ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་སྤྱིའི་སྲེག་བླུགས་ལས་བཞི་ལྷུན་གྲུབ༔

From Dudjom Wiki
TTDL-ZABTER-02-KHA-014
Wylie title zab gsang mkha' 'gro'i snying thig las: rtsa gsum spyi'i sreg blugs las bzhi lhun grub: TTDL-ZABTER-02-KHA-014.pdf
Location bdud 'joms gling pa zab gter
Volume 2, Text 14, Pages 225-241 (Folios 1a1 to 9a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las rtsa gsum spyi'i sreg blugs las bzhi lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 225-241. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sreg blugs   Verso: bdud 'joms rtsa gsum spyir gces
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Fire Offerings - sbyin sreg
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབ་པ་ན་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་། དགེ་ལེགས་དཔལ་བཟང་གཉིས་ཀྱིས་བསྐུར་ངོར་གསེར་སྟོད་བླ་མ་རོང་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་སངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs shwa brag rdo rje nas gdan drangs te mi lo sum cu rtsa gcig bar du bka' rgya byas te mthar rten 'brel dus la bab pa na chos kyi bdag po kun bzang chos grags dang / dge legs dpal bzang gnyis kyis bskur ngor gser stod bla ma rong nas dag par phab pa'i yi ge pa ni kun bzang chos grags so/_/dge'o/_/dge'o/_/dge'o/_/legs so/_/sarba sang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་སྤྱིའི་སྲེག་བླུགས་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྲེག་བླུགས་ལས་བཞི་ལྷུན་གྲུབ་འདི༔ ལྷ་དང་དཀྱིལ་འཁོར་བསྙེན་སྒྲུབ་མཐར༔ གྲུབ་པའི་ལྟས་མཚན་མངོན་བྱུང་ཚེ༔ ལས་བཞི་འགྲུབ་ཕྱིར་རིམ་པ་བཞིན༔ སྲེག་བླུག་འབུམ་ཕྲག་བསྙེན་གྲངས་བསགས༔ དེ་ཡིས་ཕྲིན་ལས་བཞི་འགྲུབ་ཅིང་༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བྱེད༔ དེ་ཉིད་ལག་ལེན་རིམ་པ་ནི༔ དང་པོ་ས་བདག་གཏོར་མས་བརྔན༔ བསང་སྦྱངས་བསྲུང་བ་སྤྱི་ལྟར་བྱ༔ དེ་ནས་མེ་ཐབ་བཅའ་བ་ལ༔ དཔངས་སུ་ཁྲུ་གང་རྒྱར་ཁྲུ་དོ༔ ཞི་བ་ཟླུམ་ལ་རྒྱས་པ་ནི༔ གྲུ་བཞི་དབང་ལ་ཟླ་གམ་དང་༔ དྲག་པོར་གྲུ་གསུམ་དབྱིབས་སུ་བཀོད༔ སྤྲོ་ན་ཐིག་གདབ་སྤྱི་ལྟར་བྱ༔ ཡང་ན་ཐིག་རིས་རིམ་བཞིན་བཀོད༔ དབུས་སུ་རཾ་གྱིས་མཚན་པ་བྲི༔ དེ་སྟེང་ཁ་དོག་ལས་མཐུན་པའི༔ ཤིང་ནི་ཟླུམ་པོ་གྲུ་བཞི་དང་༔ ཟླ་གམ་གྲུ་གསུམ་ཚུལ་དུ་བརྩིགས༔ ཤར་ལྷོའི་མཚམས་སུ་མེ་ཚང་བཅའ༔ ཕྱོགས་ནི་ཅི་བདེར་སྟེགས་ཀྱི་ཁར༔ དཀྱིལ་འཁོར་ཁོད་སྙོམས་བཀོད་ལེགས་པའི༔ དབུས་སུ་བཤོས་ཟླུམ་ཆེན་པོ་ལ༔ བཤོས་བུ་ཉི་ཤུ་རྩ་གཅིག་གམ༔ ཡང་ན་བདུན་སོགས་ཅི་འབྱོར་གྱིས༔ ལེགས་པར་བསྐོར་ཞིང་དེ་ཡི་མཐར༔ ཤར་དུ་ཉེར་སྤྱོད་ལྷོར་འདོད་ཡོན༔ ནུབ་ཏུ་སྨན་རཀ་གཏོར་མ་དང་༔ བྱང་དུ་བྱང་སེམས་དཀར་དམར་རྣམས༔ གཞུང་བཞིན་མཁོ་བའི་གྲངས་བཤམས་ཏེ༔ དེ་མཐར་ཤར་ནས་རིམ་བཞིན་དུ༔ ཡམ་ཤིང་མར་ཁུ་ཏིལ་ཡུངས་ཀར༔ ཟས་མཆོག་འབྲས་དང་སོ་བ་ནས༔ སྲན་མ་གྲོ་དང་དཱུརྦ་དང་༔ ཀུ་ཤ་རོ་བཟང་ཤིང་ཐོག་གི༔ ཚོམ་བུ་རིམ་བཞིན་བཀོད་པའི་ཚུལ༔ གཡས་བསྐོར་བསྲེགས་ལྷ་དེ་བཞིན་དུ༔ གཡོན་བསྐོར་མེ་ལྷའི་རྫས་བཀོད་བྱ༔ བསང་ཆུ་བདུད་རྩི་འཁྱིལ་བ་ཡིས༔ སྒྲུབ་པའི་བུམ་པ་མགུལ་ཆིངས་ཀྱང་༔ ལས་བཞི་གང་ཡིན་ཁ་དོག་བྱ༔ གོས་དང་ཆས་སོགས་དེ་བཞིན་ནོ༔ མདུན་གྱི་ཕྱོགས་ཀྱང་ཤར་དང་ལྷོ༔ ནུབ་དང་བྱང་རྣམས་ལས་ཀྱིས་ཤེས༔ དེ་ནས་སྔོན་དུ་འགྲོ་བ་ལ༔ དཀར་ཕྱོགས་དག་ལ་དཀར་གཏོར་བསྔོ༔ ནག་ཕྱོགས་ཀོ་ལོང་ཞི་བའི་ཕྱིར༔ ཤ་ཁྲག་དམར་གྱི་གཏོར་མ་བསྔོ༔ བགེགས་རིགས་བར་ཆད་ལན་ཆགས་བདག༔ ཀུན་ལ་ངར་མི་ཆངས་བུ་དང་༔ འབྲས་ཆན་ཤ་ཁྲག་གཏོར་མ་བསྔོ༔ བསྐྲད་དང་མཚམས་གཅོད་སྲུང་འཁོར་བསྒོམ༔ དེ་ནས་རྫས་རྣམས་ལ་བསང་ཆུས་བྲན་ཏེ༔ རཾཿལས་མེ་ཡིས་མ་དག་པ་ཐམས་ཅད་བསྲེགས༔ ཡཾཿལས་རླུང་གིས་གཏོར༔ ཁཾཿལས་ཆུ་ཡིས་བཀྲུས༔ ོཾཨོཾ་སྭ་བྷཱ་ཝ་སོགསསྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་རྣམ་པ་ལ་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་དུ་གྱུར༔ ཤེས་རབ་ཀྱི་རང་བཞིན་གཟར་བུ་ཡེ་ཤེས་འོད་ཀྱི་རང་བཞིན་རྣམ་པ་ལས་ཀྱི་དབྱིབས་སུ་གྱུར༔ ཨོཾ་བཛྲ་པྲཛྙཱ་ཛྙཱ་ན་ཧཱུྃ༔ ཐབས་ཀྱི་རང་བཞིན་ནང་དབྱིངས་ལྷུན་གྲུབ་ཀྱི་རོལ་པར་བཀོད་པ་སྐུ་དང་ཡེ་ཤེས་ཀྱི་ལམ་སྣང་ནང་གི་དཀྱིལ་འཁོར་མཉེས་པའི་དགང་སྣོད་དུ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་དང་མཆོད་པའི་སྤྲིན་རྒྱ་མཚོའི་རོལ་པ་རྒྱན་གྱིས་དཀྱིལ་འཁོར་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་གུ་ཧྱ་ཛྙཱ་ན་མཎྜ་ལ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ རྫས་རྣམས་ལ་རེག་པར་བྱའོ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད༔ དེ་ནས་མེ་སྦར་ནི༔ ཞི་བ་ལ༔ ཤར་གྱི་ཕྱོགས་ནས་མེ་ལེན་མ༔ རྡོ་རྗེ་མཁའ་འགྲོ་འོད་ལྡན་མས༔ མེ་ལོང་ཡེ་ཤེས་མེ་སྤོར་ལ༔ ཞི་བའི་མེ་རུ་འབར་བར་མཛོད༔ རྒྱས་པ་ལ༔ ལྷོ་ཡི་ཕྱོགས་ནས་མེ་ལེན་མ༔ རིན་ཆེན་མཁའ་འགྲོ་དོན་གྲུབ་མས༔ མཉམ་ཉིད་ཡེ་ཤེས་མེ་སྤོར་ལ༔ རྒྱས་པའི་མེ་རུ་འབར་བར་མཛོད༔ དབང་ལ༔ ནུབ་ཀྱི་ཕྱོགས་ནས་མེ་ལེན་མ༔ པདྨ་མཁའ་འགྲོ་དབང་རྒྱལ་མོས༔ སོར་རྟོག་ཡེ་ཤེས་མེ་སྤོར་ལ༔ དབང་གི་མེ་རུ་འབར་བར་མཛོད༔ དྲག་པོ་ལ༔ བྱང་གི་ཕྱོགས་ནས་མེ་ལེན་མ༔ ལས་ཀྱི་མཁའ་འགྲོ་དྲག་མོ་རྒྱལ༔ བྱ་གྲུབ་ཡེ་ཤེས་མེ་སྤོར་ལ༔ དྲག་པོའི་མེ་རུ་འབར་བར་མཛོད༔ ལྷུན་གྲུབ་ལ༔ དབུས་ཀྱི་ཕྱོགས་ནས་མེ་ལེན་མ༔ སངས་རྒྱས་མཁའ་འགྲོ་དཔལ་འབར་མས༔ ཆོས་དབྱིངས་ཡེ་ཤེས་མེ་སྤོར་ལ༔ ཡེ་ཤེས་མེ་རུ་འབར་བར་མཛོད༔ རང་རང་གི་མཇུག་ཏུ༔ ཤིང་ཐུ་མ་ཡིས་ཤིང་ཐུས་ལ༔ རླུང་གཡོབ་མ་ཡིས་རླུང་གཡོབ་ཅིག༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ དེ་ནས་མེ་ཐབ་བསྐྱེད་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་བཞིན་དུ༔ ཞི་བ་ལ༔ མེ་ལོང་ཡེ་ཤེས་ཀྱི་རང་མདངས་འོད་སྣང་དཀར་པོ་ལས་གྲུབ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་བསྐྱེད་དོ༔ རྒྱས་པ་ལ༔ མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས་འོད་སྣང་སེར་པོ་ལས་གྲུབ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་བསྐྱེད་དོ༔ དབང་ལ༔ སོར་རྟོག་ཡེ་ཤེས་ཀྱི་རང་མདངས་འོད་སྣང་དམར་པོ་ལས་གྲུབ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་བསྐྱེད་དོ༔ དྲག་པོ་ལ༔ བྱ་གྲུབ་ཡེ་ཤེས་ཀྱི་རང་མདངས་འོད་སྣང་ལྗང་གུ་ལས་གྲུབ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་བསྐྱེད་དོ༔ ལྷུན་གྲུབ་ལ༔ ཆོས་ཉིད་ཀྱི་རང་མདངས་འོད་སྣང་མཐིང་ནག་བསྐལ་པའི་མེ་ལྟར་འབར་བའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་ཏུ་བསྐྱེད་དོ༔ དེ་དབུས་ཡེ་ཤེས་ཀྱི་རང་མདངས་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ༔ པདྨ་ཉི་ཟླ་ར་སྐྱེས་སྟེང་༔ རཾ་ཡིག་ལས་བྱུང་མེ་ལྷ་ནི༔ དཀར་གསལ་ཞི་འཛུམ་གཞོན་ནུའི་ཚུལ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ སྡིགས་མཛུབ་རྩེ་ནས་མེ་དཔུང་འབར༔ གཡོན་པས་དུང་གི་ཕྲེང་བ་འདྲེན༔ ཚངས་སྐུད་དཀར་པོའི་སེ་རལ་ཐོགས༔ ཐོར་གཙུག་རིན་ཆེན་དབུ་རྒྱན་དང་༔ ཕྲེང་བ་གསོལ་ཞིང་ཕྱེད་སྐྱིལ་བཞུགས༔ ཡེ་ཤེས་འོད་ཀྱི་ཕུང་པོར་གསལ༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཤར་ལྷོའི་མཚམས་ནས་མེ་ཡི་ལྷ༔ འཁོར་དང་བཅས་པ་སྤྱན་དྲངས་བསྟིམ༔ དེ་ནས་མེ་དར་གཡབ་ཅིང་སྤྱན་འདྲེན་པ་ནི༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་བྱོན་ཚངས་པ་ཆེ༔ ཨགྣེ་ར་ཙ་འཁོར་དང་བཅས༔ ཞི་བའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ འབར་བའི་གདན་ལ་བཞུགས་ནས་ཀྱང་༔ བདག་གི་ཕྲིན་ལས་གྲུབ་པར་མཛོད༔ འདོད་དོན་སྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ ཨོཾ་ཨགྣེ་ཡེ་བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ན་མོ་ན་མ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་མེ་ལྷའི་རྒྱལ་པོ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་ཡོངས་གྲུབ་ཅིང་༔ འདོད་དོན་རེ་བ་སྐོང་བར་མཛོད༔ ཨོཾ་ཨགྣེ་ཡེ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་བཞིན་དུ༔ པཱདྱཾ་ནས་ཨགྣེ་ཡེ་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་འདོད་ཡོན་ལྔ་ཡི་མཆོད་པ་ནི༔ ཧཱུྃ༔ དྲང་སྲོང་མེ་ལྷའི་རྒྱལ་པོ་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ཨོཾ་ཨགྣེ་ཡེ་རཱུ་པ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་བཞིན་དུ༔ ཤཔྡ༴ སོགས་ནསཨོཾ་ཨགྣེ་ཡེ་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་སྨན་རཀ་གཏོར་གསུམ་འབུལ་བ་ལ༔ ཧཱུྃ༔ དྲང་སྲོང་མེ་ལྷའི་རྒྱལ་པོ་ལ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ཨོཾ་ཨགྣེ་ཡེ་མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཨོཾ་ཨགྣེ་ཡེ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ ཨོཾ་ཨགྣེ་ཡེ་མ་ཧཱ་རཀྟ་ལ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ ཡེ་ཤེས་བསྐལ་བ་མེ་ལྟར་འབར་བའི་དབུས༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་རྡོ་རྗེ་སེམས༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་འཁོར་ལོས་སྒྱུར༔ གང་གིས་བསྐྱེད་ཅིང་སྤྱན་དྲངས་མཆོད་ཕུལ་བས༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཡོངས་མཉེས་བྱེད༔ མེ་ལྷའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ དེ་ནས་བྱོན་སྐྱེམས་འབུལ་བ་ནི༔ ཨོཾ་ཨགྣེ་ཡེ་ཨཱ་ཏི་བྱ་བ་ཏི་བྱ་ཨ་བེ་ཤ་ཡ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བྷ་ཝ་ཧ་ན་ཡེ་སྭཱ་ཧཱ༔ ལན་བདུན་གྱིས་ཕུལ༔ དེ་ནས་མེ་ལྷའི་སྲེག་བླུག་ཏུ་རང་གི་རྫས་ཚོམ་གྱི་སུམ་ཉིས་བཙལ༔ སྔགས་ལན་བདུན་སོགས་ཀྱིས་ཕུལ་ནས་ཞི་བའི་ཕྲིན་ལས་བཅོལ་བ་སྟེ༔ དེ་ཡང་འདི་ལྟར་རིམ་བཞིན་དུ༔ དང་པོ་ཡམ་ཤིང་ལ༔ ཨོཾ་ཨགྣེ་ཡེ་བྷོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་བུ་ནི༔ ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་དུ་འོག་མ་ཀུན་ལ་རིགས་འགྲེས་ཤེས་པར་བྱའོ༔ གཉིས་པ་མར་ཁུ་ལ༔ ཨོཾཨགྣེ་ཡེ་ཨ་མྲྀ་ཏ་ཁཱ་ཧི༔ ནད་གདོན་འཇིགས༴ སོགས༔ གསུམ་པ་ཏིལ་ལ༔ ཨོཾ་ཨགྣེ་ཡེ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཤམ་བུ་དང་ཿབཞི་པ་ཡུངས་ཀར་ལ༔ ཨོཾ་ཨགྣེ་ཡེ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ ལྔ་པ་ཟས་མཆོག་ལ༔ ཨོཾཨགྣེ་ཡེ་སརྦ་སཾ་བྷོ་དྷི་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ དྲུག་པ་འབྲས་ལ༔ ཨོཾ་ཨགྣེ་ཡེ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ བདུན་པ་སོ་བ་ལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་བི་ཛ་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ བརྒྱད་པ་ནས་ལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ དགུ་པ་སྲན་མ་ལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་བཱ་ལ་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ བཅུ་པ་གྲོ་ལ༔ ཨོཾ་ཨགྣེ་ཡེ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ བཅུ་གཅིག་པ་དཱུརྦ་ལ༔ ཨོཾ་ཨགྣེ་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཤམ་བུ་དང་༔ བཅུ་གཉིས་པ་ཀུ་ཤ་ལ༔ ཨོཾ་ཨགྣེ་ཡེ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ བཅུ་གསུམ་པ་ཤིང་ཐོག་ལ༔ ཨོཾ་ཨགྣེ་ཡེ་གཱ་ག་ནི་གཱ་ག་ནི་བཻ་ལོ་ཀི་ཏེ་ཡེ་སྭཱ་ཧཱ༔ ཤམ་བུ་དང་༔ ཞེས་ལན་བདུན་སོགས་ཀྱི་མཐར་ཕྲིན་ལས་བཅོལ་བ་ནི༔ ཧོཿ མེ་ལྷའི་རྒྱལ་པོ་ཁྱོད་ལ་སྲེག་བླུགས་ཀྱི་མཆོད་པ་འདི་ཕུལ་བའི་མཐུས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་ལས་ཉོན་སྡིག་སྒྲིབ་བག་ཆགས་འཇིགས་དང་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་ལེགས་དམ་པ་མཛད་དུ་གསོལ༔ ཅེས་ཌཱ་དྲིལ་འུར་ཆེམས་དང་བཅས་པ་བརྗོད་དོ༔ དེ་ནས་གཏོར་མ་འབུལ་བ་ལ༔ ཧཱུྃ༔ ཡེ་ཤེས་རྒྱལ་པོ་བདེ་བ་ཆེ༔ འབར་དང་སྲེག་བྱེད་རོལ་བ་སོགས༔ འཁོར་བ་དབྱིངས་སུ་འཇིགས་བྱེད་ལྷ༔ འདོད་ཡོན་རྒྱན་གྱི་གཏོར་མ་འབུལ༔ ཞི་བའི་ཕྲིན་ལས་ཡོངས་གྲུབ་ཅིང་༔ འགྲོ་ཀུན་བདེ་ལེགས་མཛད་དུ་གསོལ༔ ཨོཾ་ཨགྣེ་ཡེ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཞེས་འབུལ༔ དེ་ནས་བསྟོད་པ་སྔར་ལྟར་བྱ་ཞིང་ཡི་གེ་བརྒྱ་པ་བརྗོད་མཐར༔ ཧོཿ མེ་ལྷའི་རྒྱལ་པོ་ཨགྣེ་ར་ཙ་ཁྱོད་ཀྱི་སྐུ་དབྱིངས་བརྡལ་ཁྱབ་ཆེན་པོའི་ཀློང་ལྷུན་གྲུབ་བཀོད་པ་རབ་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོར་བཞེངས་ཏེ་བསྲེག་རྫས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་མཉེས་པར་མཛོད་ལ་ཞི་བའི་ཕྲིན་ལས་ཡོངས་སུ་གྲུབ་པར་མཛད་དུ་གསོལ༔ དེ་ནས་བསྲེག་ལྷ་བསྐྱེད་པ་ནི༔ མེ་ལྷའི་ལྟོ་བ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ཀློང་དུ༔ ལས་གཞུང་གང་ཡིན་གྱི་ལྷ་བསྐྱེད་ལ་འཇུག༔ སྤྱན་འདྲེན་དང་བཞུགས་གསོལ་ཕྱག་འཚལ་བ་ཡན་ཆད་རྫོགས་པར་བྱས་ལ༔ དེ་ནས་བྱོན་སྐྱེམས་འབུལ་བ་ལ༔ རྩ་སྔགས་མཐར༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ ཞེས་ལན་བདུན་གྱིས་ཕུལ༔ དེ་ནས་གཞུང་གི་ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་གསུམ་གསང་མཆོད་བཅས་འབུལ་ཚིག་ཡོད་པ་རྣམས་དེ་ཉིད་ཀྱིས་ཕུལ༔ འབུལ་ཚིག་མེད་པ་རྣམས་ལ་སྔགས་ཀྱིས་ཕུལ༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཡམ་ཤིང་ལ༔ རྩ་སྔགས་མཐར༔ ཨོཾ་བྷོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་དུ་མར་ཁུ་ལ༔ རྩ་སྔགས་མཐར༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ ཤམ་བུ་དང༔ ཏིལ་ལ་རྩ་སྔགས་མཐར༔ ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ་རྩ་སྔགས་མཐར༔ ཨོཾ་སརྦ་ཨཪྠ་སིདྡྷི་ཡེ་སྭཱ་ཧཱ༔ ཟས་མཆོག་ལ་རྩ་སྔགས་མཐར༔ ཨོཾ་སརྦ་སཾ་བྷོ་དྷི་ཡེ་སྭཱ་ཧཱ༔ འབྲས་ལ་རྩ་སྔགས་མཐར༔ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ སོ་བ་ལ་རྩ་སྔགས་མཐར༔ ཨོཾ་མ་ཧཱ་བི་ཛ་ཡ་སྭཱ་ཧཱ༔ ནས་ལ་རྩ་སྔགས་མཐར༔ ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ༔ སྲན་མ་ལ་རྩ་སྔགས་མཐར༔ ཨོཾ་མ་ཧཱ་བཱ་ལ་ཡེ་སྭཱ་ཧཱ༔ གྲོ་ལ་རྩ་སྔགས་མཐར༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ དཱུརྦ་ལ་རྩ་སྔགས་མཐར༔ ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཀུ་ཤ་ལ་རྩ་སྔགས་མཐར༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ ཤིང་ཐོག་ལ་རྩ་སྔགས་མཐར༔ ཨོཾ་གཱ་ག་ནི་གཱ་ག་ནི་བཻ་ལོ་ཀི་ཏི་ཡེ་སྭཱ་ཧཱ༔ ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྡིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྫས་རེ་རེ་ལ་ལན་བརྒྱའམ་ཉེར་གཅིག་སོགས་སྐབས་དང་བསྟུན་ནོ༔ ཕྲིན་ལས་བཅོལ་བ་ནི་ཌཱ་དྲིལ་དང་བཅས་པས་འདི་ལྟར་བརྗོད༔ ཧོཿ དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཁྱེད་རྣམས་ལ་སྦྱིན་སྲེག་གི་མཆོད་པ་འདི་ཕུལ་བའི་མཐུས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་ལས་ཉོན་སྡིག་སྒྲིབ་བག་ཆགས་འཇིགས་དང་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་ལེགས་དམ་པ་མཛད་དུ་གསོལ༔ དེ་ནས་བསྟོད་པ་གཞུང་བཞིན་བྱ་ཞིང་།སྤྲོ་ན་སྐབས་འདིར་ཚོགས་འཁོར་ཡང་བྱ༔ མིན་ཀྱང་མེ་ཁ་ཅུང་ཟད་གསོས་ཏེ་གཏང་རག་གི་མཆོད་པ་ནི༔ དཀྱིལ་འཁོར་ལྷ་རྣམས་སྐད་ཅིག་གི་གསལ་བཏབ་ལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ༴ སོགས་ནས་ཕྱི་ནང་གསང་མཆོད་ཀྱི་སྔགས་རྣམས་ཀྱིས་མཆོད༔ རྫས་རྣམས་ཡམ་ཤིང་ནས་རིམ་བཞིན་རྩ་སྔགས་དང་རྫས་སྔགས་ལན་གསུམ་གསུམ་གྱིས་ཕུལ་ཏེ་ཕྲིན་བཅོལ་སོགས་རིམ་པ་བཞིན་དུ་ཚང་བར་རྫོགས་མཐར༔ མཆོད་སྦྱིན་གཏོར་མ་སོགསཀུན་འགྲུབ་ཤོག༔ རྩ་སྔགས་ཨེ་དམ་བ་ལིཾ་ཏ་ཁཱ་ཧི༔ ཉེར་གཅིག་གིས་ཕུལ༔ དེ་ནས་གོས་གསར་འབུལ་བ་ནི༔ རྩ་སྔགས་མཐར༔ ཨོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱ༔ དེ་ནས་སོ་རྩི་འབུལ་བ་ནི༔ རྩ་སྔགས་མཐར༔ ཨོཾ་བཛྲ་ཏམ་བུ་ལ་ཡེ་སྭཱ་ཧཱ༔ དེ་ནས་བསྟོད་པ་སྔར་ལྟར་བྱ་ཞིང་༔ དེ་རྗེས་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ དངོས་གྲུབ་གཏེར་མཛོད་ཡི་དམ་ལྷ་ཚོགས་དགོངས༔ བདག་ཅག་སྒྲུབ་མཆོག་འཁོར་དང་བཅས་རྣམས་ལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལྷུན་གྲུབ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ ཧོཿ དེ་ནས་ཡི་གེ་བརྒྱ་པས་ནོངས་པ་བཤགས༔ མཐར་གཤེགས་སྐྱེམས་འབུལ་བ་ནི༔ རྩ་སྔགས་མཐར༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ ཅེས་ལན་བདུན་ཕུལ་ཏེ༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་བདག་ལ་ཐིམ་པར་བསམ་མོ༔ དེ་ནས་མེ་ལྷའི་གཏང་རག་ནི༔ མེ་ཁ་གསོས་ཏེ༔ མེ་ལྷ་གསལ་བཏབ་ནས༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟའི་སྔགས་ཀྱིས་གོང་བཞིན་མཆོད༔ རྫས་རྣམས་སྔར་ལྟར་རང་རང་གི་སྔགས་ཤམ་བུ་མེད་པར་ལན་གསུམ་གསུམ་གྱིས་ཕུལ༔ ཕྲིན་ལས་བཅོལ་བ་དང་༔ གོས་ཟུང་དང་སོ་རྩི་ཡང་འབུལ་ལོ༔ དེ་ནས་བསྟོད་པ་ལ༔ ཧཱུྃ༔ ཡེ་ཤེས་འབར་བ་མེ་ཡི་ལྷ༔ མེ་སྟེ་བསྲེག་བྱ་ཟ་བ་པོ༔ ཤར་ལྷོ་མེ་ལྷའི་གདོན་ཚོགས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དེ་ནས་བཟོད་གསོལ་བྱ་བ་ནི༔ མ་འབྱོར་པ་དང་ཉམས་པ་དང་༔ གང་ཡང་བདག་རྨོངས་བློ་ཡིས་ནི༔ བགྱིས་པ་དང་ནི་བགྱིད་སྩལ་གང་༔ དེ་དག་ཐམས་ཅད་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་བར་བྱའོ༔ གཤེགས་གསོལ་ནི༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ རང་རང་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ ཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོར་གཤེགས༔ དམ་ཚིག་པ་མེ་དཔུང་འབར་བའི་རྣམ་པར་གྱུར་ཏེ་སྦྱིན་སྲེག་ཟ་བའི་གདོན་རྣམས་འཇོམས་པར་གྱུར༔ མེ་ལ་འོ་ཆབ་ཀྱིས་བྲན་ཏེ་དབལ་གསོད་བྱའོ༔ དེ་ཡང་མེ་ལྷ་དང་བསྲེགས་ལྷ་ཐམས་ཅད་ཞི་བ་ལ་དཀར་པོ༔ རྒྱས་པ་ལ་སེར་པོ༔ དབང་ལ་དམར་པོ༔ དྲག་པོ་ལ་ལྗང་གུ༔ ལྷུན་གྲུབ་ལ་མཐིང་ག་རྣམས་སུ་བསྒོམ་པ་དང་༔ ཞི་བ་ལ་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་དང་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་ནས་རང་གཞན་གྱི་ནད་གདོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་ནས་ལུས་འོད་ལུས་ཆུ་ཟླ་ལྟ་བུར་སྣང་ལ་རང་བཞིན་མེད་པ་རུ་གྱུར་པ་ཡང་ཡང་བསམ་པ་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ༔ རྒྱས་པ་ལ་བསྲེག་རྫས་བདུད་རྩིའི་རྒྱ་མཚོར་གྱུར་པ་ལྷ་རྣམས་ཀྱི་ཞལ་དུ་ཕུལ་བས་ཐུགས་བདེ་སྟོང་གི་རོས་ཚིམས་ཏེ་གནས་ཐམས་ཅད་ནས་འོད་ཕུང་ཁ་དོག་སེར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་དང་༔ གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ལོངས་སྤྱོད་དང་༔ དྲང་སྲོང་ཚེ་ལ་དབང་བ་རྣམས་ཀྱི་ཚེ་བཅུད་ནུས་མཐུ༔ འབྱུང་བ་ལྔ་ཡི་བཅུད་དང་དྭངས་མ་སྣོད་བཅུད་ཀྱི་དཔལ་ཡོན་ནུས་པ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་ཚེ་དང་བསོད་ནམས་དཔལ་དང་ལོངས་སྤྱོད་ཐམས་ཅད་རྒྱས་པའི་ཕྲིན་ལས་ཡོངས་སུ་གྲུབ་པར་བསམ་པ་དང་༔ དབང་ལ་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་འོད་ཕུང་དམར་པོ་ལྕགས་ཀྱུ་དང་ཞགས་པའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་དང་གཞི་བདག་དྲེགས་པ་ཅན་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས་བདག་མདུན་དྲག་པོའི་གཟི་བརྗོད་མི་བཟོད་པར་སྲོག་གི་སྙིང་པོ་ཕུལ་ཏེ་ཅི་བསམ་པ་དང་ཅི་འདོད་པའི་དོན་ཐམས་ཅད་བསྒྲུབ་པ་དང་༔ མདོར་ན་ཇི་བསྒོ་བའི་བཀའ་ཉན་པར་ཁས་བླངས་དམ་བཅས་ཏེ་འདོད་རྒུའི་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་ནས་སྣང་སྲིད་བྲན་དང་འབངས་སུ་ཁོལ་བར་བསམ་པ་གནད་དོ༔ དྲག་པོ་ལྷ་རྣམས་ཀྱིས་ཐུགས་མཉེས་པའི་སྟོབས་ཀྱིས་སྣང་སྲིད་ཁམས་ཀྱི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་བ་ལྟར་རང་དབང་མེད་པར་བཀུགས་ཏེ་ལྷ་རྣམས་ཀྱི་ཞལ་དུ་མགོ་མཇུག་ལོག་སྟེ་རྐང་མཐིལ་སྐྱ་ལྷག་ལྷག་སོང་བར་བསམ་པ་དམིགས་པའི་གནད་དོ༔ གཞན་ཡང་རྫས་བསྟབས་པ་དང་མཉམ་དུ་དགྲ་བགེགས་ཐམས་ཅད་འབྲས་བུ་ཕུལ་གྱིས་བཅུས་པ་ལྟར་ལྷ་རྣམས་ཀྱི་ཞལ་དུ་བསྟབས་པར་བསམ་པའི་ངང་ནས་འབུལ་བར་བྱའོ༔ ལྷུན་གྲུབ་ལ་དེ་དག་སྤེལ་མར་བསྒོམ་པ་ཡིན་ནོ༔ ཤམ་བུ་ཡང་རྒྱས་པ་ལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ༔ ཁམས་གསུམ་སྲིད་གསུམ་མོས་པ་རྣམ་བཞི་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ༔ གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་མཱ་ར་ཡ་ཕཊ་སྭཱ་ཧཱ༔ ལྷུན་གྲུབ་ལ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ ཅེས་བརྗོད་ཕྲིན་ལས་བཅོལ་བ་ལ་ཡང་༔ རྒྱས་པ་ལ༔ ཧོཿ དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཁྱེད་རྣམས་ལ་སྦྱིན་སྲེག་གི་མཆོད་པ་འདི་ཕུལ་བའི་མཐུས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་ཡེ་ཤེས་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ དབང་ལ༔ ཁམས་གསུམ་སྲིད་གསུམ་མོས་པ་རྣམ་བཞིས་དབང་དུ་འདུ་བའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ དྲག་པོ་ལ༔ གནོད་བྱེད་དགྲ་བགེགས་དུག་ལྔ་དུག་གསུམ་ལོག་པར་ལྟ་བ་ཐམས་ཅད་བསྒྲལ་ཞིང་བརླག་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ ལྷུན་གྲུབ་ལ༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ གཏང་རག་གི་ཕྲིན་བཅོལ་ལ༔ ཧོཿ དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཁྱེད་རྣམས་ལ་གཏང་རག་གི་མཆོད་པ་འདི་ཕུལ་བའི་མཐུས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཞི་བའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ གཞན་རྣམས་ལ་གོང་བཞིན་ཁ་བསྒྱུར་བྱའོ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ༔ བསྙེན་པ་གྲངས་སུ་ཐེམས་པའི་མཐར༔ སྲེག་བླུགས་འདི་དག་རིམ་བཞིན་དུ༔ ཡང་ཡང་བསྐྱར་བ་མཆོག་ཏུ་གལ༔ དེ་ལྟར་སྲེག་བླུགས་ལ་བརྩོན་པས༔ ཚོགས་རྫོགས་ཕྲིན་ལས་ཡོངས་སུ་འགྲུབ༔ ཕྱི་ནང་གསང་བའི་བར་ཆད་སེལ༔ ལྷག་ཆད་ཁ་སྐོང་ཉམས་སྒྲིབ་དག༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ བཀའ་སྲུང་ཨ་པར་དཀར་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབ་པ་ན་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་། དགེ་ལེགས་དཔལ་བཟང་གཉིས་ཀྱིས་བསྐུར་ངོར་གསེར་སྟོད་བླ་མ་རོང་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་སངྒ་ལཾ།། །།