གཏེར་གསར་ནཱ་ག་རཀྴའི་སྒོ་ནས་ཀླུའི་གདོན་འགྲོལ་གྱི་ཆོ་ག་འོག་གདོན་ཞགས་འགྲོལ།

From Dudjom Wiki
DJYD-KABUM-09-TA-007
Wylie title gter gsar nA ga rak+sha'i sgo nas klu'i gdon 'grol gyi cho ga 'og gdon zhags 'grol DJYD-KABUM-09-TA-007.pdf
Location bdud 'joms rin po che bka' 'bum
Volume 9, Text 7, Pages 339-353 (Folios 1a1 to 8a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gter gsar nA ga rak+sha'i sgo nas klu'i gdon 'grol gyi cho ga 'og gdon zhags 'grol. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 339-353. Kalimpong: Dupjung Lama, 1979-1985.
Side notes Recto: gdon 'grol   Verso: bdud 'joms nA ga rak+sha
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Activity Practices - las tshogs  ·  Ritual and Liturgical Texts - cho ga phyag len
Cycle དགོངས་གཏེར་ནཱ་ག་རཀྵ་ (dgongs gter na ga rak+sha)
Colophon

།ཞེས་པའང་དོན་གཉེར་ཅན་རྣམས་ཀྱིས་བསྐུལ་བ་ལས་རིགས་མཐུན་གྱི་གཞུང་ལས་བླངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བཛ་ཡནྟུ།

zhes pa'ang don gnyer can rnams kyis bskul ba las rigs mthun gyi gzhung las blangs te 'jigs bral ye shes rdo rjes sbyar badza yan+tu/

[edit]
༄༅། །གཏེར་གསར་ནཱ་ག་རཀྴའི་སྒོ་ནས་ཀླུའི་གདོན་འགྲོལ་གྱི་ཆོ་ག་འོག་གདོན་ཞགས་འགྲོལ་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ཡ། འཇིགས་བྱེད་ནཱ་ག་རཀྴའི་སྒོ་ནས་ཀླུའི་གདོན་འགྲོལ་བྱ་བར་འདོད་པས། དབེན་པའི་གནས་སུ་སྟེགས་བུའི་ཁར། བུམ་གདན་པདྨ་འདབ་མ་བརྒྱད་པའི་དབུས་སུ་བུམ་པ་མགུལ་ཆིངས་ཁ་རྒྱན་དུང་ཆོས་གཟུངས་ཐག་དང་ལྡན་པའི་ནང་དུ་བུམ་རྫས་ཀྲི་ཡ་དང་མཐུན་པར་བླུག་པ་འགོད། དེའི་མདུན་དུ་ཡི་དམ་གྱི་མཆོད་གཏོར་དང་སྨན་རཀ་ཆུ་གཉིས་ཉེར་སྤྱོད་རྣམས་བཤམ། སྟེགས་བུ་དེའི་མདུན་དུ་དར་དཀར་པོའི་ཁར་ལྕགས་དང་རག་སོགས་མིན་པའི་རྫའམ་ཟངས་དམར་གྱི་སྣོད་དུ་ཟན་གྱིས་ཀླུ་གཟུགས་སྟོད་ལྷའི་རྣམ་པ་སྦྲུལ་མགོ་དགུའི་གདེངས་ཀ་ཅན་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། དེའི་མཐར་བཤོས་བུ་ཟླུམ་པོ་བརྒྱད། རིལ་བུ་བརྒྱད། ཆངས་བུ་བརྒྱད་སོགས་དང་། རྒྱས་པར་ཀླུ་ནོར་སོགས་ཀྱང་འགོད། དེ་ལ་གདོང་ཕྱོགས་པར་ཡོན་བདག་གི་གླུད་དྲི་མས་སྦགས་པ་བཀོད། [2a] ཀླུ་གཟུགས་དང་སྐུ་གླུད་གཉིས་ཀྱི་མཐའ་བསྐོར་དུ་ཀླུ་ལ་ཕོག་ཐུག་མི་ཡོང་བའི་རིན་ཆེན་སྨན་འབྲུ་ཟས་དར་གོས་ཆེན་སོགས་ཀྱིས་བསྐོར་ལ་ཀླུ་སྨན་ཀྱང་བཏབ། དེ་དང་ཉེ་བར་ཟངས་དམར་ལྟ་བུའི་གཏོར་སྣོད་གཅིག་ཏུ་ཀླུ་བཤོས་རྒྱབ་ཡོལ་ཏིང་ལོ་མཐེབ་ཀྱུ་ཆངས་བུ་དང་བཅས་པ་དཀར་གསུམ་མངར་གསུམ་ཀླུ་སྨན་གྱིས་བརྒྱན་པ་བཞག