ འཇའ་འོད་ནམ་མཁའ་འདི་ཡིས་བསྐང་༔ ཡིད་སྡུག་རྒྱང་བུའི་འདི་ཡིས་བསྐང་༔ རྣོ་གཅོད་རལ་གྲི་འདི་ཡིས་བསྐང་༔ རྩེ་གསུམ་ཁ་ཊཱཾ་འདི་ཡིས་བསྐང་༔ ཕོ་ཆས་མདའ་བཀྲ་འདི་ཡིས༴ མོ་ཆས་འཕང་བཀྲ་འདི༴ མི་ནུབ་རྒྱལ་མཚན་འདི༴ བ་དན་ནག་པོ་འདི༴ མདུང་དར་རུ་མཚོན་འདི༴ མགོན་པོ་ཡབ་ཡུམ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ ཧཱུྃ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལས་མགོན་བྱ་རོག་གདོང་ཅན་ནི༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ ཞིང་ཆེན་ལྤགས་པའི་གཡང་གཞི་གསོལ༔ ཁྲག་འཛག་མགོ་ཕྲེང་དོ་ཤལ་འཕྱང༔ ཕྱག་གཡས་གྲི་གུག་དགྲ་སྲོག་གཅོད༔ གཡོན་པས་བྷནྡྷ་ཁྲག་བཀང་གསོལ༔ མཆུ་སྡེར་རྣོན་པོས་ [9a] དགྲ་སྙིང་འབྱིན༔ ཆིབས་སུ་མགྱོགས་བྱེད་བྱ་རོག་བཅིབ༔ འཁོར་དུ་ལས་བྱེད་འབུམ་གྱིས་བསྐོར༔ འདིར་གཤེགས་བཀའ་ཡི་མདོས་ལོངས་ཤིག༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་ལས་མ་འདའ་བར༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ རྣལ་འབྱོར་བདག་གི་དགྲ་ལྷ་མཛོད༔ གད་རྒྱང་ཧ་ཧས་འཇིགས་པར་བྱེད༔ གདུག་པ་ཀུན་འདུལ་མཐུ་རྩལ་ཅན༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་གཏོར་མས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱི་ཐུགས༴ རཀྟ་དམར་གྱིས་ཐུགས༴ ཛ་གད་ཕུད་ཀྱིས་ཐུགས༴ དབང་ལྔའི་མེ་ཏོག་འདི་ཡིས་བསྐང་༔ ཤ་ཆེན་སྤོས་སྤྲིན་འདི་ཡིས༴ ཞུན་ཆེན་མར་མེའི་མདངས་ཀྱིས༴ མཁྲིས་ཆེན་དྲི་ཆབ་འདི་ཡིས༴ ཤ་རུས་ཞལ་ཟས་ཚོགས་ཀྱིས༴ བྱ་ནག་འབུམ་གྱིས༴ ནམ་མཁའ་རྒྱང་བུས༴ མདུང་དང་རལ་གྲིས༴ མདའ་འཕང་ཚོགས་ཀྱིས༴ ལས་མགོན་ཆེན་པོ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ནས༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ ཧཱུྃ༔ སོ་ས་གླིང་གི་དུར་ཁྲོད་ནས༔ འབར་མ་ནག་མོ་སྐུ་སྐྱོད་ཅིག༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ སྤྱན་གསུམ་རབ་བགྲད་དགྲ་ལ་གཟིར༔ རལ་པ་ཁམ་ནག་མུན་ལྟར་གཏིབས༔ ཕྱག་གཡས་རྩེ་གསུམ་དགྲ་བགེགས་སྒྲོལ༔ གཡོན་པས་ཐུན་ [9b] ཁྲག་གཏོར་བ་ཡིས༔ དམ་ཉམས་དགྲ་ལ་ཡམས་ནད་འབེབས༔ སྐུ་ལ་རེ་ལྡེ་ནག་པོ་གསོལ༔ ཆིབས་སུ་མགྱོགས་བྱེད་བྱ་རོག་བཅིབ༔ འཁོར་དུ་མ་མོ་འབུམ་གྱིས་བསྐོར༔ བདུད་སྲིན་དམག་ཚོགས་ལས་ལ་འགྱེད༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ འཁོར་བཅས་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་གཏོར་མས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས༴ རཀྟ་དམར་གྱིས་ཐུགས༴ དབང་ལྔའི་མེ་ཏོག་འདི་ཡིས་བསྐང་༔ ཚིལ་ཆེན་སྤོས་སྤྲིན་འདི་ཡི༴ ཞུན་ཆེན་མར་མེ་འདི༴ མཁྲིས་ཆེན་དྲི་ཆབ་འདི་ཡི༴ ཤ་རུས་ཞལ་ཟས་ཚོགས་ཀྱིས་བསྐང་༔ ནལ་བུའི་རྒྱལ་མཚན་འདི༴ ནམ་མཁའ་རྒྱང་བུ་འདི༴ རལ་གྲི་མདུང་དར་འདི༴ མདའ་བཀྲ་འཕང་བཀྲ་འདི༴ འབར་མ་ནག་མོ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ནས༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ ཧཱུྃཿ ཁྲག་མཚོ་མེ་འབར་རྦ་ཀློང་ནས༔ དཔལ་ལྡན་ཞིང་སྐྱོང་སེང་གེའི་གདོང་༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ གཡུ་རལ་སེང་ཆུང་སྐར་ལྟར་འཁྲུག༔ ཕྱག་གཡས་རུ་མཚོན་བདུད་དམག་གཡོབ༔ གཡོན་པས་དམར་གཏོར་དགྲ་ལ་འཕེན༔ ཆིབས་སུ་བདུད་རྟ་རླུང་གཤོག་བཅིབ༔ བམ་རོ་ཕོ་མོ་སྤྱི་ཚུགས་འགྲོ༔ རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔ [10a] དམ་ཅན་རྒྱ་མཚོ་འཁོར་དུ་གཏིབས༔ མི་སྲུན་དྲག་པོས་དགྲ་བགེགས་འདུལ༔ འཁོར་བཅས་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་དམར་ཆེན་གཏོར་མས་བསྐང་༔ འཆི་མེད་བདུད་རྩི་སྨན་གྱིས་བསྐང་༔ རཀྟ་དམར་གྱི་ཨརྒྷས་བསྐང་༔ ཛ་གད་གསེར་སྐྱེམས་ཕུད་ཀྱིས་བསྐང་༔ དབང་པོའི་མེ་ཏོག་འདི་ཡིས༴ ཤ་ཆེན་སྤོས་ཀྱི་དུད་པས༴ ཞུན་ཆེན་མར་མེའི་མདངས་ཀྱིས༴ མཁྲིས་ཆེན་དྲི་ཆབ་འདི་ཡིས༴ ཤ་རུས་ཞལ་ཟས་ཚོགས་ཀྱིས༴ སེང་གེ་རལ་ནག་འབུམ་གྱིས༴ རྟ་ནག་རྟིང་དཀར་ཚོགས་ཀྱིས༴ གཡག་ནག་ཞོལ་ཅན་ཚོགས་ཀྱིས༴ ལུག་ནག་དཔྱི་དཀར་ཚོགས་ཀྱི༴ ཁྱི་ནག་སྙིང་དཀར་ཚོགས་ཀྱིས༴ བྱ་རོག་ནག་པོ་འབུམ་གྱིས༴ ནམ་མཁའ་རྒྱང་བུ་འདི་ཡིས༴ རལ་གྲི་མདུང་དར་འདི་ཡིས༴ མདའ་བཀྲ་འཕང་བཀྲ་འདི་ཡིས༴ སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐང་གྱུར་ནས༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ ཧཱུྃ༔ ཕྱོགས་བཅུ་ནམ་མཁའི་དཀྱིལ་ཡངས་ནས༔ དྲང་སྲོང་ཆེན་པོ་སྐུ་སྐྱོད་ཅིག༔ སྐུ་མདོག་དུད་ཁ་འཇིགས་པ་ལ༔ སྐུ་སྟོད་སྲིན་པོ་སྐུ་སྨད་སྦྲུལ༔ མགོ་དགུས་སྟོང་གསུམ་ས་ལེར་གཟིགས༔ སྤྱི་གཙུག་བྱ་རོག་གནམ་སྒྲ་ཡིས༔ [10a] དགྲ་བགེགས་མ་ལུས་ཆམ་ལ་འབེབ༔ མགོ་ལུས་མེད་པར་མིག་གིས་གང་༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་ཕྱར༔ གཡོན་པས་མདའ་གཞུ་དགྲ་སྙིང་གཟིར༔ ས་ཆུ་མེ་རླུང་རབ་དཀྲུགས་པས༔ དམ་ཉམས་དགྲ་བོ་དམྱལ་ཐག་གཅོད༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་དམར་གྱི་གཏོར་མས་བསྐང་༔ ཏིལ་དང་འོ་མའི་བཅུད་ཀྱི༴ བདུད་རྩི་སྨན་མཆོད་འདི་ཡིས༴ ཛ་གད་ཕུད་རྒོད་འདི་ཡིས༴ རཀྟ་དམར་ཆེན་འདི་ཡིས༴ རྣམ་ལྔའི་མེ་ཏོག་འདི༴ ཤ་ཆེན་དུད་སྤྲིན་འདི༴ ཞུན་ཆེན་སྣང་གསལ་འདི༴ མཁྲིས་ཆེན་དྲི་ཆབ་འདི༴ ཤ་རུས་ཞལ་ཟས་འདི༴ ར་ནག་རྒྱན་ཅན་འབུམ་གྱིས༴ ནམ་མཁའ་རྒྱང་བུ་འདི༴ རལ་གྲི་མདུང་དར་འདི༴ མདའ་བཀྲ་འཕང་བཀྲ་འདི༴ དྲང་སྲོང་གཟའ་བདུད་འཁོར་བཅས་རྣམས༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ཏེ༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་སྐུ་བསྐྱོད་པ༔ སྒྲོལ་གིང་ཆེན་པོས་མཐུ་བོ་ཆེ༔ ཚངས་པ་དུང་གི་ཐོར་ཚུགས་ཅན༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་དར་མདུང་དགྲ་ལ་བགེགས༔ གཡོན་པས་མཚོན་ཆའི་འཁོར་ལོ་བསྐོར༔ དར་དཀར་རལ་ཀ་སྐུ་ལ་གསོལ༔ སྟག་རལ་གཟིག་ཤུབ་གཡས་གཡོན་བསྐོར༔ ཆིབས་སུ་རྟ་དཀར་རྔོག་ [11a] དམར་ཆིབ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ སྐྱེམས་ཕུད་བཤོས་བུས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས༴ ཛ་གད་ཕུད་ཀྱིས་ཐུགས༴ དམར་ཆེན་ཨརྒྷས་ཐུགས༴ རྣམ་ལྔའི་མེ་ཏོག་འདི༴ གསུར་ཆེན་བདུག་སྤོས་དྲི་ཡིས༴ ཞུན་ཆེན་མར་མེའི་མདངས་ཀྱིས༴ མཁྲིས་ཆེན་དྲི་ཆབ་འདི༴ ཤ་རུས་ཞལ་ཟས་འདི༴ སྤྲེའུའི་རྒྱལ་མཚན་འབུམ་གྱིས༴ ནམ་མཁའ་རྒྱང་བུ་འདི་ཡིས༴ རལ་གྲི་མདུང་དར་འདི༴ མདའ་བཀྲ་འཕང་བཀྲ༴ རྒྱལ་པོའི་དམག་ཚོགས་འཁོར་དང་བཅས༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ཏེ༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་སྐུ་བསྐྱོད་པ༔ སྒྲོལ་གིང་ཆེན་པོ་མཐུ་བོ་ཆེ༔ གཤིན་རྗེ་དམར་པོ་འགོང་པོའི་རྗེ༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་སྤུ་གྲི་ཀླད་ལ་བསྐོར༔ ཕྱག་གཡོན་ཞགས་པས་དགྲ་བགེགས་འཆིང་༔ རྒྱབ་ཏུ་བསྭེ་ཕུབ་དམར་པོ་ཁུར༔ ཆིབས་སུ་ར་དམར་རླུང་ཤུགས་བཅིབ༔ བསྭེ་ཡི་བྱ་ཁྲ་ཀླད་ན་ལྡིང་༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ དཔལ་གྱི་གཏོར་མས་ཐུགས་དམ་བསྐང་༔ ཤ་སྣ་སྙིང་སྣས་ཐུགས༴ བདུད་རྩི་སྨན་གྱིས་ཐུགས༴ ཛ་གད་ཕུད་ཀྱིས་ཐུགས༴ བདུད་རྩི་སྨན་གྱིས་ཐུགས༴ ཛ་གད་ཕུད་ཀྱིས་ཐུགས༴ རཀྟ་དམར་གྱིས༴ རྣམ་ལྔའི་མེ་ཏོག་འདི་ཡིས༴ ཤ་ཆེན་སྤོས་ཀྱི་དུད་༴ [11b] ཞུན་ཆེན་སྣང་གསལ་མདངས་ཀྱིས༴ མཁྲིས་པའི་དྲི་ཆབ་འདི་ཡིས༴ ཤ་རུས་ཞལ་ཟས་འདི༴ ནམ་མཁའ་རྒྱང་བུ་འདི༴ རལ་གྲི་མདུར་དར་འདི༴ མདའ་བཀྲ་འཕང་བཀྲ་འདི༴ སྣ་ཚོགས་བྱ་ཁྲ་འབུམ་གྱིས་བསྐང་༔ གཤིན་རྗེའི་དམག་ཚོགས་འཁོར་དང་བཅས༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ནས༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་སྐུ་བསྐྱོད་པ༔ སྒྲོལ་གིང་ཆེན་པོ་མཐུ་བོ་ཆེ༔ བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གཡས་ལ་དགྲ་སྙིང་གཡོན༔ སྐུ་ལ་ཟ་འོག་བེར་སྨུག་གསོལ༔ ཆིབས་སུ་སེང་གེ་དཀར་མོ་བཅིབ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་བཤོས་བུས་ཐུགས༴ བདུད་རྩི་སྨན་གྱིས༴ རཀྟ་དམར་གྱིས༴ ཛ་གད་ཕུད་ཀྱིས༴ ར་ཡི་རྣམ་ལྔས༴ གསུར་ཆེན་སྤོས་ཀྱིས༴ ཞུན་ཆེན་མདངས་ཀྱིས༴ མཁྲིས་ཆེན་དྲི་ཆབ་འདི༴ ཤ་རུས་ཞལ་ཟས་ཚོགས་ཀྱིས༴ ནམ་མཁའ་རྒྱང་བུས་ཐུགས༴ རལ་གྲི་མདུང་གིས༴ མདའ་བཀྲ་འཕང་བཀྲས༴ ལྕགས་སྤྱང་འབུམ་གྱིས༴ བཙན་གྱི་དམག་ཚོགས་འཁོར་དང་བཅས༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ཏེ༔ ཉམས་ཆག་སྐོང་ལ་རྐྱེན [12a] ངན་ཟློག༔ ཧཱུྃ༔ བྱང་གི་ཕྱོགས་ནས་སྐུ་བསྐྱོད་པ༔ སྒྲོལ་གིང་ཆེན་པོ་མཐུ་བོ་ཆེ༔ གནོད་སྦྱིན་ལྕགས་ཀྱི་བེར་ཀ་ཅན༔ ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་ལྕགས་བེར་དགྲ་སྙིང་བསྣམས༔ སྐུ་ལ་དར་ནག་བེར་སློག་གསོལ༔ ཆིབས་སུ་བདུད་རྟ་ནག་པོ་བཅིབ༔ བདུད་ཀྱི་ཁྲམ་ཁ་དགྲ་ལ་འདེབས༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ བྱ་དམར་ཤ་ཁྲག་གཏོར་མས་བསྐང་༔ བདུད་རྩི་སྨན་མཆོད་འདི་ཡིས༴ ཛ་གད་ཕུད་སྐྱེམས་འདི་ཡིས༴ རཀྟ་དམར་གྱི་ཕརྒྷས༴ དབང་པོ་རྣམ་ལྔ་འདི༴ ཤ་ཆེན་གསུར་དུད་འདི་ཡིས༴ ཁྲག་ཞག་དྲི་ཆབ་འདི༴ ཤ་རུས་ཞལ་ཟས་ཚོགས་ཀྱིས༴ ནམ་མཁའ་རྒྱང་བུ་འདི༴ རལ་གྲི་མདུང་དར་འདི༴ མདའ་བཀྲ་འཕང་བཀྲ་འདི༴ གཡག་རྒོད་འབུམ་ཕྲག་འདི༴ གནོད་སྦྱིན་དམག་ཚོགས་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ནས༔ ཉམས་ཆག་སྐོང་ལ་རྐྱེན་ངན་ཟློག༔ གཉིས་པ་བརྟེན་པའི་དམ་རྫས་སུ་འབུལ་བ་ནི། ཧཱུྃ། ཆོས་དབྱིངས་འགྱུར་བ་མེད་པའི་དབྱིངས། །ཕ་མཐའ་བརྡལ་བའི་མཁའ་ཀློང་དུ། །རྒྱ་གྲམ་རླུང་གི་དཀྱིལ་འཁོར་ཆགས། །མེ་དཀྱིལ་གྲུ་གསུམ་དམར་པོ་འབར། །ཆུ་དཀྱིལ་དཀར་པོ་ཟླུམ་ཞིང་འཁྱིལ། །ས་དཀྱིལ་གྲུ་བཞི་གསེར་གྱི་མདོག །རིམ་ [12b] པར་བརྩེགས་པ་འོག་གཞིར་བརྡལ། །དེ་སྟེང་ཆར་གྱི་ཆུ་གཏེར་བྱུང་། །རླུང་གིས་བསྲུབས་པས་རི་རབ་སོགས། །ཁོར་ཡུག་ཆེན་པོའི་འཇིག་རྟེན་ཆགས། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཤར་ཕྱོགས་དཀར་པོ་རིན་ཆེན་ཤེལ། །ལྷོ་ནི་མཐོན་མཐིང་བཻཌཱུརྻ། །ནུབ་ཕྱོགས་པདྨ་རཱ་ག་སྟེ། །བྱང་ནི་འཛམྦུ་ཆུ་བོའི་གསེར། །ཀུན་ཀྱང་རང་རང་མདོག་ཏུ་འཚེར། །ཆུར་ནུབ་ཕྱེད་འཕགས་པ་དཔག་ཚད་ནི། །བརྒྱད་ཁྲིར་མཉམ་པའི་བང་རིམ་བཞི། །རྩེ་མོ་ལྕོག་བརྒྱད་དེ་དབུས་ན། །ལྷ་ཡི་གྲོང་ཁྱེར་ལྟ་ན་སྡུག །ཕྱོགས་མཚམས་ཚལ་བཞི་ཡོངས་འདུས་དང་། །བར་ནི་ཡིད་འོང་སྨན་གྱི་ལྗོངས། །དཔག་བསམ་ཤིང་གི་ནགས་ཚལ་ཆགས། །བང་རིམ་སྡེ་བཞི་སྟག་མྱོས་དང་། །འཕྲེང་ཐོགས་གཞོང་ཐོགས་ཆུར་ནུབ་གསེང་། །ལྷ་མིན་རྣམས་ཀྱི་ཡུལ་ཁམས་ཡིན། །རི་རབ་རྩ་བའི་ཕྱི་རོལ་དུ། །གསེར་རི་བདུན་དང་རོལ་མཚོ་བདུན། །སྤེལ་མར་གནས་པས་ཡོངས་སུ་བསྐོར། །ཁོར་ཡུག་རྒྱ་མཚོ་ཆེན་པོའི་སྟེང་། །ལུས་འཕགས་ཟླ་གམ་དུང་ལྟར་དཀར། །ལུས་དང་ལུས་འཕགས་དག་གིས་མཛེས། །འཛམ་གླིང་སོག་ཁ་བཻཌཱུརྻ། །རྔ་ཡབ་དང་ནི་རྔ་ཡབ་གཞན། །བ་ལང་སྤྱོད་ནི་དམར་ཞིང་ཟླུམ། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །སྒྲ་མི་སྙན་སེར་ [13a] གྲུ་བཞི་སྟེ། །སྒྲ་མི་སྙན་དང་དེ་ཡི་ཟླ། །ཕྱི་རོལ་ལྕགས་རི་ཁོར་ཡུག་དང་། །རྟ་གདོང་མེ་ཡི་ར་བས་བསྐོར། །མདོར་ན་དམྱལ་བའི་གྲོང་ཁྱེར་ནས། །གཟུགས་ཁམས་འོག་མིན་དག་གི་བར། །ཁམས་གསུམ་འཇིག་རྟེན་ཆེན་པོའི་ཞིང་། །སྣོད་བཅུད་རྟེན་དང་བརྟེན་པ་སོགས། །འགྲོ་བ་སོ་སོའི་སྤྱོད་ཡུལ་གྱི། །མཁོ་རྒུའི་འདོད་ཡོན་འབྱོར་བའི་ཚོགས། །མང་པོ་བསམ་གྱིས་མི་ཁྱབ་པས། །ཡོངས་སུ་གང་བའི་ངོ་མཚར་འཕྲུལ། །དེ་འདྲའི་འཇིག་རྟེན་ཁམས་ཆེན་པོ། །དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། ཧཱུྃ། རི་རབ་ཆེན་པོའི་རྩེ་མོ་ན། །རྔམས་བརྗིད་དྲག་པོའི་གཞལ་མེད་ཁང་། །གདུག་པ་གཤིན་རྗེའི་གྲོང་ཁྱེར་ལ། །དྲག་པོའི་ཕོ་བྲང་ཉམས་ཞུགས་པ། །སྐུ་གཟུགས་སྔགས་བྱང་ཕྱག་རྒྱ་སོགས། །དགྱེས་པའི་བླ་རྡོ་ཅི་ཡང་འཚོགས། །ཆོས་སྐྱོང་དམ་ཅན་མཐུན་པའི་རྟེན་། །བཞེད་པ་ཇི་བཞིན་གུས་འབུལ་ན། །མི་འབྲལ་རྟེན་དུ་བཞེས་སུ་གསོལ། །དེ་སྟེང་མཐིང་ནག་རྡོ་རྗེའི་གུར། །རྣམ་པར་བཀྲ་བའི་འཇའ་རིས་ཅན། །རྩེ་མོར་འདབ་བཟང་སྤུ་སྡུག་དང་། །དབང་པོའི་གཞུ་འདྲའི་དར་ཚོན་གྱི། །ཅོད་པན་ལྷབ་ལྷུབ་གཡོ་བ་ཅན། །རྩེ་གསུམ་འབར་བའི་རུ་མཚོན་ནི། །མཐིང་ནག་བདུད་ལས་རྒྱལ་བའི་ [13b] བརྡར། །སྲིད་པའི་རྩེ་མོར་སྙེགས་པར་བསྒྲེང་། །བང་རིམ་དང་པོའི་ཕྱོགས་བཞི་ན། །མི་ནག་གཏུམ་པོ་བདུད་རྟ་ཞོན། །ང་རོའི་གད་མོས་ས་གསུམ་གཡོ། །ཁྱི་ནག་དོམ་བུ་འཁང་ཞིང་ཟ། །གཡག་རྒོད་ངར་ཞིང་བྱ་ནག་ལྡིང་། །རྭ་བཞི་འཁྱིལ་བའི་ལུག་ནག་སོགས། །གྲངས་མེད་མཛེས་པའི་རྒྱན་ཆ་ཅན། །མཐུན་པའི་དམ་རྫས་ཉིད་དུ་འབུལ། །ནམ་མཁའ་སེམས་རྟེན་རྒྱང་བུ་ལུས། །ཕོ་རྟེན་མདའ་ཁྲ་མོ་རྟེན་འཕང་། །ཤིང་གྲི་ཡུལ་མཁར་རི་མོ་ཅན། །ནལ་བུའི་རྒྱལ་མཚན་མདུང་ཐུང་དང་། །རུ་མཚོན་དཔའ་བཤོས་ཙིཏྟ་སྙིང་། །མཁའ་ལྡིང་ཁྱུང་དང་རྒོད་གོང་མོ། །བྱ་ནག་རྨ་བྱ་ནེ་ཚོ་དང་། །པུ་ཤུད་ཀྱུང་ཀ་ཁྱིམ་བྱ་དང་། །ངང་པ་ལ་སོགས་འཕུར་རྒུའི་བྱ། །གྲངས་མེད་ནམ་མཁའ་གང་བ་དང་། །གཞན་ཡང་དགྱེས་པའི་དམ་རྫས་ནི། །མཐོ་དེ་སྲིད་པའི་རྩེ་མོར་སྟེགས། །དམའ་དེ་རྒྱ་མཚོའི་གཏིང་དུ་ཁྱབ། །རྒྱ་ཆེ་ཕྱོགས་ཀྱི་འཁོར་ལོར་བརྡལ། །དཔལ་ལྡན་མགོན་པོ་ཡབ་ཡུམ་ལ། །གུས་པའི་བློ་ཡིས་འབུལ་ལགས་ན། །རྣལ་འབྱོར་དམ་ཚིག་ཉམས་ཆག་སྐོངས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། བང་རིམ་གཉིས་པའི་ཕྱོགས་བཞི་ན། །དཔལ་ལྡན་རྡོ་རྗེ་སྲིན་པོ་ཡི། །སྐུ་ཡི་ཕྱག་རྒྱ་རོལ་པ་ལས། །ལས་མཛད་ནག་པོ་བྱ་རོག་གདོང་། །མ་ [14a] འགགས་གསུང་གི་རོལ་པའི་རྩལ། །དཔལ་ལྡན་མ་མོ་འབར་མའི་གདོང་། །ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ཕྲིན་ལས་དྲག་རྩལ་ཀུན་གྱི་བདག། །ཤ་ཟ་ནག་པོ་སེང་གེའི་གདོང་། །འཁོར་བཅས་མཐུན་པའི་དམ་རྫས་ནི། །བྱ་རོག་ནལ་བུའི་རྒྱལ་མཚན་དང་། །གདོང་ལྔ་ཁམ་ནག་ཙ་ར་འབུམ། །དམར་གཏོར་དགྲ་བོའི་ཙིཏྟ་སྙིང་། །ནམ་མཁའ་སེམས་རྟེན༴ ཕོ་རྟེན༴ ཤིང་གྲི༴ རྒྱལ་མཚན་བ་དན་རུ་མཚོན་དང་། །གདོང་ལྔ་པ་དང་སྟག་གཟིག་གུང་། །ཝ་སྤྱང་གདོང་དམར་སྤྲེའུ་དང་། །དོམ་དྲེད་ལ་སོགས་གཅན་གཟན་རིགས། །དཔའ་གཏུམ་རྩལ་ཆེན་ཆེ་རྒུའི་ཚོགས། །གྲངས་མེད་ཁོར་ཡུག་གང་བ་དང་། །གཞན་ཡང་༴ རང་རང་ཐུགས་ལ་ཅི་བཞེད་པ། །དེ་ལྟར་འཆར་བའི་འདོད་ཡོན་རྣམས། །ལས་མཛད་བཀའ་སྡོད་བཞི་ལ་འབུལ། །རྣལ་འབྱོར་དམ་ཚིག༴ བཅོལ་བའི༴ ཧཱུྃ། བང་རིམ་གསུམ་པའི་ཕྱོགས་བཞི་ན། །ཚངས་པ་གཤིན་རྗེ་བཙན་གྱི་རྗེ། །གནོད་སྦྱིན་སྒྲོལ་གིང་གིང་ཆེན་བཞི། །འཁོར་བཅས་མཐུན་པའི་དམ་རྫས་ནི། །རྩལ་ཆེན་སྤྲེའུ་བྱ་ཁྲ་དང་། །སྤྱང་ཀི་གཡག་རྒོད་གཏུམ་བརྗིད་ཅན། །དམར་གྱི༴ སེམས༴ ཕོ་རྟེན༴ ཤིང་ཁྲི༴ རྒྱལ་མཚན༴ ཤ་རྐྱང་གནའ་བ་དགོ་བ་ [14b] གཉན། །གླ་བ་གཙོད་དང་རི་བོང་སོགས། །རི་དྭགས་མཆོང་རྒུའི་ཚོགས་མང་པོས། །ས་གཞི་དོགས་པོར་བྱས་པ་དང་། །གཞན་ཡང་༴ འཇིག་རྟེན་གསུམ་གྱི་འདོད་ཡོན་རྫས། །མི་ཟད་ནམ་མཁའི་མཛོད་ལྟ་བུ། །བཀའ་སྡོད་སྒྲོལ་གིང་༴ རྣལ་འབྱོར༴ བཅོལ་བའི༴ ཧཱུྃ། བང་རིམ་བཞི་པའི་ངོས་བཞི་ན། །བཀའ་སྡོད་ཕོ་ཉའི་ཚོགས་རྣམས་དང་། །གཞན་ཡང་མཐུན་པའི་དམ་རྫས་ནི། །ནམ་མཁའ་འཇའ་རིས་སེམས་ཀྱི་རྟེན། །རྒྱང་བུ་རིམ་གསུམ་ལུས་ཀྱི་རྟེན། །ཤིང་གྲི༴ ཕོ་རྟེན་མདའ་ཁྲ་ཕོ་གདོང་མཛེས། །མོ་རྟེན་འཕང་ཁྲ་མོ་གདོང་མཛེས། །དམར་པོའི་ཙིཏྟ་འདོད་ཡོན་རྫས། །གླང་ཆེན་ཐལ་དཀར་མཆེ་བ་དྲུག །དཔའ་བོའི་ཆོས་གོས་གོ་ཁྲབ་དང་། །རྣོ་ངར་མཚོན་དང་རིན་ཆེན་རྒྱན། །སྒ་སྲབ་མཛེས་པའི་རྟ་དྲེལ་མཛོ། །རྔམ་བརྗིད་ནོར་དབྱིག་ཁལ་ལྡན་དང་། །དབང་པོའི་གཞུ་འདྲའི་ཟ་འོག་དང་། །གླང་ཆེན་མི་དང་སྟག་གཟིག་གི །གཡང་གཞིའི་ཚོགས་དང་འབྲུ་སྨན་བཅུད། །རོལ་མཚོ་ཆུ་སྲིན་རུས་སྦལ་ཉ། །དུང་དང་ཉ་ལྕིབས་ཀླུ་ཆེན་བརྒྱད། །རིན་ཆེན་དུ་མའི་གཏེར་དང་བཅས། །ཁོར་ཡུག་གླིང་བཞི་གླིང་ཕྲན་ལ། །འགྲོ་བ་སོ་སོའི་མངའ་རིས་དང་། །ལོངས་སྤྱོད་མཁོ་རྒུའི་འབྱོར་པར་ལྡན། །དེ་ལྟའི་འཇིག་རྟེན་ཁམས་ཆེན་པོ། །བྱེ་བ་གྲངས་ [15a] མེད་བསམ་འདས་པ། །ངོ་མཚར་བཀོད་པའི་ཞིང་ཆེན་པོ། །བརྟན་གཡོའི་དངོས་པོ་ཀུན་ཚང་བ། །དཔལ་ལྡན་ཁྲག་འཐུང་ནག་པོ་ཆེ། །ལེགས་ལྡན་རྡོ་རྗེ་སྲིན་པོ་དང་། །མ་གཅིག་ཙཎྜི་ནག་མོ་འབུམ། །ལས་མཁན་དྲེགས་པ་སྡེ་བཞི་དང་། །བཀའ་སྡོད་གོང་བཞི་ཕོ་ཉར་བཅས། །འཁོར་དང་བཅས་ལ་བདག་འབུལ་གྱི། །དགྱེས་པ་ཆེན་པོར་བཞེས་ནས་ཀྱང་། །རྣལ་འབྱོར༴ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །གསུམ་པ་མཆོད་པའི་རྫས་སུ་འབུལ་བ་ནི། ཧཱུྃ༔ བསྐང་ངོ་གསོལ་ལོ་ཐུགས་དམ་ཅན། །དཔལ་ལྡན་མགོན་པོ་ཡབ་ཡུམ་དང་། །བཀའ་སྡོད་ཕོ་ཉ་དྲེགས་པ་བརྒྱད། །འཁོར་ཚོགས་ཕོ་ཉར་བཅས་པ་ལ། །དགྱེས་པའི་མཆོད་པ་འབུལ་བ་ནི། །དགྲ་བོའི་ཤ་ཁྲག་བསྐྱིལ་བའི་མཚོ། །དགྱེས་པའི་མཆོད་ཡོན་ཆེན་པོར་སྦྲེང་། །དུག་ཁྲག་མི་བཟད་ངད་པ་ཅན། །ཞབས་བཀྲུ་དག་བྱེད་རྫིང་བུ་བཅས། །དབང་པོ་ལྔ་སོགས་མེ་ཏོག་ཕྲེང་། །དམར་ཟླུམ་སྤྱན་གྱི་གཟིགས་མོར་ཆེ། །ཤ་ཆེན་བསྲེགས་པའི་དུད་པའི་སྤྲིན། །ཡོངས་འདུས་དྲི་བཟང་ཉིད་དུ་འཐུལ། །ཚིལ་ཞུན་སྦྱར་བའི་མེ་ཡི་འོད། །དུས་མཐའི་ཞུགས་ཀྱི་ཕུང་པོར་འབར། །མཁྲིས་ཆེན་གངྒཱའི་ཆུ་བོའི་རྒྱུན། །སིམ་པ་བསྐྱེད་པའི་བྱུག་པར་བྱ། །ཤ་ཁྲག་རུས་ [15b] པའི་བདེ་ཆེན་དཔྱིད། །ལྗགས་ཀྱི་བདུད་རྩིའི་མཆོག་གྱུར་ལ། །རྐང་ཆེན་དུང་སོགས་རོལ་མོའི་སྒྲས། ས་ཆེན་རིར་བཅས་གཡོ་བ་བཞིན། །གཞན་ཡང་གཟུགས་སྒྲ་དྲི་རོ་སོགས། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་ཀྱི། །རྟགས་རྫས་སྒེག་སོགས་ལྷ་མོའི་ཚོགས། །ངོ་མཚར་ཀུན་བཟང་མཆོད་སྤྲིན་གྱིས། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །འབུལ་ལོ་དགྱེས་པར་བཞེས་སུ་གསོལ། ཧཱུྃ། འབྲུ་བཅུད་དཔའ་བོ་མྱོས་པའི་ཆང་། །རིན་ཐང་མེད་པའི་གསེར་དང་སྦྱར། །ཉོན་མོངས་གདུང་བ་སེལ་བའི་བཅུད། །ངོ་མཚར་མཆོག་གི་བདུད་རྩི་འདི། །ཕོ་རྒྱུད་དམ་ཅན་མཉེས་ཕྱིར་འབུལ། །ཚིམས་པར་བཞེས་ནས་ཕྲིན་ལས་མཛོད། །ཧཱུྃ། དགྲ་བོ་བསྒྲལ་བའི་སྙིང་ཁྲག་དང་། །ཤེས་རབ་མཁའ་དབྱིངས་རང་བྱུང་མཚལ། །མཐུན་པར་སྦྱར་བའི་དམར་ཆེན་པོ། །རྒྱ་མཚོར་བསྐྱིལ་བའི་ཞལ་སྐྱེམས་འདི། །མོ་རྒྱུད་དམ་ཅན༴ ཚིམས་པར ༴ ཧཱུྃ། ཤ་ཆེན་སྨན་སྤོས་འབྲུ་ནག་ཕྱེ། །རཀྟས་བྲན་པའི་བཤོས་བུ་ནི། །དམར་ནག་དགུང་སྔོན་དབྱིངས་སུ་སླེབས། །འདོད་ཡོན་བདུད་རྩིའི་གཏོར་མ་འདི། །ཐུན་མོང་མཆོད་པ་མཆོག་ཏུ་འབུལ། །ཚིམས་པར༴ ཧཱུྃ། རྩི་བཅུད་སྙིང་པོ་འབྲུ་མར་དང་། །དགྲ་བོ་བསྒྲལ་བའི་རྐང་ཞག་ [16a] ཚིལ། །ཞུན་དུ་བྱས་ནས་སྦར་བའི་མེ། །འཇིག་རྟེན་འདས་དང་མ་འདས་པའི། །མགྲོན་རྣམས་སྲིད་པ་མདོས་ཀྱི་རྫས། །གཟིགས་པའི་གསལ་བྱེད་ཉིད་དུ་འབུལ། །བཞི་པ་གླུད་རྫས་སུ་འབུལ་བ་ནི། ། ཧཱུྃ། སྔོན་ཚེ་བོད་ཡུལ་རྒྱལ་ཁམས་སུ། །བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །དཔལ་གྱི་བསམ་ཡས་བཞེངས་པའི་ཚེ། །བོད་ཀྱི་ལྷ་འདྲེ་གདུག་པས་གནོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སོ་སོའི་མཐུན་རྫས་བཞེད་པའི་ངོར། །ཡས་དང་ཐགས་སུ་བཀོད་ཅིང་བཤམ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བདེན་པའི་སྨྲང་གིས་བཀྲོལ་ཏེ་བཤད། །ལྷ་སྲིན་ཐམས་ཅད་ཚིམས་ཤིང་མགུ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །རྒྱལ་ཁམས་བདེ་ཞིང་ཆོས་ཁྲིམས་དར། །མངའ་བདག་རྒྱལ་པོའི་བཞེད་པ་གྲུབ། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །སྣང་སྲིད་ལྷ་འདྲེའི་ཟ་ཁ་ཟུག །མི་མཐུན་རྐྱེན་དང་འཚེ་བ་བྱུང་། །རིག་འཛིན་སྔགས་འཆང་བདག་ཉིད་ཀྱིས། །དྲེགས་པ་སོ་སོའི་མཐུན་པའི་རྫས། །འབད་པས་བསྒྲུབས་ཏེ་མདོས་ཡས་བཀོད། །ཏིང་འཛིན་ཕྱག་རྒྱས་ཆེར་བསྐྱེད་ཅིང་། །བདེན་པའི་སྨྲང་གིས་འགྲོལ་ལགས་ཀྱིས། །ཐམས་ཅད་གསན་ཅིང་དགོས་སུ་གསོལ། །ཀྱཻ། རིན་ཆེན་འབྲུ་ཡི་ངར་ཕྱེ་ལ། །གཙང་མའི་ཆབ་ཀྱིས་ [16b] སྦྲུས་པའི་གླུད། །ནམ་མཁའི་སེམས་ལ་ཞོ་ཤའི་སྙིང་། །དུང་གི་རུས་ལ་བསེ་ཡི་ཤ། །མཚལ་གྱི་ཁྲག་ལ་མེ་ཡི་དྲོད། །རླུང་གི་དབུགས་ལ་ཆུ་ཡི་ཁམས། །ཟེར་བུའི་སྐྲ་ལ་མུ་ཏིག་ཀླད། །ལུང་ཐང་མིག་ལ་མོ་ཁབ་སྣ། །མགྲོན་བུའི་སོ་ལ་ལེ་བརྒན་ལྕེ། །ལྕགས་ཟངས་རྐང་པ་གསེར་གཡུའི་ལག །ངར་གྱི་ལུས་ལ་དཀོར་ཆའི་རྒྱན། །གཟུགས་མཛེས་ཡིད་འཕྲོག་ལྟ་ན་སྡུག །སྨྲ་མཁས་ངག་འཇམ་ཀྱུ་རུ་རུ། །སེམས་ཀྱི་རྟོག་དཔྱོད་གསལ་ཞིང་བཀྲ། །བླ་ཚེ་སྲོག་དབུགས་དག་དང་ལྡན། །ཕུང་ཁམས་སྐྱེ་མཆེད་མ་ལུས་ཚང་། །ཡོན་བདག་གོས་དང་རྒྱན་བཀོད་པས། །རྣམ་བཀྲའི་གོས་བཟང་ལྷུབས་སེ་ལྷུབ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །ཁྱུ་མཆོག་འགྲོས་སུ་ལམས་སེ་ལམ། །མི་འཛད་ནོར་གྱི་བང་མཛོད་ལྡན། །འདི་འདྲའི་གླུད་བཟང་ངོ་མཚར་ཅན། །དཔལ་ལྡན་མགོན་པོ་ལྕམ་དྲལ་ནས། །བཀའ་སྡོད་ཕོ་ཉ་ཡན་ཆད་ཀྱི། །སྣང་སྲིད་དྲེགས་པ་ཡོངས་ལ་འབུལ། །མི་བས་གླུད་དགའ་བཞེས་སུ་གསོལ། །རིག་འཛིན་རྡོ་རྗེ་སློབ་དཔོན་དང་། །སྔགས་འཆང་བདག་ཅག་མཆེད་ལྕམ་དྲལ། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་དང་། །ཡུལ་མཁར་ལོངས་སྤྱོད་ཀུན་གྱི་གླུད། །འདི་བཞེས་ཚིམས་ཤིང་དགྱེས་ནས་ཀྱང་། །གནོད་པའི་བསམ་སྦྱོར་ངན་པ་སྒྱུར། །ཤོ་ [17a] དང་བྱང་དམར་དཀྱུས་ནས་ཐོན། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཆགས་ཆེ་ཉམ་ང་ཞི་བ་དང་། །དུས་མིན་འཆི་བའི་རྐྱེན་རྣམས་ཟློག །མཐུན་པའི་དངོས་གྲུབ་མ་ལུས་སྩོལ། །དཀོར་ནོར་གཞན་རྣམས་འབུལ་བ་ནི། ཧཱུྃ། བདག་ཉིད་དེ་བཞིན་ཉིད་ཀྱི་མདངས། །ལྷུན་གྲུབ་འཆར་སྒོར་ཅིར་ཡང་སྣང་། །དྲི་མེད་མེ་ལོང་གཟུགས་བརྙན་བཞིན། །གང་བཞེད་དེ་ངོར་ཅིར་ཡང་འཆར། །དེ་བཞིན་འཛད་མེད་ནམ་མཁའི་མཛོད། །དགོས་འདོད་འབྱུང་བའི་རིན་ཆེན་གཏེར། །ནམ་མཁའ་ཁོང་སྟོང་འཇའ་རིས་བཀྲ། །ཀུན་ཁྱབ་སེམས་ཉིད་སྟོང་པའི་གླུད། །རྒྱང་བུ་སྤུ་བཟང་གཡུང་བལ་གྱིས། །རིམ་གསུམ་དཀྲིས་པ་ལུས་ཀྱི་གླུད། །ཤིང་གྲིར་དགུང་སྔོན་གཟའ་སྐར་ཡུལ། །ཆུ་རིས་བྲིས་པ་ཡུལ་མཁར་གླུད། །སྨུག་རྒོད་སྒྲོ་གསུམ་མདེའུ་ལྡན། །ཕོ་གདོང་བརྗིད་པ་ཕོ་ཡི་གླུད། །ཤིང་གི་འཕང་ལོ་འཇའ་ཚོན་རིས། །མེ་ལོང་མཛེས་པ་མོ་ཡི་གླུད། །རྣམ་བཀྲའི་དར་ཟབ་པཉྩ་ལི། །འཇམ་མཛེས་པགས་པ་གོས་ཀྱི་གླུད། །དཀོར་ནོར་རྣམ་པ་སྣ་ཚོགས་པ། །བང་མཛོད་ནོར་གྱི་གླུད་ལ་སོགས། །མཐུན་པའི་གླུད་རྫས་སྣ་ཚོགས་འབུལ། །ཆགས་ཆེ་ཉམ་ང་ཞི་བར་མཛོད། །གཞན་ཡང་མཐུན་པའི་ལོངས་སྤྱོད་ནི། །གསེར་ [17b] དངུལ་རིན་ཆེན་ནོར་དབྱིག་དང་། །སྲ་བའི་གོ་དང་རྣོ་བའི་མཚོན། །འཇམ་མཉེན་དར་ཟབ་པགས་པའི་རིགས། །རྟ་དྲེལ་མཛོ་ཁལ་འབྲུ་སྣའི་ཚོགས། །ཇ་དཀར་མར་ཐུད་བུ་རམ་སྦྲང་། །ཤིང་ཐོག་ཤ་ཆང་སྣམ་རས་དང་། །བཙོད་ཞུན་རྒྱ་སྐྱེགས་སྨན་དང་སྤོས། །འདབ་ཆགས་གཅན་གཟན་རི་དྭགས་སོགས། །འཇིག་རྟེན་ཁམས་ཀྱི་དཀོར་ནོར་དང་། །ལོངས་སྤྱོད་མིང་དུ་ཆགས་པ་ཀུན། །ཚང་བར་བདག་གིས་འབུལ་ལགས་ན། །སོ་སོར་མཐུན་པའི་རྫས་སུ་བཞེས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །འདོད་པའི་ལས་འབྲས་མཆིས་པར་མཛོད། །བཅུ་པ་ཕྲིན་ལས་གསོལ་བ་ནི། ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །ཞེས་སོགས་ནས། དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་པར་མཛོད། ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལོ། །གསུམ་པ་མཐར་དྲག་པོའི་ཕྲིན་ལས་སྒྲུབ་པའི་ཚུལ་ལ་དགུ། ཐུགས་དམ་བསྐུལ་བ། གསེར་སྐྱེམས་གཟུ་དཔང་། འགུགས་ཤིང་ལྷ་དང་དབྱེ་བ། བསྒྲལ་ཞིང་གཟིར་བ། ཟློག་པའི་ཕྲིན་ལས་བཅོལ་བ། ཟོར་ཁ་དབྱེ་བ། ཟོར་འཕང་བ། མངའ་གསོལ་བ། རྗེས་བསྡུ་བའོ། །དང་པོ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ བསྟན་སྲུང་དཔལ་ལྡན་ནག་པོ་ཆེ༔ རིགས་ལྔ་ཁྲག་འཐུང་སྤྲུལ་པ་སྟེ༔ ཆོས་སྐྱོང་མགོན་པོ་མཐུ་བོ་ཆེ༔ བཀའ་སྲུང་ཆེན་པོ་ [18a] དམ་ཚིག་ཅན༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ཞལ་གཅིག་ཕྱག་བཞིའི་འཇིགས་པའི་གཟུགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ སྦྲུལ་དང་ཐོད་པའི་ཕྲེང་བས་བཅིངས༔ ཞལ་གདངས་འཇིགས་པའི་ཁྲོ་གཉེར་གྱིས༔ བདུད་དཔུང་མ་ལུས་བསྲེག་པར་མཛོད༔ སྤྱན་གསུམ་དམར་ལ་འཁྲུགས་པ་ཡི༔ སྡང་མིག་ཕྱོགས་བཅུ་ཀུན་ཏུ་བལྟ༔ ཤངས་ནས་དྲག་པོའི་འཐོར་རླུང་འབུད༔ སྨ་ར་ཨག་ཚོམ་སྨིན་མ་འབར༔ ཞལ་གདངས་ཧ་ཧ་ཧཱུྃ་ཕཊ་སྒྲོག༔ མཆེ་གཙིགས་ལྗགས་འདྲིལ་རྐན་སྒྲ་རྡེབ༔ ཕྱག་གཡས་དང་པོས་དགྲ་སྙིང་འཛིན༔ འོག་མས་རལ་གྲིས་དགྲ་སྲོག་གཅོད༔ ཕྱག་གཡོན་ཐོད་པར་སྙིང་ཁྲག་འཐུང་༔ འོག་མས་ཁ་ཊཱཾ་དུག་གསུམ་འཇོམས༔ ཐུང་ལ་སྦོམ་ཞིང་གེལ་བའི་གཟུགས༔ སྐུ་ལ་མི་མགོའི་ཕྲེང་བས་བརྒྱན༔ ཡན་ལག་སྦྲུལ་གྱི་ཆུན་པོས་དཀྲིས༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་འཕྱང་༔ ཞབས་གཉིས་བརྡབས་པས་དགྲ་བགེགས་འདུལ༔ པདྨ་ཉི་ཟླ་རོ་གདན་ལ༔ དཔའ་བོའི་སྟངས་སྟབས་ཚུལ་གྱིས་བཞུགས༔ མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ ཞལ་ནས་མེ་འབར་འུ་རུ་རུ༔ དབུ་སྐྲ་རལ་པ་མུན་ལྟར་གཏིབས༔ སྤྱན་ནས་གློག་ [18b] དམར་ཁྱུགས་སེ་ཁྱུག༔ སྙན་ནས་འབྲུག་སྒྲ་དི་རི་རི༔ དྲག་སྔགས་ཐོག་སེར་ཤ་ར་ར༔ དཔལ་ལྡན་མགོན་པོ་དྲག་ཤུལ་ཅན༔ མཐུན་རྫས་མཆོད་པ་འདི་བཞེས་ལ༔ བདུད་དཔུང་ཐལ་བར་རློག་པ་དང་༔ བགེགས་དཔུང་མ་ལུས་སྒྲོལ་བ་དང་༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོཿ ཡུམ་མཆོག་ཙཎྜི་དབང་ཕྱུག་མ༔ ཞལ་གཅིག་ཕྱག་གཉིས་མུན་པའི་མདོག༔ གཅེར་བུ་སྐྲ་གྲོལ་རུས་པས་བརྒྱན༔ ཕྱག་གཡས་གྲི་གུག་དགྲ་སྙིང་འཛིནཿ ཕྱག་གཡོན་ཐོད་ཁྲག་གཙོ་ལ་སྟོབཿ ཞལ་གདངས་མཚེ་གཙིགས་སྤྱན་དམར་འཁྲུགས༔ ཞབས་གཉིས་ཡབ་ལ་འཁྲིལ་ཞིང་སྦྱོར༔ བདེ་ཆེན་སྟོང་གསུམ་གར་སྒྱུར་མ༔ གདུག་པའི་མ་མོ་དྲག་རྩལ་ཅན༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ དམ་ཉམས་དགྲ་བོའི་སྙིང་ཁྲག་འཇིབས༔ དུས་ལ་བབ་བོ་ཙཎྜི་མ༔ ཧེ་རུ་ཀ་ཡི་སྤྱན་སྔ་རུ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ ཧཱུྃ༔ ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི༔ སྐུ་ཡི་ལས་མཁན་དྲག་རྩལ་ཅན༔ མེ་དཔུང་འབར་བའི་ཀློང་དཀྱིལ་ན༔ ལས་ཀྱི་མགོན་པོ་མཐུ་བོ་ཆེ༔ མཐིང་ནག་རབ་འཇིགས་བྱ་རོག་གདོང་༔ ཞལ་གཅིག་ཕྱག་གཉིས་བྱ་རོག་ཞོན༔ སྤྱན་གསུམ་སྡང་མིག་དམར་ཟླུམ་གཡོ༔ དབུ་སྐྲ་དམར་ནག་གྱེན་དུ་བརྫེས༔ ཞལ་ [19a] གངས་མཆུ་ནི་ཁྲག་གིས་བྱུགས༔ དགྲ་བོའི་སྙིང་ཁྲག་དྲོན་མོ་འཐུང་༔ རྣོ་གདུག་མཆེ་བ་ཟླ་ཚེས་གཙིགས༔ དགྲ་བོའི་སྲོག་རྩ་དམར་པོ་ཟ༔ མི་མགོའི་ཕྲེང་བས་སྐུ་ལ་བརྒྱན༔ ཞིང་ཆེན་པགས་པ་སྟོད་དུ་བྱོན༔ སྟག་ལྤགས་གྲོལ་བའི་ཤམ་ཐབས་ལ༔ གདུག་པ་སྦྲུལ་གྱི་སྐ་རགས་བཅིངས༔ སྐུ་ལུས་སྦོམ་ཐུང་གསུས་པོ་ཆེ༔ མ་རུངས་ཀུན་འདུལ་མཐུ་རྩལ་ཅན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་གྱི་ཁས་བླངས་དམ་བཅས་ལྟར༔ སངས་རྒྱས་བསྟན་པ་བསྲུང་འཚལ་གྱི༔ ཤ་ཁྲག་དམར་གྱིས་བརྒྱན་པ་ཡི༔ དམ་རྫས་མདོས་གླུད་འདི་གསོལ་ལ༔ མགྱོགས་བྱེད་བྱ་རོག་ཆིབས་སྐྱོད་ཅིག༔ དགྲ་ལ་རྦད་ཀྱི་མཐུ་རྩལ་སྐྱེད༔ ཕྱག་གཡས་གྲི་གུག་དགྲ་སྲོག་ཆོད༔ གཡོན་པས་ཐོད་པར་སྙིང་ཁྲག་འཐུང་༔ སྡེར་མོ་ལྕགས་ཀྱུས་གློ་སྙིང་ཕྱུངས༔ སྤྲུལ་པ་བྱ་རོག་མང་པོའི་ཚོགས༔ གཤོག་བསྐོར་དགྲ་བོའི་ཤ་ལ་ཆུམ༔ མཆུ་སྡེར་དགྲ་བོའི་སྙིང་རྩ་ཆོད༔ ཕོ་ཉ་དམག་ཚོགས་དགྲ་ལ་ཁྱེས༔ ཤ་ཟ་སྲིན་པོ་མཐུ་རྩལ་ཅན༔ དགྲ་བོའི་ཤ་ཁྲག་ཁོང་ནས་འཇིབས༔ ནག་པོ་འཁོར་བཅས་དགྲ་ལ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ [19b] གསུང་གི་ལས་མཁན་མཐུ་རྩལ་ཅན༔ ཁས་བླངས་བཞིན་དུ་དམ་ལ་འདུས༔ རཀྟ་ཁྲག་གི་རྦ་ཀློང་ནས༔ འབར་མ་ནག་མོ་སྐུ་སྐྱོད་ཅིག༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ རལ་པ་ཁམ་ནག་མུན་ལྟར་གཏིབས༔ སྤྱན་གསུམ་དམར་པོ་ཁྲག་ཏུ་འཁྱིལ༔ ཕྱག་གཡས་རྩེ་གསུམ་དགྲ་ལ་རྡེག༔ ཕྱག་གཡོན་ཐུན་ཁྲག་ཆར་ལྟར་འབེབས༔ ཆིབས་སུ་མགྱོགས་བྱེད་བྱ་རོག་ཆིབ༔ འཁོར་དུ་ཤ་ཟ་མཁའ་འགྲོས་བསྐོར༔ བདུད་དང་སྲིན་པོ་ལས་ལ་འགྱེད༔ རྟག་ཏུ་གསོད་དང་གཅོད་ལ་བརྩོན༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱི༔ དམར་གྱི་གཏོར་མ་འདི་གསོལ་ལ༔ དགྲ་བོའི་བླ་ཚེ་ཁུག་ལ་ཤོག༔ ཐུན་ཁྲག་ཕོབ་ལ་ནད་ཡམས་མཐོང་༔ བཅོལ་བའི་ལས་རྣམས༴ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ ལས་བྱེད་མི་སྲུན་སེང་གེའི་གདོང་༔ ཁས་བླངས༴ བསད་ཁྲག་འཁྱིལ་བའི༴ ནག་པོ་ཁྲག་རལ༴ བདུད་རྟ་ནག་པོ་ཆིབས་སུ་ཆིབ༔ སྐུ་མདོག་ནག་པོ་འཇིགས་སུ་རུང་༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་གཡས་དར་ནག་རུ་མཚོན་ཕྱར༔ ཕྱག་གཡོན་ཐོད་པར་དམར་གཏོར་ཁྱེར༔ དམ་ཅན་ཕོ་མོ་སྤྲིན་ལྟར་སྤུངས༔ གཡུ་རལ་གསེབ་ནས་སེང་ཆུང་སྤྲོ༔ རབ་འཇིགས་སྤྲུལ་པ་སྣ་ཚོགས་འགྱེད༔ གུང་གཉིས་རྒྱུག་ཅིང་མེ་རླུང་འཚུབས༔ [20a] བམ་རོ་ཕོ་མོ་སྤྱི་ཚུགས་འགྲོ༔ རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔ མི་སྲུན་དྲག་པོ་དགྲ་བགེགས་འདུལ༔ སེང་གེའི་གདོང་ཅན་ལས་ལ་ཡ༔ དགྲ་བོའི་ཤ་ཁྲག་གཏོར་མ་ལོངས༔ ཉིན་ཕྱེད་དབུགས་ཀྱི་རྒྱུ་བ་ཆོད༔ རླུང་དམར་ནད་ཀྱིས་འཐོར་དུ་ཆུག༔ སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ༔ བཅོལ་བའི༴ ཧཱུྃ༔ དཔལ་ལྡན་མགོན་པོ༴ ཐུགས་ཀྱི་ལས་མཁན་མཐུ་བོ་ཆེ༔ མགོ་དགུ་བྱ་རོག་གདོང་པ་ཅན༔ འཇིགས་བྱེད་ནག་པོ་མ་རུངས་པ༔ སྐུ་མདོག་དུད་ཁ་འབར་བ་ལ༔ རོ་སྟོད་སྲིན་པོ་རོ་སྨད་སྦྲུལ༔ མགོ་ལུས་མེད་པར་མིག་གིས་གང་༔ སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད༔ ཕྱག་གཡས་ཆུ་སྲིན་ཞགས་པ་ཐོགས༔ ཕྱག་གཡོན་རྭ་ཡི་མདའ་གཞུ་འཛིན༔ ལས་སུ་གདུག་པའི་དགྲ་བགེགས་འཇོམས༔ ས་ཆུ་མེ་རླུང་དཀྲུགས་པ་ཡིས༔ དམ་ཉམས་དགྲ་བོ་དམྱལ་ཐག་གཅོད༔ ཤ་ཁྲག་ཏིལ་དང་འོ་མ་དང་༔ ཀླུ་སྨན་མཆོད་པ་འདི་བཞེས་ལ༔ བསྟན་པ་བཤིག་པའི་དགྲ་བོ་འདི༔ ལུས་སྲོག་དུམ་བུར་གཏུབ་ལ་ཤོག༔ དུས་ལ་བབ་བོ་རཱ་ཧུ་ལ༔ ཧཱུྃ༔ དཔལ་ལྡན༴ ཤར་ཕྱོགས་སྒྲོལ་གིང༴ ཚངས་པ་དུང་གི་ཐོར་ཚུགས་ཅན༔ ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ [20b] གཡས་པས་དར་མདུང་དགྲ་ལ་འདེབས༔ གཡོན་པས་མཚོན་ཆའི་འཁོར་ལོ་བསྐོར༔ ཆིབས་སུ་རྟ་དཀར་ཟེ་དམར་ཆིབ༔ སྐུ་ལ་དར་དཀར་འཇོལ་བེར་གསོལ༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བཤོས་སུ་གསེར་སྐྱེམས་འདི་བཞེས་ལ༔ བསྟན་པ༴ སྨྱོ་འབོག་ནད་ཀྱིས་སོད་ལ་ཤོག༔ ཧཱུྃ༔ དཔལ་ལྡན༴ ལྷོ་ཕྱོགས་སྒྲོལ༴ གཤིན་རྗེ་དམར་པོ་འགོང་པོའི་རྗེ༔ ལྷོ་ཕྱོགས༴ དམར་པོ༴ གཡས་པས་སྤུ་གྲིས་དགྲ་སྲོག་གཅོད༔ གཡོན་པ་བཙན་ཞགས་དགྲ་ལ་འཕེན༔ ཆིབས་སུ་རྭ་དམར་རླུང་ཤུགས་ཆིབ༔ རྒྱབ་ཏུ་བསེ་ཡི་ཕུབ་ཆེན་ཁུར༔ སྟེང་ན་བསེ་ཡི་བྱ་ཁྲ་ལྡིང༔ ཁྱེད་ཀྱི༴ སྙིང་སྣའི་གཏོར་མ་འདི་བཞེས་ལ༔ བསྟན་པ༴ ཤན་པའི་སྤུ་གྲིས་བཏུབ་ལ་ཤོག༔ ཧཱུྃ༔ དཔལ་ལྡན༴ ནུབ་ཕྱོགས༴ བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན༔ ནུབ་ཕྱོགས༴ སྔོ་ནག༴ གཡས་པ་རྡོ་རྗེ་དགྲ་ལ་གསོར༔ གཡོན་པ་དགྲ་སྙིང་དམར་པོ་འཛིན༔ སྐུ་ལ་ཟ་འོག་བེར་ཆེན་གསོལ༔ ཆིབས་སུ་སེང་གེ་མགོ་སྔོན་བཅིབ༔ སྤྲུལ་པ་ལྕགས་སྤྱང་སྔོན་པོ་འགྱེད༔ ཁྱེད་ཀྱི༴ བཤོས་སུ་ཤ་ཁྲག་འདི་གསོལ་ལ༔ བསྟན་པ༴ གཟེར་ཐབས་ནད་ཀྱིས་སོད་ལ་ཤོག༔ ཧཱུྃ༔ དཔལ་ལྡན༴ བྱང་ཕྱོགས༴ གནོད་ [21a] སྦྱིན་ལྕགས་ཀྱི་བེར་ཀ་ཅན༔ བྱང་ཕྱོགས༴ ནག་པོ༴ གཡས་པ་ལྕགས་ཀྱི་བེར་ཀ་རྡེག༔ གཡོན་པ་དགྲ་སྙིང་དམར་པོ་ཟ༔ སྐུ་ལ་དར་ནག་སློག་པ་གྱོན༔ ཆིབས་སུ་བདུད་རྟ་ནག་པོ་ཆིབ༔ བདུད་ཀྱི་ཁྲམ་ཐོགས་ལས་ལ་འགྱེད༔ ཁྱེད་ཀྱི༴ བྱ་དམར་ཤ་ཁྲག་འདི་གསོལ་ལ༔ བསྟན་པ༴ ཚེ་སྲོག་དུས་མཐའ་སྡུས་ལ་ཤོག༔ བྷྱོ༔ གཞན་ཡང་མགོན་པོའི་འཁོར་ཚོགས་ནི༔ ནག་པོའི་དམག་ཚོགས་ཉེ་རེ་རེ༔ མགོན་པོའི་ཟོར་འཕེན་ཤ་ར་ར༔ ཤ་ཟ་ཁྲག་འཐུང་ཕུངས་སེ་ཕུང་༔ གནོད་སྦྱིན་སྲོག་གཅོད་ཤ་ར་ར༔ བུད་པོ་ཁྲམ་ཐོགས་ཡེ་རེ་རེ༔ དྲག་པོའི་ཕོ་ཉ་ཟིངས་སེ་ཟིང་༔ རྒྱ་མོ་མོན་མོ་ལྡེམས་སེ་ལྡེམ༔ བྱ་རོག་མང་པོ་ཐིབས་སེ་ཐིབ༔ ཅེ་སྤྱང་ངུ་འབོད་དི་རི་རི༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ བསྟན་དགྲ་ཕུང་གསུམ་གཡབ་ཀྱིས་ཐོབ༔ བདུན་རྒྱུད་རྩད་ནས་ཆོད་ལ་ཤོག༔ ཅེས་དྲག་ཏུ་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་གཟུ་དཔང་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་༔ རིག་འཛིན་རྒྱ་མཚོ་རྩ་གསུམ་ལྷ༔ རྡོ་རྗེ་ནག་པོ་ཡབ་ཡུམ་ཆེ༔ བཀའ་སྡོད་བྲན་གཡོག་ཕོ་ཉའི་ཚོགས༔ འཇིག་རྟེན་དྲེགས་པའི་དམག་དཔུང་བཅས༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཁྱེད་རྣམས་བསྟན་སྲུང་ཆེན་པོ་སྟེ༔ ཁྱེད་རྣམས་ [21b] ཐོགས་མེད་མཐུ་རྩལ་ཅན༔ ཁྱེད་རྣམས་ལེགས་ཉེས་སྟངས་འཛིན་པ༔ དམ་ཚིག་ཅན་གྱི་དགྲ་ལྷ་སྟེ༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དོ་ནུབ་གཟུ་དང་དཔང་མཛོད་ཅིག༔ སྡང་བྱེད་སྡིག་ཅན་དགྲ་བོ་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ བླ་མ་ལ་བསྡོས་མཆེད་ལ་བརྙས༔ ཉེས་མེད་སེམས་ཅན་ཡོངས་ལ་འཚེ༔ རྣལ་འབྱོར་བདག་ལ་གནོད་པ་བརྩམས༔ ཐར་པ་སྒྲུབ་ལ་བར་དུ་བཅད༔ སྲུང་མ་རྣམས་ལ་ཕོད་བཙུགས་སོ༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ འདི་ལ་མགོན་སྐྱབས་མ་བྱེད་པར༔ ཁྱེད་རྣམས་བདག་གི་གྲོགས་མཛོད་ཅིག༔ རིག་འཛིན་བདག་ཅག་ཡོན་མཆོད་ལ༔ མགོན་སྐྱབས་སྲུང་མ་ཁྱོད་ལས་མེད༔ དེ་ཕྱིར་དཔལ་ལྡན་ནག་པོ་ཆེ༔ མཐུ་སྟོབས་ཟད་པ་མི་མངའ་བས༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྐུལ་བས་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པར་བསམ་མོ། །གསུམ་པ་འགུགས་ཤིང་ལྷ་དང་དབྱེ་བ་ནི། བྲུབ་ཁུང་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཨེ་ལས་ལྕགས་སྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། [22a] ལོགས་ལ་ཞེ་སྡང་གི་མེ་དཔུང་འབར་བ། སྟེང་ན་གཏི་མུག་གི་མུན་པ་འཐིབས་པ། ཟུར་ནང་རྒྱལ་གྱི་བྲག་རི་ཉིལ་བ། ཕྱི་ནང་ཀུན་ཏུ་ཕྲག་དོག་གི་རླུང་དམར་འཚུབས་ཤིང་ནད་དུག་མཚོན་ཆའི་ཆར་འབེབས་པ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་ནྲྀའམ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲའམ་བགེགས་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། ཉམ་ཐག་དབུགས་དང་བྲལ་བ་ཁད་འདར་ཕྲི་ལི་ལི་བྱེད་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམ་ལ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཁྱད་ [22b] པར་ལེགས་ལྡན་རྡོ་རྗེ་སྲིན་པོ་ཕྱག་བཞི་པ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་མཐར། སརྦ་བིགྷྣན་ཤ་ཏཱུཾ་ཨཱ་ཀརྵ་ཡ་ཛ༔ ནྲྀ་ཡཾ་ཛཿ ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་ལན་གསུམ་ལ་སོགས་པར་འགུག་གཞུག་བྱའོ། །བཞི་པ་བསྒྲལ་ཞིང་གཟིར་བ་ནི། ཧཱུྃ་ཛཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཞིང་བཅུའི་རླུང་རཱུ་དྲ་དར་དུས་སུ། །གདུག་པ་འདུལ་བར་ཁས་བླངས་པའི༔ ཕོ་ཉ་རྣམས་ཀྱི་དུས་ལ་བབ༔ བསྟན་པ་འཇིག་པའི་དགྲ་བོ་འདི། །མྱུར་དུ་ཁུག་ལ་ལས་མཛོད་ཅིག །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། ཁུག་ཅིག་བཛྲ་ཨཾ་གུ་ཤ་ཛཿ ། རྡོ་རྗེ་ཞགས་པའི་ཚོགས༴ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །རྡོ་རྗེ་ལྕགས་སྒྲོག༴ སྡོམས་ཤིག་བཛྲ་ [23a] སྥོ་ཊ་བཾ། །རྡོ་རྗེ་དྲིལ་བུའི༴ ཕོབ་ཅིག་བཛྲ་གཱཎྜེ་ཧོཿ རྡོ་རྗེ་ཕོ་ཉའི་ཚོགས་རྣམས་ཀྱིས། །ཕྱེས་ཤིག་བཛྲ་པྲ་ཝེ་ཤ། །རྣོ་བ་བདུན་གྱི་ཚོགས༴ གཟིར་ཅིག་བཛྲ་མཱ་ར་ཡ། །རྡོ་རྗེ་ཕུར་བུའི༴ ཐོབ་ཅིག་བཛྲ་ཀཱི་ལ་ཡ། །རྡོ་རྗེ་རལ་གྲིའི༴ གཏུབ་ཅིག་བཛྲ་ཁརྒ་ཧོཿ རྡོ་རྗེ་ཐོ་བའི༴ རྡུངས་ཤིག་བཛྲ་མུངྒ་ར། །ཞེས་རོལ་མོའི་སྒྲ་དང་བཅས་པས་དྲག་སྔགས་རྣམས་བཟླ་ཞིང་ལིངྒ་དུམ་བུར་གཏུག ལིང་རོ་རྣམས་བདུད་རྩིར་སྦར་བ་མདོས་གཏོར་རྣམས་སུ་སྟོབ་ལ། ཧཱུྃ། དཔལ་མགོན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་ལྔ་བསྒྲལ་བའི་ཤ་ཁྲག་རུས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ༔ རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་ལམ་གྱི་བར་ཆད་དབྱིངས་སུ་སྒྲོལ༔ བསྟན་པ་བཤིག་པའི་དགྲ་བགེགས་དཔུང་བཅས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཤཏྲྰུཾ་བིགྷྣཱན་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ཞེས་ཕུལ། ལྔ་པ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ ལྷ་ཆེན་དཔལ་འབར་མཐུ་མ་ཆུང་༔ མ་མོ་མཁའ་འགྲོ་བང་མ་བུལ༔ ཕོ་ཉ་ལས་མཁན་རྩལ་མ་ཞན༔ དཔལ་འབར་མ་ཧཱ་ཀཱ་ལ་ནི༔ ཁྲམ་ཁ་བསྒྱུར་བའི་མཐུ་བོ་ཆེ༔ བདུད་ [23b] ཁ་བསྒྱུར་བའི་ང་རོ་ཅན༔ དོ་ནུབ་ཟློག་པའི་ཕྲིན་ལས་མཛོད༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གཞན་གྱི་བསམ་སྦྱོར་ངན་པ་ཡི༔ བྱད་ཕུར་རྦོད་གཏོང་ཟུག་པ་ཟློག༔ མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག༔ འབྱུང་པོའི་ཐོད་ཟོར་འཕེན་པ༴ གཤིན་རྗེའི་འཁྲུལ་འཁོར་བསྐོར་བ༴ མ་མོའི་ཁྲག་ཟོར་འཕེན་པ༔ ཀླུ་ཡི་བྱད་དུ་བཅུག་པ༴ རྒྱལ་པོའི་སྨྱོ་འབོག་གཏོང་བ༴ གཟའ་ཡི་ཀིང་ཀང་ཆོ་འཕྲུལ༴ བཙན་གྱི་གཟེར་ཁ་བཏང་བ༴ ཐེའུ་རང་སྲིས་ལ་བརྐུ་བ༴ མ་སྟེགས་བར་ཆད་བརྩམས་པ༴ ཞང་ཞུང་ཛོ་དམར་འཕེན་པ༴ སུམ་པའི་གླང་ཟོར༴ བནྡྷེའི་མདོ་སྒྲུབ་ཟུག་པ༴ སྔགས་པའི་ཐུན་ཟོར་འཕེན༴ བོན་པོའི་རྔ་ཟོར༴ སྐྱེས་པའི་མདའ་ཟོར༴ བུད་མེད་དམོད་ཟོར༴ རླུང་གི་གཤེད་བཞི་ལངས་པ༴ མོ་རྩིས་རྨི་ལྟས་ངན་པ༴ ལོ་ཟླ་ཞག་སྐེག་སྲི་ལང་༴ ལྟས་ངན་བརྒྱད་ཅུ་རྩ་བཞི༴ ཡེ་འདྲོགས་གསུམ་བརྒྱ་དྲུག་ཅུ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ གློ་བུར་བདུན་བརྒྱ་ཉི་ཤུ༴ དུས་མིན་འཆི་རྐྱེན་ངན་པ༴ མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག༔ མཐུ་སྟོབས་དབང་ཕྱུག་ལྷ་ཡི་ལྷ༔ ཁྱོད་ཀྱིས་མི་བཟློག་གང་ཡང་མེད༔ དེ་ཕྱིར་མཐུ་དང་དཔུང་བསྐྱེད་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སྔོན་ལས་འཕྲལ་རྐྱེན་གྱུར་པ་ཡི༔ [24a] མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན༔ ཟློག་སྒྱུར་ཕྲིན་ལས་གཉན་པོ་མཛོད༔ ཅེས་དང་ཤཱ་ས་ནའི་མཐར། དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་རྦད་བྷྱོ་ཟློག །ཅེས་བཟླ་ཞིང་ཐལ་མོ་བརྡེབ། དྲུག་པ་ཟོར་ཁ་དབྱེ་བ་ནི། དེ་ནས་མདོས་ཀྱི་མཐའ་མཆོད་པ་ཐམས་ཅད་ཁ་གསོ། བྱིན་གྱིས་བརླབས་ཏེ་འབུལ། བསྟོད་པ་བསྡུས་པ་བྱས་ལ། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། མདོས་གཏོར་གྱི་ཡེ་ཤེས་པ་རྣམས་རྟེན་ལ་གཤེགས་སུ་གསོལ། དམ་ཚིག་པ་ལས་མཁན་ཕོ་ཉའི་དམག་ཚོགས་དང་བཅས་པ་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་ཤིང་ཕྱོགས་པར་བསམ་ལ། ཤ་ཁྲག་གི་གཏོར་མ་ཁྲག་སྐྱེམས་དང་བཅས་པ་བཤམས་པར་དགྲ་བགེགས་འགུགས་འདྲེན་བྱས་ལ་ཞལ་དུ་བསྟབ་པའི་དམིགས་པ་དྲག་པོ་དང་བཅས་གཏོར་སྔགས་མང་པོ་ཕུལ་ལ། ཧཱུྃ༔ དཔལ་འབར་མ་ཧཱ་ཀཱ་ལ་ཆེ༔ དྲེགས་པའི་དམག་ཚོགས་རྒྱ་མཚོར་བཅས༔ དགྲ་བོའི་ཤ་ཁྲག་མཆོད་གཏོར་རྣམས༔ རྔམས་པའི་སྟབས་ཀྱིས་བཞེས་ནས་ཀྱང་༔ བསད་བསྐྲད་དབྱེ་དང་རྨོངས་རེངས་སོགས༔ དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་བི་གྷྣན་ཤ་ཏྲྰུྃ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དམར་གཏོར་ཁྲག་ཆང་རྣམས་མདོས་ཟོར་དུ་བསྟབ་ལ་གཤེགས་སྐྱེམས་འབུལ། མདོས་ལམ་འཐེན་གསེར་སྐྱེམས་གཏོང་ཞིང་། ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་དངོས༔ ཁྲག་འཐུང་ཁྲོས་པ་ནག་པོ་ཆེ༔ དགྲ་བགེགས་མ་ལུས་བསྒྲལ་ [24b] བའི་ཕྱིར༔ དེ་རིང་དྲག་པོའི་ཟོར་འཕེན་གྱིས༔ བསྟན་པ་ཡོངས་ཀྱི་སྲུང་མ་དང་༔ སེམས་ཅན་ཕན་བྱེད་དགེ་ལ་སྤྲོ༔ དཀར་པོའི་ཕྱོགས་ལ་དགའ་བ་ཡི༔ འབྱུང་པོ་མཐུ་ཆེན་སྡེ་དང་བཅས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དགྲ་བོའི་ཡུལ་དུ་སྐུ་སྐྱོད་ཅིག༔ དེ་རིང་དྲག་པོ་སྔགས་ཀྱི་ཟོར༔ སྡེ་བརྒྱད་རྣམས་ལ་མི་འཕེན་ནོ༔ རུ་ང་ཕྲག་དོག་མ་མཛད་ཅིག༔ ལམ་ལ་གནས་པ་གཞན་དུ་གཤེགས༔ གནས་གཞན་བསྐྱོད་པར་མི་ནུས་ན༔ མཐོ་བ་རྣམས་ཀྱི་ཞབས་སྐུམ་ཞིག༔ དམའ་བ་རྣམས་ཀྱི་དབུ་ཆུམ་ཞིག༔ བར་མ་རྣམས་ཀྱི་སྐུ་བཟུར་ཞིག༔ བག་མེད་རྣམས་ནི་བག་མཛོད་ལ༔ ཟོར་ལམ་དགྲ་བགེགས་སྟེང་དུ་ཕྱེས༔ ཧཱུྃ་བྷྱོ༔ བདུད་འདུལ་མཐུ་ཆེན་ཧེ་རུ་ཀ༔ མགོན་པོ་འཁོར་བཅས་དགྲ་ལ་བྷྱོ༔ ཡུམ་ཆེན་ཙཎྜི༴ བྱ་རོག་གདོང་ཅན༴ འབར་མ་ནག་པོ༴ སེང་གེའི་གདོང་ཅན༴ གཟའ་བདུད་ནག་པོ༴ ཚངས་པའི་གིང་ཆེན༴ གཤིན་རྗེ་དམར་པོ༴ བཙན་རྒོད་ཆེན་པོ༴ ནག་པོ་གནོད་སྦྱིན༴ ལྷ་དམག་བྱེ་བ༴ འཁོར་ཚོགས་རྒྱ་མཚོ༴ ལྷ་སྲིན་སྡེ་བརྒྱད་དགྲ༴ བྷྱོ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ དམག་གི་ཁྲོམ་ཆེན་བསྐྱོད་པའི་ཚེ༔ མི་ནག་རྟ་ནག་འདུ་རུ་རུ༔ དར་ནག་བ་དན་ཕྱ་ར་ར༔ རལ་གྲི་མདའ་མདུང་ཟིངས་སེ་ཟིང་༔ ཞུབ་ཆེན་དཔུང་ཚོགས་སི་ལི་ལི༔ [25a] ནམ་རྒྱང་མཚོན་རྩེ་ཟངས་སེ་ཟང་༔ མདའ་ཁྲ་སྐར་ལྟར་བྲེངས་སེ་བྲེང་༔ འཕང་ཁྲ་རྩང་ལྟར་ཤ་ར་ར༔ མདོས་དང་ཡས་དཀོར་ཐམས་ཅད་ཀྱང་༔ མི་བཟད་དྲག་པོའི་ཟོར་དུ་སྒྱུར༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་བསྐུལ་ལོ། །བདུན་པ་ཟོར་འཕང་བ་ནི། མདོས་ཟོར་རྣམས་ཕྱར་དར་རོལ་མོ་དང་བཅས་པས་ཕྱི་རོལ་དུ་ཁྱེར་ལ། གསེར་སྐྱེམས་ཕྱོགས་བཅུར་འཐོར་ཞིང་མ་ཉེས་པའི་ཤག་གདབ་པ་སྔོན་དུ་འགྲོ་བས། ཧཱུྃ་བྷྱོ༔ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས༔ དམག་དཔུང་དགྲ་དང་བགེགས་ལ་འགྱེད༔ བྷྱོ་བྷྱོ་དེ་ནི་དགྲ་ལ་བྷྱོ༔ ཆོས་ཆོས་དེ་ནི་དམག་ལ་ཆོས༔ ཕྱོགས་སྐྱོང་བཅུ་ཡིས་དམག་སྣ་དྲོངས༔ དྲེགས་པའི་དཔུང་གིས་དགྲ་བགེགས་ཆོམ༔ འདུ་བ་རྣམ་བཞིའི་ནད་ཕོབ་ཅིག༔ རྣོ་མྱུར་མཚོན་ཆའི་ཆར་ཕོབ་ཅིག༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་ཐོངས༔ མཛའ་བཤེས་ཉེ་བ་ཀུན་དང་ཕྲོལ༔ ལུས་ཕུང་མཚོན་ཆས་དུམ་བུར་གཏུབ༔ ཤ་ཁྲག་ནང་ཁྲོལ་ཐང་ལ་ཕོས༔ སྡེ་བརྒྱད་ཕོ་ཉའི་རྔམས་ཟས་གྱིས༔ ཕོ་རྒྱུད་རྣམས་ནི་ཤ་ལ་ཟོ༔ མོ་རྒྱུད་རྣམས་ནི་ཁྲག་ལ་འཐུང་༔ གཟུགས་ཕུང་བཤིག་ལ་རྣམ་ཤེས་སྤོར༔ བདེ་ཆེན་དབྱིངས་སུ་སྒྲོལ་བར་མཛོད༔ ཅེས་ཟོར་བསྐུལ་ནས། ཧཱུྃ་བྷྱོ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ ཕོ་ཉར་ [25b] མངགས་པ་ཟོར་གྱི་བདག༔ དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ༔ དམར་ཆེན་དྲག་པོ་གཏོར་མའི་ཟོར༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ དགྲ་བགེགས་ལུས་སེམས་འབེན་ལ་ཡཱ༔ ཞེས་ཟོར་སྔགས་དང་བཅས་ཚིག་ཁ་བསྒྱུར་ཏེ་རིམ་བཞིན་འཕང་བས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་ཐམས་ཅད་ཐལ་བར་བརླག་པར་བསམ་མོ། །དེ་ནས་ཟོར་རྗེས་གཅོད་པའི་སྲུང་འཁོར་བསྒོམ་ཞིང་སློབ་དཔོན་གྱིས་རྟིང་མནན་ཏེ་ནང་དུ་ལོག་གོ། །བརྒྱད་པ་མངའ་གསོལ་བ་ནི། གཏེར་གཞུང་ནས་འབྱུང་བ་བཞིན་བྱའོ། །དགུ་པ་རྗེས་ཆོག་ནི། གཏོར་སྐྱོང་ནས་བཟུང་སྨོན་ལམ་བཀྲ་ཤིས་ཀྱི་བར་ཕྲིན་ལས་བཞིན་རྒྱས་པར་བྱའོ། །ཁྲག་འཐུང་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །གང་གི་དཀྱིལ་འཁོར་འཁོར་ལོ་ལ་བརྟེན་ནས། །སྣང་སྲིད་མདོས་ཀྱི་ཕྱག་རྒྱར་བསྒྲུབས་པ་ལས། །ཐོགས་མེད་ཕྲིན་ལས་དབང་སྒྱུར་མྱུར་བདེའི་སྐྱེས། །མི་བཟད་ནུས་སྟོབས་རྡོ་རྗེ་རྩེ་བརྒྱ་པས། །ཕས་རྒོལ་བདུད་དཔུང་ལྷ་མིན་གཡུལ་བརྩམ་སྟེ། བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ལྷའི་རྔ་སྒྲས། ས་གསུམ་ཀུན་ཏུ་གཡོ་ཞིང་འགོངས་གྱུར་ཅིག དེ་ལྟར་དཔལ་མགོན་ནག་པོ་ཆེན་པོ་ཕྱག་བཞི་པའི་མདོས་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་ལྷའི་རྔ་སྒྲ་ཞེས་བྱ་བ་འདི་ནི། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་བཀའི་པོད་པན་སྤྱི་བོར་ལྷུང་བ་གུས་པས་གཙུག་གི་རྒྱན་དུ་མཆོད་པར་བྱ་བའི་ཕྱིར། གཏེར་གཞུང་རྩ་བའི་གཞིར་བཞག་ལ་སྐབས་སུ་བབས་པའི་ངག་འདོན་ [26a] གྱི་སྤྲོས་པ་འགའ་ཞིག་གཏེར་ཁ་གོང་མ་མགོན་པོ་མེ་འབར་མའི་གཞུང་ལས་བླངས་ཤིང་མཁས་གྲུབ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱི་ངེས་པས་གཏན་ལ་ཕབ་སྟེ། རྗེ་རིགས་ཀྱི་སྔགས་སྨྱོན་གདུག་པ་ཅན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཞི་བཅུ་རྩ་གཉིས་པའི་མཐར་ཐུག་པ་ས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་ཡར་ངོའི་རྫོགས་པ་དང་པོ་ལ་ཀོང་ཡུལ་བདུད་རི་རྔམས་ཆེན་སྒྲ་སྒྲོགས་ཀྱི་མགུལ་ཁུག་བོད་ཀྱི་དུར་ཁྲོད་བསིལ་བ་ཚལ་གྱི་ནགས་ཁྲོད་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་ཕྲིན་ལས་དྲག་པོའི་ལམ་ལ་གཡར་དམ་དུ་འཆའ་བའི་རྣལ་འབྱོར་པ་བློ་གྲོས་ནམ་མཁར་སྤྱོད་པ་རྩལ་གྱིས་བགྱིས་པའོ། །འདིས་ཀྱང་གསང་ཆེན་བསྟན་པའི་རྒྱལ་ཐབས་ཀྱི་མངའ་ཐང་དགུང་དུ་བདོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ། །