ཟབ་ཆོས་ཡིད་བཞིན་འོད་འཕྲོའི་རིག་འཛིན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་བཅུད་འབེབས།

From Dudjom Wiki
DJYD-KABUM-08-NYA-017
Wylie title zab chos yid bzhin 'od 'phro'i rig 'dzin brgyud pa'i gsol 'debs byin rlabs bcud 'bebs DJYD-KABUM-08-NYA-017.pdf
Location bdud 'joms rin po che bka' 'bum
Volume 8, Text 17, Pages 453-456 (Folios 1a1 to 2b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab chos yid bzhin 'od 'phro'i rig 'dzin brgyud pa'i gsol 'debs byin rlabs bcud 'bebs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 453-456. Kalimpong: Dupjung Lama, 1979-1985.
Side notes Recto: brgyud 'debs   Verso: yid bzhin 'od 'phro
More details More details
Tertön རྡོ་རྗེ་ཐོགས་མེད་ (rdo rje thogs med)
Genre Lineage Supplications - brgyud 'debs
Cycle ཟབ་ཆོས་ཡིད་བཞིན་འོད་འཕྲོ་ (zab chos yid bzhin 'od 'phro)
Deity bla ma snang srid zil gnon
Colophon

ཅེས་པའང་ལམ་འདིའི་བཀའ་བབ་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་དགེ། གོང་གི་སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པའམ་པདྨ་འགྲོ་མགོན་རྡོ་རྗེ་ཉིད་ད་ལྟའི་སྨིན་གྲོལ་གྱི་བརྒྱུད་པའི་གྲལ་དུ་མི་བཞུགས་ཀྱང་རྩ་བའི་ཆོས་བདག་མཆོག་ཏུ་གྲུབ་པ་དང་། ཆོས་གླིང་གར་དབང་འཆི་མེད་རྡོ་རྗེ་ནི་མཚོ་རྒྱལ་བདེ་ཆེན་དཀར་མོའི་སྨིན་གྲོལ་གྱི་བརྒྱུད་པར་ཐུག་པ་བཅས་གཉིས་ཀར་གཏེར་ཆེན་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐུགས་ཀྱི་སྲས་སུ་གྱུར་པ་ཙམ་དུ་མ་ཟད་སྦས་ཡུལ་གནས་གཏེར་རྒྱ་མཚོའི་སྒོ་བརྒྱ་ཐོག་མར་འབྱེད་པའི་ཤིང་རྟ་ཆེན་པོར་དེས་པའི་ཕྱིར་རིག་འཛིན་རྣམ་པ་གསུམ་པོ་དཀྱུས་གཅིག་ཏུ་བཀོད་པའོ།།

ces pa'ang lam 'di'i bka' bab lung thob kyi skal bzang nyams su myong ba rig 'dzin gyi myu gu 'jigs bral ye shes rdo rjes gsol ba btab pa dge/___gong gi sgam po pa o rgyan 'gro 'dul gling pa'am pad+ma 'gro mgon rdo rje nyid da lta'i smin grol gyi brgyud pa'i gral du mi bzhugs kyang rtsa ba'i chos bdag mchog tu grub pa dang /___chos gling gar dbang 'chi med rdo rje ni mtsho