སློབ་དཔོན་རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནས་ཟེ། ཁྲུས་དར་བྱབ་རྫས་ཀྱི་རྨ་བྱའི་མདོངས། ཤིང་སྣའི་ཕོན་པོ། ས་རྡོག །ཆུ། རླུང་གཡབ། མེ་སྒྲོན། མེ་ལོང་དང་བཅས་འདུ་བྱས་ནས། ཆོ་ག་དངོས་ལ། བདག་སྐྱེད་ནཱ་ག་རཀྴའི་ལས་གཞུང་བསྲང་སྟེ་བཟླས་པ་ཅི་འགྲུབ་མཐར། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །བུམ་པ་བྷཱུྃ་ལས་གཞལ་ཡས་ཁང་། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་ནང་། །གནམ་ལྕགས་འཁོར་ལོ་རྩི་བས་བརྒྱད་དབུས། །[2b] ཞེས་སོགས་ལས་བྱང་བཞིན་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ། གཟུངས་ཐག་བླངས་ཏེ། བདག་གི་ཐུགས་ཀའི་ས་བོན་ལས༔ འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས༔ བུམ་པའི་ལྷ་ཡི་ཐུགས་ཀར་ཐིམ༔ བུམ་པའི་ལྷ་ལས་འོད་འཕྲོས་པས༔ བདེ་གཤེགས་མཆོད་ནས་འོད་ཚུར་འདུས༔ བུམ་པའི་ནང་དུ་ཁྲོ་ཆུང་དང་༔ ཁྱད་པར་ཡེ་ཤེས་བདུད་རྩིར་བསམ༔ ཞེས་པའི་དོན་བཞིན་དམིགས་པའི་སྤྲོ་བསྡུ་དང་བཅས་རྩ་སྔགས་གང་འགྲུབ་དང་། ལས་སྔགས་དང་། ཨེ་ཧོ་ཤུདྡྷེ་སོགས་ཁྲུས་བདུན་གྱི་སྔགས་ཉེར་གཅིག་སོགས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་ལྷ་འོད་དུ་ཞུ་བ་བདུད་རྩིར་གྱུར་པར་བསམ་མོ། །དེ་ནས་ཀླུ་གཟུགས་བསང་སྦྱངས། སྟོང་པའི་ངང་ལས་ཏྲིཿཕུ་ལས་གནོད་བྱེད་ཀྱི་ཀླུ་དེ་ཉིད་སྟོད་ལྷའི་ལུས་ཅན་སྦྲུལ་མགོའི་གདེངས་ཀ་ཅན། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་དར་དང་རིན་པོ་ཆེས་བརྒྱན་པར་གྱུར། རང་ཉིད་འཇིགས་བྱེད་ནཱ་ག་རཀྴར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས་གནོད་བྱེད་ཀྱི་གཙོས་ཀླུ་རྣམས་རང་དབང་མེད་པར་བཀུག་ནས་གཟུགས་བརྙན་ལ་ཐིམ་པར་བསམ་ཞིང་། རྡོར་དྲིལ་འཛིན་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ཧཱུྃ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ ཆུ་བདག་རྒྱལ་པོ་ཝ་རུ་ཎ༔ ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས༔ [3a] རིག་པའི་རྒྱལ་པོའི་བཀའ་བཞིན་དུ༔ དམ་ཚིག་གནས་འདིར་གཤེགས་སུ་གསོལ༔ ནཱ་ག་རཱ་ཛ་ས་མ་ཡ་ཛཿ ཛཿཧཱུྃ༔ བཾ་ཧོཿ ཞེས་སྤྱན་དྲངས། དེ་ནས་གླུད་གཟུགས་གཏོར་མར་བཅས་པ་བསང་སྦྱངས། སྟོང་པའི་ངང་ལས་གླུད་གཟུགས་མཛེས་ཤིང་ཡིད་དུ་འོང་བ་འདོད་ཡོན་འཛད་པ་མེད་པའི་ལོངས་སྤྱོད་ཀྱི་དཀོར་ནོར་བསམ་གྱིས་མི་ཁྱབ་པ་དང་བཅས་པར་བསམས་ལ་ནམ་མཁའ་མཛོས་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། སམྦྷ་ར་ཚར་བདུན་སེ་གོལ་དང་བཅས་ཀླུ་ལ་བསྔོས་པས་མཉེས་ཤིང་ཚིམ་ནས་གདུག་སེམས་ཞི་བར་བསམ་ལ། ཧཱུྃ༔ ཀླུ་ཆེན་འཁོར་དང་བཅས་པ་ལ། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱི། །དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང་། །གནོད་པའི་བསམ་སྦྱོར་ཞི་བར་མཛོས། །ཅེས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་སོགས་ཆོས་སྦྱིན་ཡང་བྱ། དེ་ལྟར་གྱེར་སྔགས་སྤྲེལ་བ་དོ་གལ་དང་བསྟུན་ཏེ་ཚར་གྲངས་གང་འོས་བསྐྱར་རོ། །དེ་ནས་གདོན་འགྲོལ་དུག་སྦྱོང་བྱ་བ་དངོས་ནི། གང་ལ་བྱེད་རྒྱུའི་ནད་པ་དེ་བོས་ལ་དེའི་མདུན་དུ་རས་ཀྱི་ཁར་ཀླུ་གཟུགས་ནད་པ་ལ་ཕྱོགས་པ་དང་། གླུད་ཀླུ་ལ་གདོང་བསྟན་ནས་བསྒྲིག །ནད་པའི་རྐང་པ་དང་གླུད་ཀྱི་བར་དྲི་ལམ་དར་ནག་པོས་སྦྲེལ་ལ། ཐོག་མར་བཀྲུ་བ་ནི། སློབ་དཔོན་རིག་པའི་རྒྱལ་པོའི་ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་ནར་གྱིས་བབས་པས་ཁྱེད་རང་གི་ལུས་ལ་ [3b] གནས་པའི་གདོན་ཐམས་ཅད་སྦལ་སྦྲུལ་སྡོམ་སྡིག་རྟ་གཟེབ་ལ་སོགས་ཏེ་སྲོག་ཆགས་ཀྱི་རྣམ་པར་དྲི་ལམ་ནས་བརྒྱུད་དེ་ཀླུ་གཟུགས་ལ་ཐིམ་ཞིང་ནད་ཐམས་ཅད་རྣག་ཁྲག་ལ་སོགས་པའི་རྣམ་པར་དྲི་ལམ་ནས་བརྒྱུད་དེ་གླུད་ལ་ཐིམ་པར་མོས་པ་ནད་པ་དང་སློབ་དཔོན་གཉིས་ཀས་བྱས་ལ་བུམ་ཆུས་བཀྲུ་ཞིང་། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཕྱི་ནི་བུམ་པའི་རྣམ་པ་ལ༔ ནང་ནི་ཁྲོ་རྒྱལ་ཆུ་ཡིས་བཀང་༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ བུམ་པ་གཤེར་བུམ་དྲི་མེད་ཟླུམ༔ མེ་ལོང་ཡེ་ཤེས་ཆུ་ཡིས་བཀང་༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ཞེ་སྡང་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ བུམ་པ་གསེར་བུམ་དྲི་མེད་ནང་༔ མཉམ་ཉིད་ཡེ་ཤེས་ཆུ་ཡིས་བཀང་༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ང་རྒྱལ་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ བུམ་པ་པདྨ་རཱ་གའི་ནང་༔ སོར་རྟོག་ཡེ་ཤེས་ཆུ་ཡིས་བཀང་༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ འདོད་ཆགས་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ བུམ་པ་ཨིནྡྲ་ནཱི་ལ་ཟླུམ༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས་བཀང་༔ སྐལ་ [4a] ལྡན་བུ་ཡི་ལུས་བཀྲུས་པས༔ ཕྲག་དོག་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ བུམ་པ་མཐིང་ཁ་དྲི་མེད་ཟླུམ༔ ཆོས་དབྱིངས་ཡེ་ཤེས་ཆུ་ཡིས་བཀང་༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ གཏི་མུག་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ བུམ་པ་རིན་ཆེན་གཞལ་ཡས་ཁང་༔ ཕ་རོལ་ཕྱིན་དྲུག་ཆུ་ཡིས་བཀང་༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ རྒྱུད་དྲུག་བག་ཆགས་རྟེན་བྱེད་ཅིང་༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ བྃ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཁཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་བཾ་རཾ་ལཾ་ཁཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཞེས་བཀྲུའོ། །བྱབ་པ་ནི། སློབ་དཔོན་གྱི་ལག་གཡས་སུ་རྡོ་རྗེ་དང་རྨ་བྱའི་མདོངས་ཐོགས་ལ། མདོངས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཡེ་ཤེས་ལྔ་ཡི་རང་བཞིན་ཧཱུྃ་ཡིག་མཐིང་ག་འོད་ཟེར་འབར་བ་དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་ཐམས་ཅད་སྔར་བཞིན་སྦུར་མ་རླུང་གིས་དེད་པ་ལྟར་ནག་ཉིལ་གྱི་ཕྱགས། དྲི་ལམ་ནས་བརྒྱུད་ནས་ཀླུ་གཟུགས་དང་གླུད་ལ་ཐིམ་པར་བསམ་ཞིང་། ཧཱུྃ༔ གངས་རི་དཀར་པོའི་ཤར་ཕྱོགས་ནས༔ རྗེ་རིགས་ཀླུ་ཡི་ [4b] ཚོགས་རྣམས་ཀྱིས༔ རེངས་ཤིང་འཁུམ་པའི་ནད་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དོ་ནུབ་དུག་འདི་མི་ཕྱུངས་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདི་མི་ཕན་ན༔ རིག་པའི་རྒྱལ་པོའི་བཀའ་བྱུང་བས༔ ཁྱེད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས༴ ཁ་རླངས་དུག་རྣམས༴ བསམ་སྦྱོར་ངན་པའི་དུག་རྣམས༴ མཛེ་དང་འབྲས་དང་ཕོལ་མིག་དང༔ སྐྲང་པ་ཤུ་ཐོར་གཉན་གཟེར་དང་༔ རྒྱུ་གཟེར་བཤལ་ནད་རེངས་པ་དང་༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་ཀླུ་དང་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ནགས་མ་སྟུག་པོའི་ལྷོ་ཕྱོགས་ནས༔ དམངས་རིགས་ཀླུ་ཡི་ [5a] ཚོགས་རྣམས་ཀྱིས༔ ཚ་ཞིང་བསྲེག་པའི་དུག་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ཅེས་སོགས་ནས། ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའི་བར་གོང་བཞིན་འགྲེ། ཧཱུྃ༔ རྒྱ་མཚོ་གཏོར་བའི་ནུབ་ཕྱོགས་སུ༔ བྲམ་ཟེ་ཀླུ་ཡི་ཚོགས་རྣམས་ཀྱིས༔ མཁྲེགས་ཤིང་སྲ་བའི་དུག་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སོགས་འགྲེའོ། ། ཧཱུྃ༔ གཤམ་མ་དེ་ཡི་བྱང་ཕྱོགས་ནས༔ གདོལ་པ་ཀླུ་ཡི་ཚོགས་རྣམས་ཀྱིས༔ འཁྲུ་ཞིང་སྐྱུག་པའི་ནད་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སོགས་འགྲེའོ། ། ཧཱུྃ༔ མཚམས་བཞི་གདོལ་པའི་གླིང་བཞི་ནས༔ དགའ་བོ་འཇོག་པོ་ཉེ་དགའ་བོ༔ པདྨ་དུང་སྐྱོང་ནོར་རྒྱས་དང་༔ མཐའ་ཡས་རིགས་ལྡན་ཝ་རུ་ཎས༔ ལྕི་ཞིང་འཐིབ་པའི་ནད་གཏོང་བས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སོགས་འགྲེའོ། ། སྟེང་ལྷའི་དུག་ཕྱིར་ཕྱུངས་ཤིག༔ འོག་ཀླུའི་དུག་ཕྱིར༴ གཟའི་དུག་ཕྱིར༴ རྨུའི་དུག་ཕྱིར༴ བཙན་གྱི་དུག་ཕྱིར༴ མ་མོའི་དུག་ཕྱིར༴ གནོད་སྦྱིན་གྱི་དུག་ཕྱིར༴ གཉན་གྱི་དུག་ཕྱིར༴ བདུད་ཀྱི་དུག༴ ཡ་བདུད་ཀྱི་དུག༴ མ་ [5b] བདུད་ཀྱི་དུག༴ རྒྱལ་པོའི་དུག༴ དཀོར་བདག་གི་དུག༴ འགོང་པོའི་དུག༴ ཐེ་བྲང་གི་དུག༴ གཉན་གྱི༴ སྲིན་པོའི་དུག༴ འབྱུང་པོའི་དུག༴ དམ་སྲིའི་དུག༴ གཤིན་རྗེའི་དུག༴ ཀླུ་རྗེ་རིགས་ཀྱི་དུག༴ དམངས་རིགས་ཀྱི་དུག༴ གདོལ་པའི་དུག༴ དགའ་བོའི་དུག༴ ཉེ་དགའ་བོའི་དུག༴ མཐའ་ཡས་ཀྱི་དུག༴ པདྨའི་དུག༴ དུང་སྐྱོང་གི་དུག༴ ནོར་རྒྱས་ཀྱི་དུག༴ རིགས་ལྡན་གྱི་དུག༴ ཝ་རུ་ཎའི་དུག༴ ས་བདག་ས་སྲིན་གྱི་དུག༴ འབྱུང་བ་ས་ཡི་དུག༴ འབྱུང་བ་ཆུའི་དུག༴ འབྱུང་བ་མེའི་དུག༴ འབྱུང་བ་རླུང་གི་དུག༴ འབྱུང་བ་ནམ་མཁའི་དུག༴ མཐོང་བའི་དུག༴ རེག་པའི་དུག༴ ཁ་རླངས་ཀྱི་དུག༴ བསམ་སྦྱོར་ངན་པའི་དུག༴ དོ་ནུབ་དུག་འདི་མི་ཕྱུངས་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་ནད་འདི་མི་ཕན་ན༔ དོ་ནུབ་མི་འདི་མི་གཏོང་ན༔ ཁྲོ་རྒྱལ་ནཱ་ག་རཀྴ་དང་༔ མཁའ་ལྡིང་རྒྱལ་པོ་ག་རུ་ཊ༔ རྡོ་རྗེ་འཛིན་བྱེད་ཆེན་པོ་སོགས༔ དེ་དག་ཐམས་ཅད་ཐུགས་ཁྲོས་ནས༔ ཁྱེད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ཅེས་བྱབ་དྲི་ལམ་ [6a] གླུད་ལ་དཀྲིའོ། །དེ་ནས་གནད་ལ་དབབ་པ་ནི། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བ་དང་བཅས། ཧཱུྃ༔ ཀླུ་གཉན་ས་བདག་གདུག་ཅན་སོགས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ནཱ་ག་རཀྴའི་བཀའ་ལས་འདའ་མ་བྱེད༔ གལ་ཏེ་བཀའ་ལས་འདའ་སྲིད་ན༔ རྡོ་རྗེ་གསོར་བའི་རྭ་ལ་བསྐྱོན༔ ཕུར་པ་བསྒྲིལ་པའི་དབལ་ལ་བསྐྱོན༔ གྲི་གུག་རྣོན་པོའི་རྩེ་ལ་བསྐྱོན༔ རལ་གྲི་ངར་མའི་སོ་ལ་བསྐྱོན༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ མེ་འོབས་ཆེན་པོའི་ནང་དུ་བསྐྱུར༔ དུག་ཆུ་ཁོལ་མའི་ནང་དུ་བསྐྱུར༔ ཁྲོ་ཆུ་ཁོལ་མའི་ནང་དུ་བཙོ༔ རི་རབ་ཆེན་པོའི་རྨང་འོག་མནན༔ ཆུ་སྲིན་གདུག་པའི་མགྲིན་པར་བརྫང་༔ མགོ་ཡང་ཚལ་པ་བརྒྱར་འགས་ཤིང་༔ ལུས་ཀྱང་དུམ་བུ་སྟོང་དུ་འགྲོ༔ སྙིང་ཡང་ཚལ་པ་གཉིས་སུ་གས༔ ལུས་སེམས་ཐལ་བའི་རྡུལ་དུ་རློག༔ དེ་བས་བཀའ་ལས་མ་འདའ་བར༔ རྒྱུ་འབྲས་ཆོས་བཤད་འདི་ལ་ཉོན༔ ས་བོན་མངར་བ་བཏབ་གྱུར་ན༔ འབྲས་བུ་མངར་བ་དག་ཏུ་འགྱུར༔ ས་བོན་ཁ་བ་བཏབ་གྱུར་ན༔ འབྲས་བུ་ཁ་བ་ཉིད་དུ་སྨིན༔ ལེགས་པའི་འབྲས་བུ་བདེ་བ་སྟེ༔ ཉེས་པའི་འབྲས་བུ་སྡུག་བསྔལ་མྱོང་༔ སེམས་ཅན་ཀུན་ལ་གནོད་འཚེ་ན༔ དེ་ཡི་རྣམ་པར་སྨིན་པ་ཡིས༔ འཁོར་ [6b] བ་ངན་སོང་གསུམ་དུ་ལྷུང་༔ སེམས་ཅན་ཀུན་ལ་ཕན་པ་ན༔ དེ་ཡི་དགེ་བའི་རྩ་བ་ཡིས༔ མཐོ་རིས་ཐར་པ་ཐོབ་པར་འགྱུར༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ཞི་བ་བྱང་ཆུབ་སེམས་བསྒོམ་ནས༔ བཟུངས་བ་ཐོང་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཐེག༔ ཆག་ཆེ་ཉམ་ང་ཞི་བར་མཛོད༔ ཇི་ལྟར་བྱས་ཀྱང་མི་ཉན་ན༔ ཁྱོད་རྣམས་ཤི་ས་བསྟན་པ་ནི༔ དཔྱིད་ཟླ་གསུམ་ལ་ས་ཡང་འཆི༔ འབྱུང་བ་ས་ལ་ཤི་བའི་དཔེ་མེད་དེ༔ ཁྱོད་ཀྱི་ཤ་ནི་ས་ཡི་ཁམས༔ དབྱེར་མེད་གཅིག་པའི་རང་བཞིན་ལ༔ ཁྱོད་རྣམས་ཤི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དུ་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ དབྱར་ཟླ་གསུམ་ལ་ནམ་མཁའ་བཆི༔ འབྱུང་བ་ནམ་མཁའ་ཤི་བའི་དཔེ་མེད་དེ༔ ཁྱོད་རྣམས་སེམས་དང་ནམ་མཁའི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱོད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དུ་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སྟོན་ཟླ་གསུམ་ལ་ཤིང་ཡང་འཆི༔ འབྱུང་བ་ཤིང་ལ་ཤི་བའི་དཔེ་མེད་དེ༔ ཁྱོད་རྣམས་རྩ་རྒྱུས་ཤིང་གི་ཁམས༔ [7ན དབྱེར་མེད་གཅིག་པའི་རང་བཞིན་ཏེ༔ ཁྱོད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ དགུན་ཟླ་གསུམ་ལ་ཆུ་ཡང་འཆི༔ འབྱུང་བ་ཆུ་ལ་ཤི་བའི་དཔེ་མེད་དེ༔ ཁྱོད་རྣམས་ཁྲག་དང་ཆུ་ཡི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱོད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ འབྱུང་བའི་དུག་བསྡུ་བ་ནི། ཤིང་གིས་བྱབས་ཤིང་། འབྱུང་བ་ཤིང་གི་དུག་ཁྱེད་རང་གི་རྩ་རྒྱུས་ལ་ཞུགས་པས་རེངས་ཤིང་འཁུམ་པའི་ནད་ཐམས་ཅད་ཤིང་སྣའི་ཕོན་པོ་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་མ་མ་སྔོ་ཏ་སྔོ་ཏ་སྭཱ་ཧཱ༔ སས་བྱབས་ཤིང་། འབྱུང་བ་ས་ཡི་དུག་ཁྱེད་རང་གི་ཤ་རུས་ལ་ཞུགས་པས་ལྕི་ཞིང་འཐིབ་པའི་ནད་ཐམས་ཅད་སྲ་འཁྲེགས་ས་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་སུ་སུ་ཏང་ཏང་སྭཱ་ཧཱ ཆུས་བྱབས་ཤིང་། འབྱུང་བ་ཆུ་ཡི་དུག་ཁྱེད་རང་གི་ཁྲག་ལ་ཞུགས་པས་འཁྲུ་ཞིང་སྐྱུག་པའི་ནད་ཐམས་ཅད་བརླན་གཤེར་ཆུ་ལ་ཐིམ་པའི་མོས་མཛོད། ཨོཾ་བཛྲ་ཁཾ་ཁཾ་སྭཱ་ཧཱ༔ མེས་བྱབས་ཤིང་། འབྱུང་བ་མེ་ཡི་དུག་ཁྱེད་རང་གི་དྲོད་ལ་ཞུགས་པས་ཚ་ [7b] ཞིང་བསྲེགས་པའི་ནད་ཐམས་ཅད་མེ་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་རཾ་རཾ་སྭཱ་ཧཱ༔ རླུང་གཡབ་ཅིང་། འབྱུང་བ་རླུང་གི་དུག་ཁྱེད་རང་གི་དབུགས་ལ་ཞུགས་པས་སྨྱོ་ཞིང་རྒྱལ་འབོག་གི་ནད་ཐམས་ཅད་རླུང་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཡཾ་ཡཾ་སྭཱ་ཧཱ༔ མེ་ལོང་བསྟན་ལ། འབྱུང་བ་ནམ་མཁའི་དུག་ཁྱེད་རང་གི་སེམས་ལ་ཞུགས་པས་རང་སྣང་འཁྲུལ་པའི་རྣམ་རྟོག་གི་ནད་ཐམས་ཅད་དམིགས་མེད་ནམ་མཁའི་རང་བཞིན་དུ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཁ་ཞུང་ཁ་ཞུང་སྭཱ་ཧཱ༔ ཞེས་པས་དུག་རྣམས་དམིགས་མེད་སྟོང་ཉིད་ནམ་མཁའི་རང་བཞིན་དུ་ཡལ་བར་བསམ། དེ་ནས་ཡས་བསྐྱལ་བ་ནི། སྔར་གཏོར་སྣོད་ཟུར་དུ་བཤམས་པ་དེ་བྱིན་གྱིས་བརླབས་ནས་ཀླུ་ལ་ཚིམ་པར་བསྔོ་ཞིང་ནད་གདོན་ཞི་བའི་འདོད་དོན་གསོལ་ནས་གཏོར་མ་ཡས་ཀྱི་ནང་དུ་བླུགས་ཏེ་ཁ་བསྒྱུར་ལ། ཧཱུྃ༔ དང་པོ་སྟོན་པ་སངས་རྒྱས་བཀའ༔ བར་དུ་རིག་འཛིན་རྒྱལ་བའི་བཀའ༔ ད་ལྟ་སྔགས་འཆང་བདག་གི་བཀའ༔ བནྡྷེས་རྦད་པའི་བཀའ་མ་བཅག༔ བོན་པོས་རྦད་པའི་ངག་མ་བཅག༔ རྒྱུ་སྦྱོར་དྲིན་ལན་ཆུད་མ་གསན༔ འཁོར་འདིར་གནོད་པ་མ་མཛད་པར༔ གླུད་གཏོར་དམ་པ་འདི་བཞེས་ལ༔ རང་རང་སོ་སོའི་གནས་སུ་གཤེགས༔ ཞེས་ཡས་རྣམས་གནོད་པའི་ཕྱོགས་ཀྱི་ [8ན གདོན་གནས་སར་བསྐྱལ། ཐུན་གྱིས་བྲབ། གུ་གུལ་བདུག །དྲག་སྔགས་བཟླ། སྲུང་འཁོར་ནི། ནད་པ་ནཱ་ག་རཀྴར་བསྐྱེད་ཅིང་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ་ནས་གནས་གསུམ་དུ་རྡོ་རྗེས་རྒྱས་གདབ་པས་ལུས་ངག་ཡིད་གསུམ་གཞོམ་དུ་མེད་པའི་རྡོ་རྗེའི་གོ་ཁྲབ་ཀྱིས་བཅིངས་པར་བསམ་ལ་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། ལས་བྱང་གི་རྗེས་ཆོག་གཞུང་བཞིན་དུ་བྱའོ། །ཞེས་པའང་དོན་གཉེར་ཅན་རྣམས་ཀྱིས་བསྐུལ་བ་ལས་རིགས་མཐུན་གྱི་གཞུང་ལས་བླངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བཛ་ཡནྟུ། །