ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ཆོས་གུ་རུའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོར་ཐོབ་པའི་ཚུལ།

From Dudjom Wiki
DJYD-KABUM-20-WA-025
Wylie title o rgyan mchog gyur bde chen gling pa'i gter chos gu ru'i thugs sgrub bar chad kun sel gyi skor thob pa'i tshul DJYD-KABUM-20-WA-025.pdf
Location bdud 'joms rin po che bka' 'bum
Volume 20, Text 25, Pages 467-472 (Folios 234a1 to 236b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. o rgyan mchog gyur bde chen gling pa'i gter chos gu ru'i thugs sgrub bar chad kun sel gyi skor thob pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 467-472. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: mchog gling thugs sgrub skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [234a] ཨོཾ་སྭསྟི། ལྷ་སྲས་འབྲིང་པོ་དམ་འཛིན་ཆོས་ཀྱི་བློ་གྲོས་སམ་མུ་རུབ་བཙན་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ཁ་གསུམ་པ། དགུང་ལོ་ཉི་ཤུ་པ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུ་ལ། སྐུའི་ཡོན་ཏན་གྱི་གནས་མཆོག་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་ཁྲོ་བོ་དབུ་དགུའི་ཞབས་འོག་མི་འགྱུར་བའི་ཕ་བོང་སྨུག་པོ་ནས་གསང་གཏེར་དུ་སྤྱན་དྲངས་པའི་གུ་རུའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོར་ཐོབ་པའི་ཚུལ་ལ། དེ་ཡང་གདམས་པ་འདི་ཉིད་ཐོག་མར་ཁྲི་སྲོང་གིས་ཞུས་ངོར་རྩ་བ་ལས་ཚོགས་བཅས་གསུངས། བར་པ་ལྷ་སྲས་ཀྱིས་ཞུས་ངོར་ཆིག་ཚོགས་རྒྱས་པར་གསུངས། མཐའ་མ་མཚོ་རྒྱལ་གྱིས་ཞུས་ངོར་གདམས་པ་ཀུན་དྲིལ་གསུངས། སྲིན་ཡུལ་དུ་གཤེགས་ཁར་བོད་འབངས་སྤྱི་ལ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་སྟེ་ལན་བཞིར་གསུངས་ཤིང་། རྗེ་འབངས་སོ་སོས་ཡི་གེར་བཀོད་པ་དེ་དག་གཏེར་ཞབས་སྐྱོང་བ་པོ་མཁའ་འགྲོ་མཚོ་རྒྱལ་གྱིས་ངེས་པའི་བཀའ་སྲོལ་བཞིར་བསྡུས་ཏེ། རྩ་བ་བལ་བོད་མཚམས་ཀྱི་རོང་སྒོ། རྒྱས་པ་དབུས་གཙང་བར་གྱི་ཁ་རག ། [234b] ཁྱད་པར་བོད་ཁམས་བར་གྱི་ཁ་བྲག །མན་ངག་རྒྱ་བོད་བར་གྱི་ལྷ་རྩེར་སྦས་ཤིང་། དེ་ལས་ཁྱད་པར་ཅན་གྱི་ངེས་པའི་བཀའ་སྲོལ་བོད་ཁམས་བར་གྱི་ཁ་བྲག་ནས་སྤྱན་དྲངས་པའི་སྐོར་འདི་ལ་སྨིན་གྲོལ་རྒྱབ་བརྟེན་གསུམ་ལས། ཐོག་མར་སྨིན་བྱེད་ནི། ཐུགས་སྒྲུབ་རྩ་བའི་དབང་བསྐུར་རྒྱས་པ་མུ་ཏིག་ཆུན་པོ་འཇམ་མགོན་པདྨ་གར་དབང་གི་ཡིག་ཆ་ལྟར་སྟ་གོན་གསུམ་སྔོན་དུ་འགྲོ་བས། དངོས་གཞི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་། སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་དང་། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཡིག་ཆ་ལྟར་འབྲིང་པོ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང་། བསྡུས་པ་བྱིན་རླབས་གཏོར་མའི་དབང་། མཐའ་རྟེན་བཀྲ་ཤིས་ཚེའི་དབང་བཅས་རྩ་བ་སྤྱི་དང་། བྱེ་བྲག་བླ་མ་སྐུ་གསུམ། རྣམ་འཕྲུལ་བཅུ་གཉིས། བར་ཆད་སེལ་བའི་ལྷ་བཞི་བཅས་སྒོས་ཀྱི་དབང་བསྐུར་སོ་སོའི་རྗེས་འབྲེལ་བཅས་ལེགས་པར་ཐོབ་བོ། །གཉིས་པ་གྲོལ་བྱེད་ཁྲིད་ལ། བར་ཆད་ལམ་སེལ་ཚུལ་བཞིའི་སྒོ་ནས་བཤད་པའི་ཁྲིད་རྒྱས་པ། བླ་མ་ལོངས་སྐུ་ཚེ་དཔག་མེད་ཀྱི་ཚེ་ཡུམ་ཙནྜ་ལིའི་གཏུམ་མོ་ཞག་བདུན་མའི་ཁྲིད། [235a] བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུགས་ཀྱི་རིགས་བདག་འོད་དཔག་མེད་ཀྱི་ཞིང་སྦྱོང་ཉལ་སྒོམ་གྱི་ཁྲིད། བླ་མ་སྤྲུལ་སྐུ་འཆི་མེད་པདྨ་འབྱུང་གནས་ཀྱི་སྐུ་བསྐྱེད་རིམ། གསུང་བཟླ་སྔགས། ཐུགས་འོད་གསལ་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རྣམས་ཀྱི་ཁྲིད། གུ་རུ་པདྨ་བཛྲ་ཀྱི་རྫོགས་རིམ་ཁྲེགས་ཆོད་ཐོད་རྒལ་གྱི་ཁྲིད། སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་ཁྲིད། མི་གཡོ་བ་བདུད་བཞི་ཟིལ་གནོན་གྱི་ཁྲིད། གསང་བདག་རྡོ་རྗེ་བེ་ཅོན་ཞི་དྲག་གི་ཁྲིད། ཁྲོ་བོ་སྨེ་བ་བརྩེགས་པའི་ཁྲིད་བཅས་ཉམས་ཁྲིད་དུ་ཐོབ། གསུམ་པ་རྒྱབ་བརྟེན་ལུང་ལ། དེའང་འདོད་འབྱུང་རིན་ཆེན་བུམ་པའི་དཔེ་དང་སྦྱར་བའི་སྐོར་ཚོ་བཞི་ལས། དང་པོ་རྩ་བ་བུམ་པ་བཅུད་བཀང་ལྟ་བུ་ནི། དབང་ཆོག་ནོར་བུའི་ཕྲེང་བ། ལོ་རྒྱུས་ཆོས་ཀྱི་མདོ་བྱང་། སྔོན་འགྲོའི་ཆོས་བདུན། དངོས་གཞིའི་ཕྲིན་ལས་བདེ་གཤེགས་འདུས་པ། རྗེས་ཀྱི་ཆོས་བདུན། ཕྲིན་ལས་སྙིང་པོ་དང་དྲུག་གོ། །གཉིས་པ་རྒྱས་བཤད་མཛེས་པའི་ཁ་རྒྱན་ལྟ་བུ་ནི། ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་སྟེ། འདི་ལ་རྣམ་བཞག་རྒྱས་པར་ཕྱེ་ན་མཐའ་ཡས་པ་ཞིག་ [235b] འབྱུང་ཡང་རེ་ཞིག་མདོར་བསྡུ་ན་སྡེ་ཚན་བཅུ་བདུན་དུ་བཞུགས་པས། དང་པོ་གླེང་གཞིའི་རིམ་པ་དང་འབྲེལ་བར་ཕྱིའི་གསོལ་འདེབས་བར་ཆད་ལམ་སེལ། གཉིས་པ་རིགས་བདག་སྣང་བ་མཐའ་ཡས། གསུམ་པ་འགྲོ་འདུལ་ངན་སོང་དོང་སྤྲུགས། བཞི་པ་འཆི་མེད་པདྨ་འབྱུང་གནས། ལྔ་པ་རིག་འཛིན་རྒྱལ་བའི་གདུང་འཛིན། དྲུག་པ་གུ་རུ་སྨྲ་བའི་སེང་གེ་ཞི་དྲག །བདུན་པ་གུ་རུ་སྐྱེས་མཆོག་ཚུལ་བཟང་། བརྒྱད་པ་གུ་རུ་བདུད་ཀྱི་གཤེད་ཆེན། དགུ་པ་གུ་རུ་འཛམ་གླིང་རྒྱན་མཆོག །བཅུ་པ་གུ་རུ་པདྨ་འབྱུང་གནས། བཅུ་གཅིག་པ་གུ་རུ་ཁྱད་པར་འཕགས་པའི་རིག་འཛིན། བཅུ་གཉིས་པ་གུ་རུ་རྫུ་འཕྲུལ་མཐུ་ཆེན་གྲོ་ལོད། བཅུ་གསུམ་པ་གུ་རུ་རྡོ་རྗེ་དྲག་རྩལ། བཅུ་བཞི་པ་གུ་རུ་སྐལ་ལྡན་འདྲེན་མཛད། བཅོ་ལྔ་པ་གུ་རུ་རཀྴ་ཐོད་ཕྲེང་། བཅུ་དྲུག་པ་གུ་རུ་པདྨ་བཛྲ། བཅུ་བདུན་པ་སྒོ་བཞིའི་དཔའ་བོ་སྡེ་བཞིའི་ཕྲིན་ལས་སྣ་ཚོགས་པ། མཐའ་རྒྱས་སུ་ཆེད་བརྗོད་ལུང་བསྟན་དང་བཅས་གཏེར་དུ་སྦ་བར་གདམས་ཤིང་གཏེར་སྲུང་ལ་གཉེར་གཏད་ཤིས་བརྗོད་བཅས་ཀྱིས་མི་སྣང་བར་རྒྱས་བཏབ་ནས། ཕྱིས་དུས་བབས་རྟེན་འབྲེལ་ཕུན་ [236a] སུམ་ཚོགས་པ་ན་ས་སྟེང་དུ་སྣང་བར་མཛད་པའི་ལོ་རྒྱུས་ཡན་ལ་ལེ་ཚན་གཅིག་གོ། །གསུམ་པ་ཟུར་བཀོལ་རྒྱབ་ཆོས་རིན་ཆེན་ཕྲ་བཏབ་ལྟ་བུ་ནི། ལྷ་དབང་བཀོལ་བྱང་། ཛཔྲ་ཀྱི་བཀོལ་བྱང་། རྒྱུན་ཁྱེར་བཀོལ་བྱང་སྟེ་བཀོལ་བྱང་རྣམ་པ་གསུམ་མོ། །བཞི་པ་ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུ་ནི། ཕྱི་འཇིགས་པ་བཅུ་དྲུག་གི་བར་ཆད་སེལ་བ་སྒྲོལ་མའི་སྒྲུབ་ཐབས་འཇིགས་པ་ཀུན་སེལ། ནང་བདུད་བཞིའི་བར་ཆད་སེལ་བ་མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཟིལ་གནོན། གསང་བ་ཏིང་ངེ་འཛིན་གྱི་བར་ཆད་སེལ་བ་གསང་བདག་རྡོ་རྗེ་བེ་ཅོན་གྱི་སྒྲུབ་ཐབས། ཐུན་མོང་ཉམས་གྲིབ་དང་མི་གཙང་བའི་བར་ཆད་སེལ་བ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་གཉིས་གྲིབ་ཀུན་སེལ་དང་བཞི། རྗེས་འབྲེལ་བཀའ་སྲུང་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་ཕྲིན་ལས་སྐོར་བཅས་ཡོངས་དྲིལ་ནང་གསེས་ཆོས་སྡེ་བཅོ་ལྔའོ། །དེ་ལྟར་གདམས་སྐོར་ཡོངས་སུ་རྫོགས་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གཏེར་འབྱིན་རིག་འཛིན་ཆེན་པོ་ལས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཉིད་ཀྱིས་གསན་པའི་ཚུལ་ [236b] གནང་ཞིང་། ཁྱབ་བདག་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་ཁོ་བོ་འགྱུར་མེད་ངེས་དོན་དབང་པོ་ལ་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས་བུམ་པ་གང་བྱོས་སུ་སྩལ་བའི་རྗེས་ཐོག་ཆོས་འདིའི་ལོ་རྒྱུས་འཐད་རྒྱ་མཚན་དང་བཅས་དཔལ་གྱི་མགུར་ནས་ཚངས་པའི་དབྱངས་ཀྱིས་བསྙད་བཞིན། སྐུ་ཚབ་ཡིད་བཞིན་དཔལ་འབར་ཤོག་སེར་གླེགས་བམ་བཅས་བདག་གི་མགོ་བོར་བཞག་ནས་བཀའ་གཏད་སྨོན་ལམ་བཅས་བཀའ་རྒྱ་ཁྲོལ་བར་ཞལ་གྱིས་བཞེས་པའི་གནང་བ་ལེགས་པར་ཐོབ་པ་ཡིན་ཅེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་ཞིབ་ཏུ་བཀའ་སྩལ་པ་དང་འབྲེལ་སྨིན་གྲོལ་རྒྱབ་བརྟེན་ཚང་སྤྲུགས་སུ་ཐོབ་པའི་སྐལ་བཟང་གི་བདུད་རྩི་ཉམས་སུ་མྱོང་བ་ཡིན་ནོ། ། ༈ །རྡོ་རྗེ་ཐེག་པ་སྔགས་ཀྱི་གསོ་སྦྱོང་གི་དབང་ལུང་བརྒྱུད་པ་ནི། གཏེར་ཆེན་མཆོག་གྱུར་གླིང་པ། མཁན་རིན་ཆེན་དར་རྒྱས། ཁྱབ་བདག་བླ་མ་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། །ཡང་ན། རྗེ་དྲུང་རིན་པོ་ཆེ་ནས། རྩེ་སྤྲུལ་ངག་དབང་དཔལ་ལྡན། དེས་བདག་ལའོ།། །།