བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་སྨིན་གྲོལ་འདོད་འཇོ།

From Dudjom Wiki
DJYD-KABUM-15-BA-024
Wylie title bdud 'dul dbang drag rdo rje gro lod kyi dbang chog smin grol 'dod 'jo DJYD-KABUM-15-BA-024.pdf
Location bdud 'joms rin po che bka' 'bum
Volume 15, Text 24, Pages 395-421 (Folios 1a1 to 14a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'dul dbang drag rdo rje gro lod kyi dbang chog smin grol 'dod 'jo. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: 395-421. Kalimpong: Dupjung Lama, 1979-1985.
Side notes Recto: dbang chog   Verso: gro lod
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Empowerment Ritual - dbang chog - dbang skur  ·  Procedural Outline for Rituals - mtshams sbyor
Cycle བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ (bdud 'dul dbang drag rdo rje gro lod)
Deity rdo rje gro lod
Colophon

།ཞེས་པའང་གཏེར་ཆེན་མཐུ་སྟོབས་གླིང་པའི་རྣམ་འཕྲུལ་ཨོ་རྒྱན་ཆེ་མཆོག་འདུས་པ་རྩལ་གྱི་བཞེད་སྐོང་དུ། འཇུག་བདེའི་མཚམས་སྦྱོར་ངག་འདོན་ཆུ་འབབས་ཀྱི་ཚུལ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་སྐྱུ་རུའི་སྔགས་འཆང་པདྨ་དབང་ཆེན་གྱིས་བགྱིས་པའོ། །ཛ་ཡནྟུ། སརྦ་མངྒ་ལཾ།

zhes pa'ang gter chen mthu stobs gling pa'i rnam 'phrul o rgyan che mchog 'dus pa rtsal gyi bzhed skong du/___'jug bde'i mtshams sbyor ngag 'don chu 'babs kyi tshul du 'jigs bral ye shes rdo rjes bu chu rig pa 'dzin pa'i dga' tshal du sbyar ba'i yi ge pa ni skyu ru'i sngags 'chang pad+ma dbang chen gyis bgyis pa'o/___/dza yan+tu/___sarba mang+ga laM/

[edit]
༄༅། །བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་སྨིན་གྲོལ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །། །


༄༅། །ན་མོ་མཧཱ་གུ་རུ་བཛྲ་ཀྲོ་དྷ་ལོ་ཀོཏྟ་རཱ་ཡེ།སློབ་དཔོན་མཚན་ཉིད་དང་ལྡན་པས་དབང་དྲག་གསང་བའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་གཞུག་ཅིང་སྨིན་པར་འདོད་པས། བཀྲ་ཤིས་བྱིན་ཆགས་པའི་གནས་སུ་ཡར་མར་གྱི་ཚེས་བཅུ་སོགས་དགེ་བའི་དུས་ལ་བབས་པའི་ཚེ། གཙང་མའི་སྟེགས་བུར་གཞུང་མཐུན་གྱི་དཀྱིལ་འཁོར་རས་བྲིས་དགྲམ་པའམ། མཎྜལ་དྲི་བཟང་གིས་བྱུག་པར་མེ་ཏོག་དམར་པོའི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད་པའི་ཁར་མཉྫིའི་སྟེང་དུ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གྱིས་སྤྲས་པ་འགོད། མདུན་དུ་གཙོ་བོའི་སྐུ་ཙཀ། གཡས་སུ་ཕྱག་མཚན་རྡོ་རྗེ། ཕུར་བུ། ལྕགས་སྡིག་ཁྱུང་དམར། གཡོན་དུ་ཐོད་པའམ་རཀྴའི་ཕྲེང་བ། ཧཱུྃ་དམར། ཧཱུྃ་ཡིག་ལྔ་ལྡན། རྒྱབ་ཏུ་གཏོར་ཆེན་སྐུ་ཙཀ་ [2a] དར་གདུགས་ཀྱི་སྤྲད་པ་དང་ཐོད་ཆང་། སྡེ་བརྒྱད་སྲོག་གཏད་བྱ་ན་ཐོད་པ་མཚན་ངན་ནང་དུ་སྡེ་བརྒྱད་སྲོག་ཡིག་བྲིས་པ། མདུན་རྒྱབ་གང་བདེར་མཆོད་གཏོར་སྨན་རཀ །བཀའ་སྲུང་གི་གཏོར་མ་མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་རྣམས་ཚང་བར་འདུ་བྱས་ལ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བདག་མདུན་དབྱེར་མེད་སྣང་སྲིད་དག་པ་རབ་འབྱམས་ཆེན་པོའི་ངང་ནས་བསྙེན་སྒྲུབ་ཀྱི་བཟླས་པ་བྱ་ཞིང་། སྲུང་མའི་གཏོར་འབུལ་དང་ཚོགས་ཀྱི་མཆོད་པ་ཞལ་བསྟབ་ཀྱི་བར་དུ་བཏང་ལ་ལས་བུམ་རྟ་སྔགས་ཀྱིས་བརླབ། རིག་པའི་མེ་ཏོག་དོར་བའམ་གདོད་ནས་མཉམ་རྫོགས་ཆེན་པོའི་དཀྱིལ་འཁོར་དུ་དོན་གྱི་དགོངས་པ་ལ་བཟླ་བས་འཇུག་པ་སྔོན་དུ་འགྲོ་བས། དབང་བསྐུར་དངོས་ལ། སྣོད་དང་ལྡན་ཅིང་ཉམས་ལེན་ལ་བརྩོན་ངེས་ [2b] པའི་སློབ་མ་ཧ་ཅང་མང་པོ་མ་ཡིན་པ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བཀའ་བསྒོ་དྲག་སྔགས་ཡུངས་ཐུན་གྱི་སྦྱོར་བས་བསྐྲད་དེ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་རིགས་པས་ཐོག་དྲངས་ཏེ། དེའང་ཇི་སྐད་དུ་རྩ་གཞུང་ལས། སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ རྒྱ་གར་མཁས་པ་པད་འབྱུང་བདག༔ རང་བྱུང་པདྨའི་སྙིང་པོ་ལས༔ བརྫུས་ཏེ་ཞིང་འདིར་སྲིད་པ་བཟུང་༔ ཨོ་རྒྱན་རྒྱལ་པོའི་སྲས་སྐལ་དུ༔ ཕྱིན་ནས་རྒྱལ་སྲིད་ཆོས་བཞིན་བསྐྱང་༔ རྒྱ་གར་ཕྱོགས་མཚམས་ཀུན་ཏུ་ཉུལ༔ ཆོས་ཀྱི་སྒྲོ་འདོགས་མ་ལུས་བཅད༔ དུར་ཁྲོད་བརྒྱད་དུ་སྤྱོད་པ་སྤྱད༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་ཐོབ༔ མངའ་བདག་རྒྱལ་པོའི་བཞེད་པ་བཞིན༔ སྨོན་ལམ་དབང་གིས་བོད་དུ་འོངས༔ གདུག་པའི་ལྷ་སྲིན་འབྱུང་པོ་བཏུལ༔ གསང་སྔགས་བསྟན་པའི་སྒྲོན་མེ་སྦར༔ ནམ་ཞིག་ལངྐའི་གླིང་བཟུང་ནས༔ འཛམ་གླིང་བོད་ཡུལ་སྐྱེ་འགྲོ་རྣམས༔ སྲིན་པོའི་འཇིགས་ལས་བསྐྱབ་པར་བྱེད༔ སྐུ་ཚབ་སྤྲུལ་སྐུ་བྱིན་གྱིས་བརླབ༔ གསུང་ཚབ་གདམས་པ་གཏེར་དུ་གཏམས༔ ཐུགས་དགོངས་ལས་ཅན་སྙིང་ལ་འབེབས༔ འགྲོ་ [3a] དོན་འཁོར་བ་མ་སྟོངས་བར༔ གང་འདུལ་སྤྲུལ་པ་རྒྱུན་མི་འཆད༔ ཀུན་ལ་ཕན་དྲིན་ཆེ་བར་བྱས༔ སྐལ་ལྡན་མོས་པའི་བློ་ཡོད་ན༔ གསོལ་བ་ཐོབ་དང་བྱིན་རླབས་འཇུག༔ ངེས་ཤེས་སྐྱེད་ཅིག་རྗེས་འཇུག་རྣམས༔ ཞེས་གསུངས་པ་ལྟར། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་བསྡུས་པ། དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གུ་རུ་རིན་པོ་ཆེ་རྡོ་རྗེ་ཐོད་པའི་ཕྲེང་བ་རྩལ་འཆང་གང་ཉིད་བོད་ཡུལ་གདོང་དམར་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་སྦར་བར་མཛད་པའི་སྐབས་སུ། མ་རུང་གདུལ་བར་དཀའ་བའི་མི་དང་མི་མ་ཡིན་ལྷ་སྲིན་གདུག་པ་ཅན་མཐའ་དག་འདུལ་བའི་སླད་དུ་གསང་བ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོས་གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་འབར་བའི་ཁྲོ་རྒྱལ་འཇིག་རྟེན་གསུམ་ན་ཆེ་བའི་མཆོག་གི་སྐུར་བཞེངས་པ་རྡོ་རྗེ་གྲོ་བོ་ལོད་ཅེས་མཚན་ཙམ་གྱིས་ཀྱང་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་མཛད་པའི་ཡེ་ཤེས་ཁྲོ་བོ་ཆེན་པོ་འདིའི་སྒྲུབ་ཐབས་ [3b] རྒྱས་བསྡུས་མཐའ་ཡས་པ་མཆིས་པལས། སྐབས་སུ་བབས་པའི་འདི་ནི་ཇི་སྐད་དུ། དེ་ཡང་གདོང་དམར་བོད་ཡུལ་མཐའ༔ ཁ་ཁྲ་མོན་གྱི་ས་མཚམས་ནི༔ སྤ་གྲོ་སྟག་ཚང་དཔལ་གྱི་ཕུག༔ སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔ ཁྲོ་བས་ཁྲོ་བོ་འདུལ་བའི་ཕྱིར༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ དབང་དྲག་འཆོལ་བའི་སྐུར་ལངས་ཏེ༔ མོན་བོད་གངས་ཅན་མཐའ་དབུས་ཀྱི༔ འདྲེ་བགེགས་རྒྱལ་བསེན་དམ་སྲི་བཏུལ༔ དྲེགས་ལྡན་ལྷ་འདྲེ་གཞི་བདག་ཚོགས༔ དབང་བསྡུས་སྲོག་སྙིང་དངོས་སུ་བླངས༔ གནས་དང་གཏེར་གྱི་གཉེར་ཁ་གཏད༔ དངོས་ཀྱི་གདུལ་བྱས་གོ་ཕྱེས་ཏེ༔ བརྒྱུད་ནས་མ་འོངས་ལས་ཅན་དོན༔ སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་ཚུལ༔ མང་དུ་བསྟན་ཅིང་སོ་སོར་སྦས༔ དེ་དག་ཀུན་གྱི་སྙིང་པོའི་བཅུད༔ རྩ་གསུམ་ཐུགས་ཀྱི་སྒྲུབ་པའི་སྐོར༔ ཟབ་རྒྱས་ཁ་ཚང་དོན་འདྲིལ་བར༔ འབྲོག་བན་ལོ་ཙཱར་བརྩེ་བས་གདམས༔ རྒྱས་བསྡུས་སྐོར་ཚོ་བཞི་རུ་ཕྱེས༔ རྒྱས་པ་བདེ་གཤེགས་ཡངས་འདུས་སྐོར༔ སྐུ་ཚབ་ཡིད་བཞིན་དཔལ་འབར་དང་༔ མྱང་གྲོལ་བདེ་ཆེན་རིལ་བུར་བཅས༔ མོན་གྱི་སྟག་ཚང་དཔལ་ཕུག་གི༔ སྒོ་གདོང་སེངྒེ་འདྲ་ [4a] བའི་མགུལ༔ རྡོ་རྗེའི་ཀེའུ་ཚང་སུལ་དུ་གཏམས༔ འབྲིང་པོ་རིག་འཛིན་ཡོངས་འདུས་སྐོར༔ བོད་ཁམས་བདེ་བའི་མན་ངག་དང་༔ བདག་གི་ཕྱག་མཚན་ཐུགས་རྟེན་བཅས༔ མཆིམས་ཀྱི་གནམ་ལྕགས་འབར་བའི་བྲག༔ མཁར་རྔ་འདྲ་བའི་ལོགས་སུ་སྦས༔ བསྡུས་པ་གསང་བ་ཡོངས་འདུས་སྐོར༔ པདྨ་བཀོད་ཀྱི་མ་ཡིག་དང་༔ སྦས་ཡུལ་བདེ་བའི་མན་ངག་བཅས༔ རྒྱ་ལ་དཔལ་གྱི་རི་བོའི་འགྲམ༔ ཕ་ཝཾ་རྟེན་སྒམ་འདྲ་བར་སྦས༔ ཀུན་གྱི་སྙིང་པོའི་ཞུན་ཐིག་ནི༔ ཡང་གསང་འདུས་པ་རྩ་བའི་སྐོར༔ ཐུགས་ཀྱི་ཐིག་ལེ་དྭངས་མའི་བཅུད༔ ཕྱི་རོལ་གདོས་པོའི་ས་གཏེར་དུ༔ སྦ་ཞིང་འཇོག་པར་བློས་མ་ཐོངས༔ ང་སྤྲུལ་སྒྱུ་མའི་སྐྱེས་བུ་ཡི༔ དགོངས་ཀློང་དབྱིངས་ཀྱི་སྒྲོབ་བུར་སྦས༔ ཡེ་ཤེས་རིག་པའི་གཟུངས་སུ་གཏམས༔ ཞེས་གདམས་པར་མཛད་པའི་སྒྲུབ་སྐོར་སྔ་མ་རྣམས་རང་གཞན་ཡུལ་དུས་གནས་སྐབས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཉེར་ལེན་གྱིས་དངོས་སུ་འདོན་པའི་རྩོལ་བ་མ་བྱས་ཀྱང་། ཡང་གསང་འདུས་པ་སྙིང་པོའི་ཞུན་ཐིག་འདི་ཉིད་ཟབ་མོ་དགོངས་པའི་གཏེར་དུ་བརྡོལ་བ་ཡུན་རིང་ [4b] པོར་གསང་བའི་དམ་ཚིག་མཐར་ཕྱིན་པར་བྱས་ཏེ་དུས་ལ་བབས་པའི་མཚན་མ་མངོན་དུ་མཐོང་བ་ན་རིམ་པར་གསང་བའི་རྒྱ་བཀྲོལ་ནས་སྐལ་ལྡན་བརྒྱུད་པ་གསུམ་གྱི་བར་དུ་ཆིག་བརྒྱུད་དུ་གདམས་པ་འདི་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག ། བླ་མ་དཀྱིལ་འཁོར་གྱི་འཁོར་ལོ་ཐ་མི་དད་པའི་སྤྱན་སྔར་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་པའི་འདིའི་རྗེས་ཟློས། བླ་མ་སངས་རྒྱས་ཆེ་བའི་མཆོགཿ ཧེ་རུ་ཀ་དཔལ་བདག་ལ་དགོངས༔ བདེ་ཆེན་གསང་བའི་དཀྱིལ་འཁོར་འདིར༔ ཐུགས་རྗེས་ཟུངས་ལ་དབང་བསྐུར་སྩོལ༔ ལན་གསུམ། བླ་མ་ཉིད་རྩ་གསུམ་ཀུན་འདུས་དབང་དྲག་རྡོ་རྗེ་གྲོ་ལོད་རྩལ་དངོས་སུ་སྣང་བ་ལ་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བརྒྱུད་པའི་རྩ་བ་བླ་མ་རྗེ༔ སོགས་ལན་གསུམ། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པའི་དོན་དུ་བླ་མ་དབང་དྲག་འབར་བའི་ལྷ་ཚོགས་བསྒྲུབ་ནས་གང་ལ་གང་འདུལ་གྱི་ཕྲིན་ལས་དྲག་པོས་མ་བསྒྲལ་བ་ཐམས་ཅད་ཡང་དག་པའི་མཐའ་ལ་བསྒྲལ་བར་བྱ་སྙམ་དུ་སེམས་བསྐྱེད་པ་ [5a] འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སོགས་ལན་གསུམ། བསགས་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པའི་སྒོམ་དོན་རེ་རེ་བཞིན་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧོཿ དབང་དྲག་འབར་བའི་ལྷ་ཚོགས་གཤེགས༔ སོགས་ལན་གསུམ། དབང་གི་ཡེ་ཤེས་སྣོད་བཅུད་དཀྱིལ་འཁོར་གྱི་རྟེན་འབྲེལ་ཚོགས་པ་ལས་ཐོབ་ཀྱང་དེ་ཉིད་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པ་ཡིན་པས་དམ་ཚིག་བདུད་རྩིའི་མནའ་ཆུ་འདི་ཉིད་ལྕེ་ལ་བཞག་པ་སྙིང་གི་དཀྱིལ་དུ་ཐིམ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་སྦྱོར་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པར་མོས་ཤིག། འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དེ་རིང་ཁྱོད་ཀྱི་སྙིང་ལ་བསྟིམས༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བའི༔ འདའ་དཀའ་རྡོ་རྗེའི་དམ་ཚིག་ཟུངས༔ ཉམས་ན་བསྲེགས་པར་འགྱུར་ཏ་རེ༔ བཛྲ་ས་མ་ཡ་ཨ་མྲྀ་ཏ་ཧཱུྃ༔ ཞེས་དམ་ཆུ་སྦྱིན། དེ་ནས་དབང་གི་གཞི་རྟེན་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང་། ངག་རླུང་འཆིང་། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་ [5b] རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག ། རྣམ་སྨིན་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་དུ་ལྷའི་སྐུར་གྱུར་པ་ནི། ཁྱོད་རང་པདྨ་ཁྲག་འཐུང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀཿ སོགས་ནས། གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ དེ་ལྟར་གསལ་བའི་ཐུགས་ཀར་གཡུང་དྲུང་དམར་པོའི་གྲྭ་བཞིར་ཧ་རི་ནི་སའི་ཡིག་འབྲུ་རྣམས་གསལ་ཞིང་འབར་བ། འོག་རླུང་གིས་བསྐུལ་བས་སྙིང་གའི་གཡུང་དྲུང་ཡིག་འབྲུ་དང་བཅས་པ་གཡོན་བསྐོར་དུ་མགལ་མེ་ལྟར་འཁོར་བ་ལས་བདེ་བའི་རང་བཞིན་ཅན་གྱི་འོད་ཟེར་ཉི་མ་བྱེ་བའི་གཟི་མདངས་ལྟ་བུ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་ཁམས་རྣམས་སུ་བཞུགས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་དང་། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས་གུ་རུ་པདྨ་ཐོད་ཕྲེང་རྩལ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། ཐམས་ཅད་ཀྱང་ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ཏེ་ནམ་ [6a] མཁའ་བར་སྣང་ས་གཞིའི་ཁྱོན་ཁེངས་པར་སྐད་ཅིག་ལ་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་རྩེ་གཅིག་ཏུ་མཛོད།ཅེས་འབེབས་རྫས་བདུག་ཅིང་རོལ་མོ་དབྱངས་དང་བཅས་པས་ལས་བྱང་གི་བྱིན་འབེབས་མཐར་རྩ་སྔགས་དང་ཧཱུྃ་སུམ་སྦྲེལ་མང་དུ་བརྗོད་པ་བྱིན་དབབ། ཡེ་ཤེས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ།ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག ། དེ་ལྟར་ཁྱེད་རང་རྣམས་དམ་ཚིག་ཡེ་ཤེས་དབྱེར་མེད་གདོད་ནས་གྲུབ་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོའི་ཕྱག་རྒྱར་བཞེངས་པ་དེ་ཉིད། སླར་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཅིང་རབ་ཏུ་བརྟན་པར་བྱ་བའི་སླད་དུ་དངོས་གཞིའི་དབང་རྣམས་རིམ་པར་བསྐུལ་བ་ལ། བུམ་པ་འདི་ཉིད་བདུད་འདུལ་དབང་དྲག་འབར་བའི་བརྡ་དོན་རྟགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་དབང་བསྐུར་བའི་ཚེ་བདུད་རྩིའི་ཆུ་རྒྱུན་གྱིས་ཁྱེད་རང་གི་སྒོ་གསུམ་གྱི་སྒྲུབ་པ་བག་ཆགས་དང་བཅས་པ་བཀྲུས། དབང་བཞིའི་ཡེ་ཤེས་རྒྱུད་ལ་སྨིན། པདྨ་དྲག་པོ་ཐོད་ཕྲེང་རྩལ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག། [6b] བུམ་པ་མགོར་བཞག་ཅིང་བུམ་ཆུ་སྦྱིན་ལ། ཧཱུྃ༔ བུམ་པའི་དཀྱིལ་འཁོར་ཡེ་ཤེས་རྒྱུན༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་ཀུན་དག་ནས༔ ཐོད་ཕྲེང་རྩལ་དང་དབྱེར་མེད་ཤོག༔ རྩ་སྔགས་དང་། ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་ཧཱུྃ་གསུམ་སྦྲེལ་བརྗོད། བདེ་གཤེགས་ཡོངས་འདུས་བདུད་འདུལ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱིན་རླབས་འོད་ཟེར་གྱི་ཕུང་པོ་འབར་བཞིན་དུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་གདོས་བཅས་སུ་འཛིན་པའི་དྲི་མ་དག ། སྣང་སྟོང་ཡེ་ཤེས་ལྷའི་སྐུར་གྱུར་པར་མོས་ཤིག །གཙོ་བོའི་སྐུ་ཙཀ་གནས་གསུམ་དུ་བཞག་ལ། ཧཱུྃ༔ ཆོས་དབྱིངས་ངངལས་རང་ཤར་བ༔ པདྨ་ཁྲག་འཐུང་འཆོལ་བ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་དབྱངས་བྱ། ཡེ་ཤེས་ཀྱི་རང་བཞིན་འབར་བའི་ཕྱག་མཚན་སོགས་གཏད་ཅིང་མངའ་གསོལ་བས་དུག་གསུམ་དང་གདོན་བགེགས་མ་ལུས་པ་ཚར་བཅད་ཅིང་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཆེན་བརྙེས་པར་མོས་ཤིག །རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ ཐེག་དགུ་ཡོངས་རྫོགས་ཡེ་ཤེས་ [7a] མཚོན༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོག་འདྲེན་བདུད་དཔུང་ཀུན་འཇོམས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕུར་པ་ལག་གཡོན་དུ་གཏད་ལ། ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་འབར་བའི་མཚོ༔ དྲག་རྩལ་སྟོབས་འདུས་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་སྙིང་རྩ་ཐལ་འབྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྕགས་སྡིག་དང་མེ་ཁྱུང་ལག་གཡོན་གྱི་སྡིགས་མཛུབ་རྩེར་གཏད་ལ། ཧཱུྃ༔ དཔལ་གྱི་ཕོ་ཉ་མི་བཟང་རྔམས༔ ལྕགས་སྡིག་མེ་ཁྱུང་འབར་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བསེན་ས་བདག་ཀུན་འདུལ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་དབྱངས་བྱ། དེ་དག་རྣམས་ཀྱིས་སྐུའི་དབང་བསྐུར་བ་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་གསུང་བཟླས་པའི་ལུང་དབང་གི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀར་ཉི་མའི་གདན་ལ་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་དམར་ནག་གི་མཐར་སྔགས་ཕྲེང་ [7b] ལྕགས་སྲེག་མདོག་ཅན་གཡས་སུ་འཁོར་བ། སློབ་དཔོན་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་དམར་ནག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་མེ་དཔུང་ཁ་དོག་ལྔ་ལྡན་དཔག་ཏུ་མེད་པ་འཕྲོས་ནས་ལུས་ཐམས་ཅད་གང་། སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་པདྨ་ཧེ་རུ་ཀ །སྒྲ་སྐད་ཐམས་ཅད་དྲག་པོ་སྔགས་ཀྱི་རང་སྒྲ་འུར་དིར་གྱིས་སྒྲོག་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད།ཕྲེང་བ་སྦྲེལ་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་མཐར་སྔགས་ཕྲེང་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ གསང་ཆེན་སྙིང་པོ་སྔགས་ཀྱི་སྒྲ༔ དྲག་ལ་ངར་ལྡན་ཆུ་རྒྱུན་བཞིནཿ རིགས་ཀྱི་བུ་ལ་སྔགས་བསྟིམ་པས༔ གྲགས་སྟོང་གསུང་དབྱངས་ཐོབ་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་དབྱངས་བྱ། དེས་གསུང་གི་དབང་བསྐུར་བ་ཐོབ། ངག་གི་ [8a] ནད་གདོན་སྡིག་སྒྲིབ་དག །གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཐུགས་རིག་པ་རྩལ་གྱི་དབང་གི་སླད་དུ། སློབ་དཔོན་དབང་དྲག་རྡོ་རྗེ་གྲོ་ལོད་རྩལ་ལ་གུས་འདུད་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་དམར་པོ་ཡེ་ཤེས་ལྔའི་འོད་ཟེར་འབར་བ་རྒྱངས་ཀྱིས་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་བླ་མ་དྲག་པོའི་ཐུགས་དང་ཁྱེད་རང་གི་ཡིད་དབྱེར་མེད་དུ་གྱུར་པར་མོས་ལ་རང་རིག་གསལ་སྟོང་མ་བཅོས་པའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ་དམར་སྙིང་གར་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་གྱི་ཡང་སྙིང་ཧཱུྃ༔ བརྗོད་བྱའི་ཚིག་དབང་ཧཱུྃ་འདི་ཡིན༔ རིགས་ཀྱི་བུ་ལ་ཧཱུྃ་བསྟིམ་པས༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་དབྱངས་བྱ། དེས་ཐུགས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །རིག་སྟོང་འོད་གསལ་བསྒོམ་པ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་ [8b] འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཡང་གསང་རྡོ་རྗེའི་འབྲུ་གཅིག་གཞོམ་མེད་ཧཱུྃ་གི་སྤྲོ་བསྡུའི་དབང་བསྐུར་བའི་སླད་དུ། སློབ་དཔོན་གྱི་གནས་ལྔ་ནས་ཧཱུྃ་ཡིག་དཀར་དམར་མཐིང་སེར་ལྗང་བའི་འབྲུ་ལྔ་འོད་ཟེར་གྱི་ཕུང་པོ་འབར་བཞིན་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་ཕྱི་ནང་འཁྲུལ་པའི་རྟོག་ཚོགས་དུག་ལྔ་ཕུང་པོ་ལྔའི་ཆོས་རྣམས་ཡེ་ཤེས་ལྔ་དང་སྐུ་ལྔའི་རང་བཞིན་དུ་གྲོལ། སྣོད་བཅུད་སྣང་སྲིད་ཧཱུྃ་གི་རང་བཞིན་དུ་གྱུར་ནས་རྡོ་རྗེའི་རང་སྒྲས་འཁོར་འདས་མ་ལུས་པ་ཁྱབ། རང་སྣང་དབང་དུ་འདུས་གཞན་སྣང་ཟིལ་གྱིས་གནོན། ཡོན་ཏན་ལྷུན་གྱིས་གྲུབ། ཕྲིན་ལས་ཀུན་ལ་ཁྱབ་པར་མོས་ཤོག །ཧཱུྃ་ལྔའི་ཙཀླི་གནས་ལྔར་བཞ་ཅིང་། སློབ་དཔོན་དབང་དྲག་ཧེ་རུ་ཀའི༔ དཔྲལ་མགྲིན་སྙིང་ལྟེ་གསང་བ་ནས༔ དཀར་དམར་མཐིང་སེར་ལྗང་བའི་ཧཱུྃ༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུཾ་སྒྲ་ལྡིར༔ སློབ་བུའི་གནས་ལྔར་སིབ་སིབ་ཐིམ༔ ཞེས་དང་ཧཱུྃ་ལྔ་སྦྲེལ་བའི་དབྱངས་བྱ། དེ་ལས་རང་གདངས་ཧཱུྃ་ལྔ་ལྡན༔ སྟོང་ཁམས་གང་འཕྲོས་ཧཱུྃ་སྒྲས་ཁྱབ༔ སྣོད་བཅུད་ཧཱུྃ་གི་ངོ་བོར་སྦྱངསཿ འུབ་བསྡུས་བདག་ཐིམ་ཧཱུྃ་ལ་འདྲིལ་༔ ཧཱུྃ་ [9a] དབྱངས་གོང་བཞིན། དེ་ཡང་གྱེན་རྫོགས་ནམ་མཁར་ཡལ༔ གནས་ལུགས་ངང་ལ་ཅི་གནས་བཞག༔ ཅེས་ཉམས་ཀྱི་རང་ངོ་བསྐྱང་དུ་གཟུག ། དེས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དབང་བསྐུར་བ་ཐོབ། སྒོ་གསུམ་འཕོ་བའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །བདེ་སྟོང་གི་ཡེ་ཤེས་བསྒོམ་ཞིང་འགྲ་འདུལ་ཕྲིན་ལས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ལ་དབང་། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་སྐྱེད། སྐབས་འདིར་བརྒྱུད་འཛིན་གྱི་སློབ་མ་ཁྱད་པར་བ་རེ་རེ་ཙམ་ལ་དྲེག་ས་པའི་སྲོག་དབང་བསྐུར་ན། ཐོད་ངན་དུ་སྡེ་བརྒྱད་ཀྱི་གཟུགས་བྱས་པ་སློབ་དཔོན་གྱི་མདུན་དུ་བཀོད་ལ། དེ་ལྟར་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ཏེ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་བདག་ཉིད་དུ་གྱུར་པ་དེ་ཉིད་ལ་དྲེགས་པའི་སྲོག་དབང་བསྐུར་བར་བྱ་སྟེ། དགོངས་པ་མི་འགྱུར་གཟེར་ཆེན་གྱིས༔ སྣང་སྲིད་སྲོག་ལ་དབང་ཐོབ་པའི༔ སློབ་དཔོན་ནུས་པར་ལྡན་པ་ཡིས༔ ངེས་པར་བརྒྱུད་འཛིན་སྙིང་འདྲའི་ [9b] བུར༔ དྲེགས་པ་སྡེ་བརྒྱད་གནད་འབེབས་ཀྱི༔ སྲོག་དབང་ཟབ་མོ་བསྐུར་འདོད་ན༔ ཞེས་གསུངས་པ་ཉིད་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཉིད་བདུད་འདུལ་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་དུ་བཞུགས་པའི་ཐུགས་ཀའི་ཧཱུྃ་དམར་བསྐལ་མེ་ལྟར་འབར་བ་ལས་ཛཿཡིག་རྡོ་རྗེ་ལྕགས་ཀྱུ་ཉི་ཟེར་གྱི་རྡུལ་ལྟ་བུ་ཕྱོགས་བཅུར་འཕྲོས། འཇིག་རྟེན་ཁམས་ཀྱི་ཆེ་བཙན་དྲེགས་པ་ཅན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་མདུན་གྱི་རྟེན་ལ་ཐིམ་པར་གྱུར།བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནད་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་སོ་སོའི་རྟེན་འདི་རྣམས་ལ་མཆིས་པར་གྱུར་ཅིག །རྩ་སྔགས་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨ་ཀརྵ་ཡ་ཛ༔ ཞེས་བདེན་སྟོབས་ལན་གསུམ་བརྗོད་པས་བཀུགས། ཛཿཧཱུྃ་བྃ་ཧོཿ ས་གཉིས་མེད་དུ་བསྟིམ། ཕུར་བུ་ཐོགས་ལ། སློབ་དཔོན་གྱི་ཕྱག་གི་ཕུར་བུ་སྲས་མཆོག་ཡཀྵ་མེ་དབལ་དུ་གསལ་བ་དེ་ཉིད་དྲེགས་པའི་སྙིང་གར་གཟིར་ཞིང་བཏབ་པས་ཕུར་རྩེ་ལས་ཡེ་ཤེས་ཀྱི་མེ་སྦར་བས་དེ་རྣམས་ཀྱི་རྒྱུད་ཀྱི་ཉོན་མོངས་ [10a] པ་དུག་ལྔའི་རྟོག་པ་ཐམས་ཅད་བསྲེགས་ཤིང་བཅོམ་སྟེ་ཚར་བཅད་པའི་མོས་པ་མཛོད།རྩ་སྔགས་གཟིར་ཤམ་ཅན་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲིག་ནན་ཨེ་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད༔ བཛྲ་ཡཀྵ་ཀཱི་ལ་ཡ་ཛཿཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཕུར་བུས་གཟིར། དེ་ལྟར་བསྒྲལ་བའི་དྭངས་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་སྲོག་གི་སྙིང་པོ་སོ་སོ་ལས་སྡེ་བརྒྱད་རང་རང་གི་གཟུགས་སུ་གྱུར་པ་ལ་སློབ་དཔོན་གྱིས་དམ་རྫས་བདུད་རྩི་བྱིན་ཞིང་བཀའ་བསྒོས་ཏེ་ཁྱེད་རང་རྣམས་ཀྱི་སྲུང་མར་གཏད་པའི་མོས་པ་མཛོད། ས་མ་ཡ་ཨ་མྲྀ་ཏ་ཧཱུྃ༔ ཞེས་བདུད་རྩི་འཐོར་ཚུལ་བྱས་ལ། ཧཱུྃ༔ ཆེ་མཆོག་དབང་དྲག་དཀྱིལ་འཁོར་མུ་རན་སྐྱོང་། འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་འཛིན་པ༔ ལས་བྱེད་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཀྱིས༔ སྐལ་ལྡན་འདི་ཡི་ལས་རྣམས་ཀུན་སྒྲུབས་ཤིག༔ ཅེས་སྡེ་བརྒྱད་ཀྱི་གཟུགས་ལག་ཏུ་གཏད། ཅེས་བསྒོས་ཤིང་བྲན་ཏུ་གཏད་ལ་བརྟེན་ནས་སྡེ་བརྒྱད་དེ་རྣམས་སོ་སོ་ནས་ཁྱེད་རང་ལ་ལུས་གུས་པས་གཡས་བསྐོར་གྱིས་འདུད་ཅིང་། ངག་གུས་པའི་སྒོ་ནས། མི་བཟད་དཔལ་ཆེན་དབང་དྲག་ཧེ་རུ་ཀ༔ ཁྱེད་ཀྱི་བཀའ་བཞིན་བདག་གིས་བསྟན་པ་ [10b] བསྲུང་༔ ཅི་བསྒོའི་ལས་རྣམས་ཐོགས་མེད་འདིར་བསྒྲུབ་ཅིང་། དམ་ཚིག་གཉན་ལས་ནམ་ཡང་མི་འདའ་འོ༔ ཞེས་བརྗོད་ཅིང་གནས་པ་ཁྱེད་རང་བདུད་འདུལ་དྲག་པོའི་ཞབས་འོག་ཏུ་དྲངས་པས། ཡིད་གུས་པ་ཆེན་པོས་ཅི་བསྒོ་བའི་བཀའ་སྒྲུབ་པར་དམ་བཅས་ཏེ། བཛྲ་ས་མ་ཡ་ཨི་དན་ན་ར་ཀན་༔ ཅེས་ཐ་ཚིག་གི་བྲོ་བོར་བར་མོས་ཤིག །ཅེས་སྲོག་རྟེན་སློབ་མའི་རྐང་འོག་ནས་དྲང་བའི་ཚུལ་བྱ་ཞིང་། སློབ་དཔོན་གྱིས་ནང་མཆོད་བདུད་རྩི་སྡེ་བརྒྱད་ཀྱི་རྟེན་ལ་འཐོར་ཞིང་སློབ་མ་ལའང་སྦྱིན་ཏེ་དམ་བསྲེ། དེ་ལྟར་དམ་ཚིག་བསྲེས་པས་ཁྱེད་རང་རྣམས་ལ་དགྱེས་པ་ཆེན་པོས་ངོ་མཐོན་དུ་བཞུགས་པར་མོས་ཤིག །དཔོན་སློབ་ལྷན་ཅིག་པས་སྡེ་བརྒྱད་ཀྱི་གཏོར་འབུལ་བྱ་ཞིང་གཏོར་མ་གཙང་སར་ཕུལ། སྡེ་བརྒྱད་རྣམས་རང་གནས་སུ་གཤེགས། རང་རིག་དང་དབང་དུ་བསྐུར་བྱའི་དྲེག་ས་པ་རྣམས་གཉིས་མེད་ཀ་དག་སྤྲོས་པ་བྲལ་བའི་ངང་སྐྱོང་ལ་མཉམ་པར་ཞོག་ཅིག །ཅེས་དགོངས་པ་བསྐྱང་། དེ་ལྟར་ན་ཇི་སྐད་དུ། འདི་ནི་ཤིན་ཏུ་གཉན་པའི་ཕྱིར༔ དམ་མེད་རྣམས་ལ་རླུང་ཕྱོགས་ཙམ༔ མི་བསྒྲག་གལ་ཏེ་འཆོལ་གྱུར་ན༔ དྲེགས་པ་སླར་ལ་འཁུ་ཞིང་ལྡོག༔ སློབ་དཔོན་སློབ་མ་གཉིས་ཀ་ཡི༔ སྲོག་ལ་ཧབ་ལེན་ [11a] བྱེད་པར་ངེས༔ དེ་བས་ཚོད་ཟིན་ཤེས་པ་གཅེས༔ ཞེས་དྲེགས་པའི་སྲོག་དབང་ཟབ་ཅིང་ཤིན་ཏུ་གཉན་པ་གཅིག་བརྒྱུད་ལས་འཆོལ་བར་སྤྱད་དུ་མེད་པར་བཀའ་ནན་དུ་བསྡམས་པ་ཉིད་ལེགས་པར་གྲུབ་པ་ཡིན་པས་སྡེ་བརྒྱད་དྲེགས་པའི་དམ་ཚིག་ཕྱི་ནང་གསང་བ་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། ཉི་ཚེའི་ལས་ལ་མི་བཀོལ་ཞིང་རྟག་ཏུ་གསོལ་མཆོད་མི་གཅོག་པ་སོགས་གཞུང་ལས་ཇི་སྐད་དུ་གསུངས་པ་རྣམས་སྤང་བླང་ལེགས་པར་བྱ་དགོས་སོ། །ཞེས་གདམས། དེ་ནས་དབང་བཞི་ཡོངས་རྫོགས་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ། རྩ་བར། དབང་བཞི་ཡོངས་རྫོགས་བྱིན་རླབས་སླད༔ མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད༔ ཐུགས་དམ་བསྐུལ་ཞིང་ཛཔྲ་དབྱངས་བྱ༔ བཟོད་མེད་མོས་གུས་ཉམས་འུར་ཏེ༔ རིག་པ་གཏད་མེད་རྗེན་པར་འཆརཿ དེ་ཚེ་སྐལ་ལྡན་བྱིན་རློབ་ཕྱིར༔ བདག་ཉིད་འབྱོན་པར་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར། ཐོག་མར་བྱིན་དབབ་པའི་སླད་དུ། གཏོར་སྣོད་དུར་ཁྲོད་རབ་འཇིགས་འབར་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་གྲུབ་པའི་ནང་ན་གཏོར་མ་འདི་ཉིད་བདུད་འདུལ་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ་གྱི་དཀྱིལ་ [11b] འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་དངོས་སུ་བཞུགས་པ་ལ། ངེད་ནས་ཐུགས་དམ་བསྐུལ་པའི་ཚིག་བརྗོད་པའི་ཚེ་ཁྱེར་རང་རྣམས་ཀྱིས་ཀྱང་མོས་གུས་གདུང་ཤུགས་བཟོད་མེད་དུ་བསྐྱེད་ལ་གསོལ་བ་དྲག་དུ་ཐོབ་ཅིག །སྦྱར་སྦོས་བཏུལ་ཞིང་ཐོད་རྔ་རོལ་མོའི་སྒྲ་དང་བཅས་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་ཐོད་ཕྲེང་རྩལ༔ བདག་ཅག་མོས་པའི་བུ་རྣམས་ལ༔ བྱིན་རླབས་འབེབས་ཕྱིར་གནས་འདིར་བྱོན༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ༔ ཁྱད་པར་ཐུགས་རྗེས་བོད་ལ་དགོངས༔ ལས་ངན་རྣམ་སྨིན་མནར་བ་ཡི༔ བདག་ཅག་རྗེས་འཇུག་བུ་སློབ་རྣམས༔ ཐུགས་ཀྱིས་འདོར་རམ་གུ་རུ་རྗེ༔ ཐུགས་རྗེས་ཡལ་ཡོལ་བཏང་སྙོམས་ནཿ ཡེ་སངས་རྒྱས་པའི་དགོས་པ་ཅི༔ བདག་ཅག་གདུང་བའི་མཆི་མ་འཁྲུགས༔ གསོལ་འདེབས་སྙིང་ནས་འོ་དོད་འབོད༔ ཕ་མཆོག་ཁྱོད་ཀྱི་ཡོན་ཏན་དྲན༔ བུ་ལ་གཟིགས་ཤིག་ཐུགས་རྗེ་ཅན༔ བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་སྐུ་ཡི་བྱིན་ཕོབ་ཅིག༔ བདེ་བ་སྤོར་ཅིག་དྷཱ་ཀིའི་ཚོགས༔ ངག་ལ་གསུང་གི་བྱིན་ཕོབ་ཅིག༔ ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་ཐུགས་ཀྱི་བྱིན་ཕོབ་ཅིག༔ རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ འདིར་ཚོགས་ [12a] མོས་པའི་བུ་རྣམས་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཕོབ་ཅིག༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོངས༔ རྩ་གསུམ་དམ་ཚིག་ཉམས་པ་སྐོངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་ཐོགས༔ མི་མཐུན་རྐྱེན་སོལ་མཐུན་པ་སྒྲུབས༔ མཆོག་དང་ཐུན་མོང་བྱིན་ཕོབ་ཅིག༔ ཅེས་མོས་གུས་རིག་རྩལ་གསལ་ངར་དང་ལྡན་པས་སྙིང་པོའི་ཛཔྲ་དབྱངས་དང་ཧཱུྃ་གླུ་བྱ་ཞིང་ཉམས་སྦར། དེ་ལྟར་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་སྐུ་དགྱེས་པའི་གར་སྟབས་ཤིགས་ཤིག །གསུང་སྔགས་ཀྱི་སྒྲ་གདངས་འུར་འུར། ཐུགས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ལྷམ་མེར་འབར་བས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་བསལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཆར་ལྟར་ཕབ་ཅིང་རྒྱུད་ལ་ཞུགས་པར་གྱུར་སྙམ་པའི་མོས་པ་མཛོད།གཏོར་ཆེན་གནས་གསུམ་དུ་བཞག་ཅིང་། ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་དངོས་དྲིན་ཆེན་སྤྲུལ་པའི་སྐུ༔ འགྲོ་བ་ [12b] འདྲེན་མཛད་མཧཱ་གུ་རུ་རྗེ༔ སྲིན་པོའི་དེད་དཔོན་དབང་དྲག་ཐོད་ཕྲེང་རྩལ༔ ལོག་འདྲེན་ཀུན་འཇོམས་རྡོ་རྗེ་གྲོ་བོ་ལོད༔ ཨོ་རྒྱན་ཡུལ་བྱོན་སྤྲུལ་པ་བསམ་ཡས་འགྱེད༔ རྒྱ་གར་ཡུལ་བྱོན་སྒྲོ་འདོགས་མ་ལུས་བཅད༔ དུར་ཁྲོད་བརྒྱད་བྱོན་མཆོག་ཐུན་དངོས་གྲུབ་བརྙེད༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་གཏེར་སྟོན་སྤྲུལ་སྐུ་ལུང་དུ་བསྟན༔ གསུང་ཚབ་དྲི་མེད་ཤོག་སེར་ལོགས་སུ་བཀོད༔ ཐུགས་ཀྱི་དགོངས་པ་ལས་ཅན་སྙིང་ལ་འབེབས༔ དད་མོས་ཅན་ལ་སྤྱི་གཙུག་དངོས་སུ་བྱོན༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་ཉིད་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་ན༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུནཿ སྐལ་ལྡན་བུ་མཆོག་འདི་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ [13a] ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ ཧོཿ ཞེས་བསྐུར་ལ། མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གསང་བ་གསུམ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ། གཏོར་ཟན་ཟག་མེད་ཀྱི་བདུད་རྩིར་འཁྱིལ་བ་འདི་ཉིད་མྱང་བས་ལས་དང་དངོས་གྲུབ་ཐམས་ཅད་སྟན་ཐོག་དེ་ཉིད་དུ་ཐོབ་པའི་མོས་པ་མཛོད།ཅེས་གཏོར་ཟན་དུམ་བུ་བདུད་རྩི་དང་སྦྱར་བ་སྦྱིན། མཚམས་སྦྱོར་སྤྱི་མཐུན་བཅས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། དེ་ལྟར་ན་རིམ་པ་དེ་རྣམས་ཀྱི་སྒོ་ནས་ཡང་གསང་འདུས་པ་རྩ་བའི་ཐུགས་ཐིག་བདུད་འདུལ་རྡོ་རྗེ་གྲོ་ལོད་རྩལ་གྱི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་སྟེ། འདི་ལྟར་དབང་བསྐུར་ཐོབ་ཙམ་གྱིས༔ མ་རུངས་རྒྱལ་འགོང་གདུག་རྩུབ་སོགས༔ བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་འཕེལ༔ བཀྲ་ཤིས་གང་བསམ་ལྷུན་གྱིས་འགྲུབ༔ བརྩོན་པས་ཚུལ་བཞིན་ཉམས་བླངས་ན༔ མཆོག་ཐུན་དངོས་གྲུབ་སྟབས་སུ་འབྱུང་༔ དེ་ཕྱིར་ཤིན་ཏུ་གཅེས་པར་བཟུང་༔ ཞེས་བསྔགས་པར་མཛད་པ་དོན་ལ་གནས་པ་ལགས་པས་སྤྲོ་བ་དང་བཅས་ [13b] ཏེ་འདི་ཉིད་ལྷག་པའི་ལྷར་འཛིན་པ་དང་། དབང་དུས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་ནན་ཏན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་དགེ་བསྔོ་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ཀྱང་གཞུང་བཞིན་དུ་བྱའོ། །ཡང་གསང་བའི་བསྐྱེད་རྫོགས་ཀྱི་མན་ངག་ཉམས་སུ་ལེན་པར་མི་ནུས་ཀྱང་དམ་ཚིག་གི་སེལ་མེད་ཅིང་མོས་གུས་དང་ལྡན་པའི་སྐྱེ་འགྲོ་ཐུན་མོང་བ་དག་ལ་རྐྱེན་སེལ་གྱི་བྱིན་རླབས་དང་། བསྙེན་པའི་འབྲེལ་འཇོག་ཙམ་གྱི་བྱིན་རླབས་སྒོ་འབྱེད་གཏོར་དབང་རྐྱང་པའི་ལུགས་སུ་བསྐུར་བར་འདོད་ན། སྦྱོར་བ་མཚན་མའི་དབང་རྫས་གཏོར་མ་ཁོ་ན་ལས་གཞན་མི་དགོས་ཤིང་། དངོས་གཞིའི་དབང་བཤད་སྐབས། འདི་ཉིད་ཀྱི་སྒོ་ནས་བྱིན་རླབས་གཏོར་མའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་མཎྜལ་གསོལ་གདབ་ནས་ཡེ་ཤེས་དབབ་པའི་མཇུག་གི ། བརྟན་པར་བྱ་བའི་སླད་དུ་དངོས་གཞི་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་དུར་ཁྲོད་རབ་འཇིགས་འབར་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་གྲུབ་པའི་ནང་ན་གཏོར་མ་འདི་ཉིད་བདུད་འདུལ་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་དངོས་སུ་བཞུགས་པ་ལ། མོས་གུས་གདུང་ [14a] ཤུགས་དྲག་པོས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་སྐུ་དགྱེས་པའི་གར་སྟབས་ཤིགས་ཤིག །ཅེས་སོགས་ནས་གོང་གི་དཀྱུས་བཞིན་བསྐུར་བས་ལེགས་པར་འགྲུབ་པ་ཡིན་ནོ། །ཞེས་པའང་གཏེར་ཆེན་མཐུ་སྟོབས་གླིང་པའི་རྣམ་འཕྲུལ་ཨོ་རྒྱན་ཆེ་མཆོག་འདུས་པ་རྩལ་གྱི་བཞེད་སྐོང་དུ། འཇུག་བདེའི་མཚམས་སྦྱོར་ངག་འདོན་ཆུ་འབབས་ཀྱི་ཚུལ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་སྐྱུ་རུའི་སྔགས་འཆང་པདྨ་དབང་ཆེན་གྱིས་བགྱིས་པའོ། །ཛ་ཡནྟུ། སརྦ་མངྒ་ལཾ།།