གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའི་ཟབ་ཆོས་སྐོར་གྱི་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-029
Wylie title gter chen zil gnon nam mkha'i rdo rje'i zab chos skor gyi thob yig DJYD-KABUM-20-WA-029.pdf
Location bdud 'joms rin po che bka' 'bum
Volume 20, Text 29, Pages 505-511 (Folios 253a1 to 256a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gter chen zil gnon nam mkha'i rdo rje'i zab chos skor gyi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 505-511. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: zil gnon nam rdor gter chos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [253a] ཨོཾ་སྭསྟི། རྨད་དུ་བྱུང་བའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཟུང་དུ་འཇུག་པའི་རྣམ་རོལ་གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའི་ཟབ་ཆོས་སྐོར་ཐོབ་པ་ལ། ཐོག་མར་བོད་ཆེན་པོའི་ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ཚལ་གྱི་ལྷོ་ཀོང་ཙ་གོང་གནམ་ལྕགས་འབར་བའི་གསང་ཕུག་ནས་སྤྱན་དྲངས་པའི་རྡོ་རྗེ་ཕུར་བ་ཡང་གསང་ཕྲིན་ལས་བཅུད་དྲིལ་གྱི་རྩ་བ་དང་། མོན་ཁ་སེང་གེ་རྫོང་གི་མཚོ་རྒྱལ་གསང་ཕུག་ནས་སྤྱན་དྲངས་པའི་ཟུར་རྒྱན་སོགས་གཏེར་ཁ་མ་བུ་ལེ་ལག་བསྡེབས་པ་རྡོ་རྗེ་ཕུར་པ་ཡང་གསང་ཕྲིན་ལས་བཅུད་དྲིལ་གྱི་སྐོར་ཇི་ལྟར་ནོས་པའི་ཚུལ། དབང་ཆོག་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་རྒྱན་རིན་ཆེན་འོད་འབར་ལྟར་འཇུག་པ་སྔོན་དུ་འགྲོ་བས་དངོས་གཞི་གཏོར་མ་བརྟེན་པའི་དབང་བསྐུར་རྒྱས་པའི་སྨིན་པར་མཛད་ནས། ལུང་ལ། སྐུ་རྟེན་གྱི་ལོ་རྒྱུས་འཁོར་བ་དབྱིངས་གྲོལ། མན་ངག་གསང་སྒྲུབ་རྒྱུན་གྱི་རྣལ་འབྱོར། ཟུར་རྒྱན་རྣལ་འབྱོར་གསུམ་རིམ། གཏོར་དབང་ཡེ་ཤེས་སྤྱི་བླུགས། ཐུན་མཚམས་གཏོར་མའི་རྣལ་འབྱོར་བཅས་གཏེར་གཞུང་དང་། ཁ་སྐོང་ལ། [253b] བརྒྱུད་འདེབས་ཁྲག་འཐུང་རྔམས་པའི་ཐོལ་གླུ། གཏེར་སྲུང་མཆོད་ཐབས་འདོད་དོན་ལྷུན་གྲུབ། ཚོགས་གླུ་རྡོ་རྗེ་ཁྲོས་པའི་མཚོན་ཆེན་འཁོར་འདས་ཐལ་འབྱིན་བཅས་གཏེར་ཆེན་ཉིད་ཀྱི་གསུང་། ཕྲིན་ལས་ཁྲིགས་བསྡེབས་ཁྲག་འཐུང་ཞལ་ལུང་། བསྐང་བ་རྒྱས་པ་ཁྲག་འཐུང་བཞད་པའི་ཐོལ་གླུ། སྐོང་བསྡུས་ཁྲག་འཐུང་དགྱེས་པའི་མཆོད་སྤྲིན། དབང་ཆོག་རིན་ཆེན་འོད་འབར་གཏེར་སློབ་པདྨ་བཞད་པའི་དབང་པོས་མཛད་པ་བཅས་ནོས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཁྲག་འཐུང་རིགས་ལྔ། ལས་ཀྱི་དབང་མོ། པྲ་བྷ་ཧསྟི། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། བཻ་རོ་ཙ་ན། རྡོ་རྗེ་བདུད་འཇོམས། ཁྱབ་བདག་གཏེར་ཆེན་བླ་མ་ཟིལ་གནོན་ནམ་མཁའི་རྡོ་རྗེ་དངོས་ཀྱི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་གསང་རྡོ་རྗེ་ཕུར་པའི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྐོར་ཐོབ་པ་ལ། མཚམས་སྦྱོར་འཆི་མེད་ནོར་བུའི་བུམ་བཟང་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས་རྩ་བའི་དབང་བཞི་ཡོངས་རྫོགས་རྒྱས་པ་མཐའ་ [254a] རྟེན་དང་བཅས་པ་དང་། མཚམས་སྦྱོར་འཆི་མེད་ཆུ་རྒྱུན་གྱི་སྟེང་ནས་དོན་དབང་སྙིང་པོ་བསྡུས་པ། མཚམས་སྦྱོར་བདུད་རྩི་བཅུད་ཐིག་གི་སྟེང་ནས་ཚེ་སྒྲུབ་ཡང་ཟབ་སྙིང་པོའི་རྩ་དབང་བཅས་ནོས་ནས། ལུང་ལ། ལས་བྱང་འཆི་མེད་སྲོག་ཐིག །སྨིན་ལམ་དབང་གི་ཆོ་ག་ཚན་པ་གཉིས། ཚེ་སྒྲུབ་ཡང་ཟབ་སྙིང་པོ། ཚེ་འགུགས་བུང་བ་བཅུད་བསྡུས་བཅས་གཏེར་གཞུང་རྩ་བ་དང་། འཆི་མེད་སྲོག་ཐིག་གི་རྒྱུན་ཁྱེར་འཆི་མེད་བཅུད་ཐིག །མོས་སྒོམ་རྒྱུན་ཁྱེར་ཁོལ་ཕྱུངས། ཚེ་སྒྲུབ་ཡང་ཟབ་སྙིང་པོའི་དབང་གི་མཚམས་སྦྱོར་བདུད་རྩིའི་བཅུད་ཐིག །དེའི་བརྒྱུད་འདེབས་འཆི་མེད་ཆར་རྒྱུན་བཅས་གཏེར་ཆེན་ཉིད་ཀྱི་གསུང་། སྲོག་ཐིག་གི་བརྒྱུད་འདེབས་དངོས་གྲུབ་སྤྲིན་ཕུང་། སྨན་མཆོད་ཚེ་དཔག་མེད་མགོན། བསྐང་བསྡུས་འཆི་མེད་སྤྲིན་ཕུང་། དབང་རྒྱས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་མཚམས་སྦྱོར་འཆི་མེད་ནོར་བུ་པདྨའི་ཕྲེང་བ། རྩ་བའི་དབང་གི་མཚམས་སྦྱོར་ཉུང་ངུར་སྤྲོས་པ་འཆི་མེད་ནོར་བུའི་བུམ་བཟང་། ཚེ་དབང་སྙིང་པོར་བསྡུས་པ་ [254b] འཆི་མེད་ཆུ་རྒྱུན། ཆོ་གའི་ཟུར་འདེབས་འཆི་མེད་ནོར་བུའི་ཕྲེང་བ་བཅས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ངོ་། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སྣང་མཐའ་ཚེ་དཔག་མེད། གསང་ཡེ་ཙནྜ་ལི། འཆི་མེད་པདྨ་འབྱུང་གནས། ལྷ་ལྕམ་མནྡ་ར་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སློབ་དཔོན་བཻ་རོ་ཙ་ན། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁྱབ་བདག་གཏེར་ཆེན་བླ་མ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་དངོས་ཀྱི་ཞལ་སྔ་ནས། བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་ལུང་ཟིན་ཆོས་ཀྱི་བདག་པོར་དབུགས་དབྱུངས་པ་དང་བཅས་ཏེ་རྗེས་སུ་བཟུང་བའི་བཀའ་དྲིན་ཐོབ་པར་གྱུར་ལ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་རྣམས་ཀྱང་གཏེར་ཆེན་བླ་མ་ལས་སོ། །ཀོང་སྨད་རྒྱ་ལ་སེང་འདམ་རྡོ་རྗེའི་བྲག་གི་ཀེའུ་ཚང་ནས་སྤྱན་དྲངས་པའི་ཐུགས་དམ་གསང་བའི་ཆོས་སྡེ་རྡོར་སེམས་ངན་སོང་རང་གྲོལ་གྱི་སྐོར་ཐོབ་པ་ལ། སྨིན་བྱེད་བཀླག་གྲུབ་རིག་འཛིན་ཞལ་ལུང་སྐུ་བཞི་རང་གྲོལ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་ཆོས་སྔོན་དུ་འགྲོ་བས་དབང་བཞི་ཡོངས་རྫོགས་མཐའ་རྟེན་བཅས་སྨིན་རྒྱས་སུ་ [255a] ནོས་ནས། ལུང་ལ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ངན་སོང་རང་གྲོལ། སྨིན་བྱེད་ཉམས་ཆག་རང་གྲོལ་བཅས་གཏེར་གཞུང་རྩ་བ་དང་། བརྒྱུད་འདེབས་མཆོག་གི་མྱུར་ལམ། བརྒྱུད་པའི་སྨན་མཆོད། འདོད་ཡོན་ཚོགས་གྲངས་བསགས་ཐབས། རྒྱུན་ཁྱེར་ཡེ་ཤེས་གསང་རྫོགས། ལས་བྱང་ལྷན་ཐབས་བཅས་གཏེར་ཆེན་ཉིད་ཀྱི་གསུང་། དབང་ཆོག་སྐལ་བཟང་སྨིན་བྱེད་བཀླག་གྲུབ་རིག་འཛིན་ཞལ་ལུང་། བཤགས་བསྐང་བྱ་ཚུལ་དམ་ཚིག་རང་གྲོལ། བདག་འཇུག་ཡེ་ཤེས་རང་གྲོལ། གཞན་ཕན་ཕྲིན་ལས་ཀྱི་རིམ་པ་ཐུགས་རྗེའི་ལྕགས་ཀྱུ་རྣམས་གཏེར་སློབ་མཆོག་གཟིགས་རྒྱ་མཚོའི་གསུང་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སེངྷ་། བི་མ་ལ། སངས་རྒྱས་གསང་བ། སློབ་དཔོན་པད་འབྱུང་། མཁའ་འགྲོ་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཡབ་སྲས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁྱབ་བདག་གཏེར་ཆེན་བླ་མའི་ཞལ་སྔ་ནས་བདག་ལའོ། །མཆོག་གཟིགས་རྒྱ་མཚོའི་གསུང་རྣམས་ཀྱང་ [255b] གཏེར་ཆེན་བླ་མ་ལས་སོ། །མོན་ཆུ་མོ་ཕུག་ཏུ་འོད་གསལ་དག་པའི་སྣང་ངོར་རྒྱལ་ཡུམ་མཚོ་རྒྱལ་མས་ཟབ་ལམ་གདམས་པའི་སྨིན་གྲོལ་ཆིག་རྫོགས་སུ་སྩལ་བ་ལྷན་སྐྱེས་འཁོར་ལོ་སྡོམ་པའི་སྐོར་ཐོབ་པ་ལ། ལྷན་སྐྱེས་བདེ་བ་ཆེན་པོའི་དབང་ཆོག་ཙེ་རུ་ཀའི་དགོངས་རྒྱན་ལྟར་ཐབས་ཤེས་ཡབ་ཡུམ་མཚོན་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་ལེགས་པར་ནོས་ནས། ལུང་ལ། ཟབ་ལམ་མཁའ་འགྲོ་ཐུགས་ཐིག་ལས། བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས་གཏེར་གཞུང་། ཕྲིན་ལས་ཁྲིགས་བསྡེབས་ལྷན་སྐྱེས་རོལ་པ་གཏེར་ཆེན་ཉིད་ཀྱི་གསུང་། དབང་གི་མཚམས་སྦྱོར་ཆོག་ཁྲིགས་མཆོག་གཟིགས་རྒྱ་མཚོའི་གསུང་། ཞར་བྱུང་བདེ་ཆེན་རྡོ་རྗེའི་ཚོགས་གླུ་རྣལ་འབྱོར་རོལ་པའི་དགའ་སྟོན་དང་། གང་ཤར་གླུ་རུ་བླངས་པ་སྐྱེ་མེད་རྡོ་རྗེའི་གླིང་བུ་བཅས་གཏེར་ཆེན་ཉིད་ཀྱི་གསུང་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་རྡོ་རྗེ་འཆང་། ཌཱ་ཀི་ཛྙཱ་ན་གུ་ཧྱ། སློབ་དཔོན་པདྨ་ཀཱ་ར། དགྱེས་ཡུམ་ཛྙཱ་ནས་ག་ར། ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །ཡང་གསང་ [256a] གབ་པའི་ཆོས་སྡེ་ལས་བྱོན་རྡོ་རྗེ་གྲོ་ལོད་ཀྱི་སྐོར་ཐོབ་པ་ལ། དོན་དབང་གནམ་ལྕགས་ཞུན་ཐིག་ལྟར་སྟོད་ལས་དང་། སྨད་ལས་དྲག་པོ་སྒྲོལ་དབང་བཅས་ཡོངས་རྫོགས་ནོས་ནས། ལུང་ལ། ཁྲོ་བོ་འཆོལ་བའི་གནད་སྒྲུབ། དོན་དབང་གནམ་ལྕགས་ཞུན་ཐིག་བཅས་གཏེར་གཞུང་རྩ་བ་དང་། ཞར་བྱུང་མ་མོ་སྔགས་ཀྱི་བདག་མོའི་གསོལ་ཕྲིན་བུ་གཅིག་གདུང་བའི་རོང་དང་། ཁྱབ་འཇུག་ཆེན་པོའི་གསོལ་ཕྲིན་དུག་གི་སྤུ་གྲི་གཏེར་ཆེན་ཉིད་ཀྱི་གསུང་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། པད་འབྱུང་། མཁའ་འགྲོ་མཚོ་རྒྱལ། ལོ་ཆེན་བཻ་རོ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཏེར་ཆེན་བླ་མ་མཆོག །དེའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་ཆེན་པོ་ཁྱབ་པར་མཛད་དོ།། །།