rgyal bde chen dkar mo'i smin grol gyi brgyud par thug pa bcas gnyis kar gter chen nyid kyi thun mong ma yin pa'i thugs kyi sras su gyur pa tsam du ma zad sbas yul gnas gter rgya mtsho'i sgo brgya thog mar 'byed pa'i shing rta chen por des pa'i phyir rig 'dzin rnam pa gsum po dkyus gcig tu bkod pa'o//

[edit]
༄༅། །ཟབ་ཆོས་ཡིད་བཞིན་འོད་འཕྲོའི་རིག་འཛིན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་བཅུད་འབེབས་ཞེས་བྱ་བ་བཞུགས་སོ། །སྲིད་ཞིའི་ཁྱབ་བདག་རང་བྱུང་གདོད་མའི་གཞི། །འཕོ་འགྱུར་ཡོངས་བྲལ་རྡོ་རྗེ་སྙིང་པོའི་ཁམས། །ཐིག་ལེའི་ཉག་གཅིག་གཞོན་ནུ་བུམ་པའི་སྐུ། །ཀུན་བཟང་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །གཞི་སྣང་ལྷུན་གྲུབ་འདོད་གསལ་བདེ་བ་ཆེ། །འགག་མེད་ཁ་སྦྱོར་ཟུང་འཇུག་རྡོ་རྗེའི་དངོས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ་གསོལ་བ་འདེབས། །དཔག་ཡས་ཐུགས་རྗེ་མཁའ་ཁྱབ་ཡེ་ཤེས་སྤྲིན། །བསམ་གྱིས་མི་ཁྱབ་སྒྱུ་འཕྲུལ་དྲྭ་བའི་གར། །གདུལ་བྱའི་ཁམས་ལ་གང་འདུལ་སྤྲུལ་པའི་སྐུ། །གུ་རུ་སྣང་སྲིད་ཟིལ་གནོན་ལ་གསོལ༴ །ཀུན་ཏུ་བཟང་མོ་ཤེས་རབ་ཕར་ཕྱིན་ཡུམ། །བདེ་ཆེན་མཁའ་སྤྱོད་ཌཱ་ཀིའི་རྗེ་མོའི་ཚུལ། །རྒྱལ་ཀུན་བསྐྱེད་མཛད་གསང་སྔགས་མཛོད་འཛིན་མ། །དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་ལ༴ །བཻ་རོས་རྗེས་བཟུང་གུ་རུའི་ཐུགས་ཀྱི་སྲས། །མཁྱེན་པ་གཉིས་ལྡན་རྟོགས་གྲོལ་ཟུང་འཇུག་བརྙེས། །འཁྲུལ་པའི་ཆོས་ཟད་ཀ་དག་གྲོལ་གཞིར་གཤེགས། །སྒྲ་བསྒྱུར་གཡུ་སྒྲ་སྙིང་པོ་ལ༴ མཉམ་ཉིད་དགོངས་པས་འཁོར་འདས་ཟིལ་གྱིས་གནོན། །ཧེ་རུ་ཀ་དཔལ་གྲུབ་པའི་འཁོར་ལོས་བསྒྱུར། །གཡུ་སྒྲའི་རྣམ་འཕྲུལ་པདྨ་ཐོད་ཕྲེང་དངོས། །རིག་འཛིན་རྡོ་རྗེ་ཐོགས་མེད་ལ༴ །སྲིད་ལ་མི་གནས་ཀུན་བཟང་རྒྱལ་ཐབས་འཛིན། །ཞི་ལ་མི་གནས་འགྲོ་ཁམས་དོང་ནས་སྤྲུགས། །བི་མ་དངོས་བྱོན་སྐྱེ་མཐའི་སངས་རྒྱས་མཆོག །པདྨ་འགྲོ་མགོན་རྡོ་རྗེ་ལ༴ །ཆོས་ཉིད་གཞི་རྫོགས་དགོངས་པ་ཀློང་ནས་བརྡོལ། །དབྱིངས་རིག་བདེ་སྟོང་ཡེ་ཤེས་འདུ་འབྲལ་མེད། །མཆོག་གྲུབ་རྣམ་རོལ་དཔལ་ཆེན་རིག་པ་འཛིན། །གར་དབང་འཆི་མེད་རྡོ་རྗེ་ལ༴ །རྒྱལ་ཐབས་སྤྱི་བླུགས་དོན་གྱི་དབང་བསྐུར་བརྙེས། །འཕོ་བའི་སྒྲིབ་བཅོམ་འབྱུང་བཞི་དབང་དུ་བསྒྱུར། །མཚོ་རྒྱལ་ཐུགས་སྤྲུལ་ཡེ་ཤེས་ཌཱ་ཀི་དངོས། །རིགས་འདུས་ཟླ་འོད་དབང་མོ་ལ༴ །འཁོར་འདས་མཉམ་བརྡལ་རིག་པའི་རྩལ་ཆེན་རྫོགས། །ས་ལམ་ཆིག་ཆོད་འཁྲུལ་པའི་མཚན་མ་ཟད། །ཁྲི་སྲོང་རྣམ་སྤྲུལ་གསང་ཆེན་བསྟན་པའི་བདག །པདྨ་ཟིལ་གནོན་མཆོག་རབ་ལ༴ །ཡེ་ཤེས་ལྷུན་འབྱམས་རྟོགས་པ་ཀློང་དུ་གྱུར། །འོད་གསལ་ཁོར་ཡུག་ཏིང་འཛིན་ཚད་ལ་ཕེབས། །ནམ་སྙིང་རོལ་གར་མཁྱེན་བརྩེ་ནུས་པའི་གཏེར། །རྒྱལ་ཚབ་པདྨ་བསྟན་དར་ལ༴ །ཆོས་ཉིད་རང་བབ་གཉུག་མའི་དེ་ཉིད་གཟིགས། །བྱར་མེད་ལྷུན་རྫོགས་རེ་དོགས་གཟེབ་ལས་གྲོལ། །གུ་རུའི་གསུང་སྲས་སྦས་པའི་བརྟུལ་ཞུགས་འཆང་། །པདྨ་དབང་གི་རྒྱལ་པོ་ལ་གསོལ༴ །རབ་འབྱམས་རྒྱལ་བ་མ་ལུས་འདུས་པའི་ཞལ། །དཔལ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །བསླུ་མེད་སྐྱབས་ཀྱི་མཐར་ཐུག་འཁོར་ལོའི་མགོན། །དྲིན་ཆེན་རྩ་བའི་བླ་མ་ལ༴ །མོས་པའི་བུ་ལ་བྱིན་རླབས་ཆར་ཆེན་འབེབས། །སྐལ་པ་ཅན་ལ་དངོས་གྲུབ་རྒྱ་མཚོར་བསྐྱིལ། །དམ་ཚིག་ལྡན་ལ་ཕྲིན་ལས་ཁ་ལོ་བསྒྱུར། །རྩ་གསུམ་འདུས་པའི་ལྷ་ཚོགས་ལ་གསོལ༴ །ཐུགས་རྗེའི་སྟོབས་དང་མོས་པའི་རྟེན་འབྲེལ་ལས། །རྩ་བརྒྱུད་བླ་མ་དཀྱིལ་འཁོར་འཁོར་ལོའི་ལྷས། །རྟག་ཏུ་འབྲལ་མེད་བརྩེ་བས་རྗེས་བཟུང་ནས། །བྱིན་རླབས་དགོངས་བརྒྱུད་སྙིང་ལ་འཕོ་བར་ཤོག །དད་དང་ངེས་འབྱུང་ཐར་པའི་ཞིང་ས་རུ། །སྨིན་བྱེད་དབང་བཞིའི་ས་བོན་ལེགས་བཏབ་པ། །གྲོལ་བྱེད་གདམས་ཟབ་བདུད་རྩིས་བསྐྱེད་བསྲིངས་ཏེ། །བླ་མེད་སྐུ་བཞིའི་འབྲས་བཟང་མངོན་གྱུར་ཤོག །ཁྱད་པར་འོད་གསལ་རྡོ་རྗེའི་གསེང་ལམ་ལས། །སྣང་བཞི་མཐར་ཕྱིན་ཆོས་ཉིད་ཟད་སར་འཁྱོལ། །འཕོ་ཆེན་འཇའ་ལུས་སྒྱུ་མའི་སྐུ་མཆོག་གིས། །རྣམ་མང་འགྲོ་ཁམས་དོང་སྤྲུགས་མཐུ་ཐོབ་ཤོག །ཅེས་པའང་ལམ་འདིའི་བཀའ་བབ་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་དགེ། གོང་གི་སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པའམ་པདྨ་འགྲོ་མགོན་རྡོ་རྗེ་ཉིད་ད་ལྟའི་སྨིན་གྲོལ་གྱི་བརྒྱུད་པའི་གྲལ་དུ་མི་བཞུགས་ཀྱང་རྩ་བའི་ཆོས་བདག་མཆོག་ཏུ་གྲུབ་པ་དང་། ཆོས་གླིང་གར་དབང་འཆི་མེད་རྡོ་རྗེ་ནི་མཚོ་རྒྱལ་བདེ་ཆེན་དཀར་མོའི་སྨིན་གྲོལ་གྱི་བརྒྱུད་པར་ཐུག་པ་བཅས་གཉིས་ཀར་གཏེར་ཆེན་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐུགས་ཀྱི་སྲས་སུ་གྱུར་པ་ཙམ་དུ་མ་ཟད་སྦས་ཡུལ་གནས་གཏེར་རྒྱ་མཚོའི་སྒོ་བརྒྱ་ཐོག་མར་འབྱེད་པའི་ཤིང་རྟ་ཆེན་པོར་དེས་པའི་ཕྱིར་རིག་འཛིན་རྣམ་པ་གསུམ་པོ་དཀྱུས་གཅིག་ཏུ་བཀོད་པའོ།། །།