ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས༔ རིགས་དྲུག་གནས་འདྲེན་འཕྲད་ཚད་རང་གྲོལ༔

From Dudjom Wiki
TTDL-ZABTER-03-GA-007
Wylie title zab gsang mkha' 'gro'i snying thig las: 'phags mchog thugs rje chen po la brten nas: rigs drug gnas 'dren 'phrad tshad rang grol: TTDL-ZABTER-03-GA-007.pdf
Location bdud 'joms gling pa zab gter
Volume 3, Text 7, Pages 75-94 (Folios 1a1 to 10b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'phags mchog thugs rje chen po la brten nas rigs drug gnas 'dren 'phrad tshad rang grol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 75-94. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gnas 'dren   Verso: bdud 'joms thugs chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Funerary Rituals - gnas lung - byang chog
Cycle འཕགས་མཆོག་ཐུགས་རྗེ་ཆེན་པོ་ ('phags mchog thugs rje chen po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity thugs rje chen po
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་གཉིས་བར་དུ་བཀའ་རྒྱ་བྱས་ནས།མཐར་རྟེན་འབྲེལ་དུས་ལ་བབས་པ་ན་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་གིས་ནན་ཏུ་བསྐུལ་ངོར་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje brag nas bton te mi lo sum cu so gnyis bar du bka' rgya byas nas/mthar rten 'brel dus la babs pa na chos kyi bdag po dge legs dpal bzang gis nan tu bskul ngor gtan la phab pa'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས༔ རིགས་དྲུག་གནས་འདྲེན་འཕྲད་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རིགས་དྲུག་གནས་འདྲེན་འཕྲད་ཚད་རང་གྲོལ་འདི༔ ལག་ཏུ་ལེན་པའི་རིམ་པ་འདི་ལྟ་སྟེ༔ གནས་དྲུག་ཞལ་ཟས་དྲུག་དང་གླུད་དྲུག་བཀོད༔ ཁྲུས་བུམ་དང་ནི་ཐུབ་དྲུག་སྐུ་གཟུགས་རྣམས༔ བསྐྱེད་ཆོག་བཟླས་པས་བསྒྲུབ་ཅིང་བྱིན་ལྡན་བྱ༔ མདུན་དུ་མིང་བྱང་གཟུགས་དང་ལྡན་པ་བྲིས༔ བཟའ་བཏུང་གོས་རྒྱན་འབྱོར་ཚོགས་འདོད་ཡོན་བཤམས༔ རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐྱབས་འོག་ཏུ་ཡེ་ཤེས་ལྔ་ཡི་རང་གདངས་འོད་ཕུང་ཁ་དོག་ལྔ་ལྡན་གྱི་གུར་ཁང་གི་ནང་དུ་ཚེ་ལས་འདས་པའི་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ནྲྀཿཡོངས་སུ་གྱུར་པ་ལས༔ གཟུགས་ཁམས་སྐྱེ་མཆེད་ཚང་བ་གསོན་པོའི་གནས་སྐབས་ཅི་ལྟ་བ་བཞིན་དུ་བསྐྱེད་དོ༔ རང་གི་ཐུགས་ཀའི་ཧྲཱིཿདང་ཁོའི་སྙིང་གའི་ནྲྀཿལས་འོད་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་རིགས་དྲུག་སྲིད་པ་བར་མ་དོ་གར་ཡོད་པའི་ས་ནས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་སྐད་ཅིག་ཉིད་དུ་བཀུག་ནས་མིང་གཟུགས་ལ་ཐིམ་པར་བསམ༔ དེ་ནས་འགུགས་གཞུག་བྱ་བ་ལ༔ ན་མོ༔ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྐུ་གསུམ་བརྒྱུད་གསུམ་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བཀའ་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པའི་མཐུས༔ དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་དག་པའི་ཞིང་ཁམས་རྣམས་མ་གཏོགས་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གར་ཡོད་པའི་ས་ནས་དམིགས་པའི་རྟེན་མཚན་བྱང་འདི་ལ་ཁུག་ཅིག༔ ནྲྀཿཛཿཧཱུྃ་བཾ་ཧོཿ ལན་གསུམ་མམ་བདུན་བརྗོད༔ དེ་ནས་བླ་གླུད་བསྔོ་བ་ནི༔ ཨོཾ་སྭ་བྷཱ་ཝ༴ གླུད་གཏོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡི་གེ་ཏྲཾཿསེར་པོ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུ་ཕུན་སུམ་ཚོགས་པ་མི་ཟད་པ་ནམ་མཁའ་མཛོད་དུ་གྱུར༔ ཨ་ཀཱ་རོའི་སྔགས་བརྗོད༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴ བ་ལིཾ་ཏ་ཡེ་སྭཱ་ཧཱ༔ ལན་གསུམ་དང་༔ ཨོཾ་སུམྦྷ་ནི་སོགས་ལན་གསུམ་གྱིས་བསྔོ་ཞིང་ཚིམས་པར་བྱས༔ དེ་ནས་བགེགས་བསྐྲད་པ་ལ༔ གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་གཤེད་མ་བླ་ཁྱེར་ཐམས་ཅད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད༔ བསྲུང་བའི་གུར་ཁང་བསྒོམ༔ དེ་ནས་ངོ་སྤྲོད་ཅིང་དབུགས་དབྱུང་བ་ནི༔ ཀྱཻ་ཧོཿ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ སྔོན་བསགས་བསོད་ནམས་འབྲས་བུ་ཡིས༔ མི་ཡི་སྲིད་པ་ཐོབ་ལགས་ཀྱང༔ མི་རྟག་འཆི་བས་དབང་འགྱུར་ཏེ༔ རྣམ་ཤེས་བར་མ་དོ་རུ་འཁྱམས༔ འཁྲུལ་སྣང་འཇིགས་སྐྲག་སྣ་ཚོགས་པས༔ སྡུག་བསྔལ་བཟོད་དཀའ་ཡ་རེ་ང་༔ སྣ་ཚོགས་སྣང་བ་ཐམས་ཅད་ཀུན༔ སྒྱུ་མ་རྨི་ལམ་ཇི་བཞིན་དུ༔ མེད་བཞིན་འཁྲུལ་པའི་སྣང་ཆ་སྟེ༔ ངོ་ཤེས་ངང་ལ་ཞེན་པ་ཆོད༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ལ༔ མ་རིག་འཁྲུལ་པ་དབང་བཙན་པས༔ ང་དང་བདག་དུ་འཛིན་པ་ལས༔ མ་དག་རླུང་སེམས་གཡོ་བའི་འཕྲུལ༔ དཔེར་ན་ཉི་མ་འོད་བཞིན་དུ༔ གནས་རིགས་དྲུག་གི་འཇིག་རྟེན་ཀུན༔ སྣང་ཞིང་གནས་འགྱུར་ཆོས་ཅན་ཏེ༔ རྟག་པར་གནས་པ་གཅིག་ཀྱང་མེད༔ རང་འཁྲུལ་རང་སྣང་སྣ་ཚོགས་པ༔ རྨི་ལམ་ཇི་བཞིན་ཤེས་མཛོད་ལ༔ ཐམས་ཅད་མེད་དང་མ་གྲུབ་པའི༔ སྟོང་པ་ཉིད་དུ་ཤེས་པར་གྱིས༔ སྟོང་ཉིད་ཟང་ཐལ་ཁྱབ་བརྡལ་ཏེ༔ ངོ་བོ་ཉིད་དང་གཞིའི་ཆོས་ཉིད༔ མངོན་གྱུར་ཆེན་པོ་རིག་པའི་དབྱིངས༔ རང་དབང་རྒྱལ་པོའི་བཙན་ས་ཟུངས༔ ཤེས་པ་གཞན་དུ་མ་ཡེངས་པར༔ རྣམ་གསུམ་དད་པའི་ཤུགས་བསྐྱེད་ལ༔ ལྷ་དང་བླ་མར་གསོལ་བ་ཐོབས༔ དེ་ནས་ཁྲུས་ལུང་ཚེ་ལུང་དང་༔ གནས་ལུང་དག་གི་གནད་ལྡན་པའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ དང་པོ་ཁྲུས་ཀྱི་ཆོ་ག་ལ༔ ཧྲཱིཿབཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ རྡོ་རྗེ་སྐུ་ཡིས་བྱིན་བརླབས་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསྤྲོ་ན་སྦྱོང་སྔགས་གཞན་ཡང་བརྗོད༔ དམིགས་ཡུལ་ཚེ་ལས་འདས་པའི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཧྲཱིཿབཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ རྡོ་རྗེ་གསུང་གིས་བྱིན་བརླབས་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ངག་གི་སྒྲིབ་པ་དག་གྱུར་ཅིག༔ རྩ་སྔགས་བརྗོད་ལ༔ དམིགས་ཡུལ་ཚེ་ལས་འདས་པའི་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ རྡོ་རྗེ་ཐུགས་ཀྱིས་བྱིན་རླབས་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཡིད་ཀྱི་སྒྲིབ་པ་དག་གྱུར་ཅིག༔ རྩ་སྔགས་སོགས་དང་༔ དམིགས་ཡུལ་ཚེ་ལས་འདས་པའི་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧྲཱིཿབཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ སྐུ་དང་ཡེ་ཤེས་རོལ་པའི་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ མ་རིག་གཟུང་འཛིན་ལ་བརྟེན་པའི༔ ཉོན་མོངས་དུག་ལྔ་ཕུང་ལྔ་དང་༔ སྒྲིབ་གཉིས་བག་ཆགས་མ་ལུས་པ༔ ཡེ་ཤེས་ལྔ་དང་སྐུ་ལྔ་ཡི༔ རོལ་པ་ཆེན་པོར་དག་གྱུར་ཅིག༔ རྩ་སྔགས་སོགས་དང་༔ དམིགས་ཡུལ་ཚེ་ལས་འདས་པའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཉོན་མོངས་པ་དུག་ལྔ་དང་ཕུང་ལྔའི་ལས་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བྱབ་པ་ལ༔ ཧྲཱིཿབཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ སྐུ་དང་ཡེ་ཤེས་རོལ་པའི་འཕྲུལ༔ འོད་དང་འོད་ཕུང་སྟོབས་ཤུགས་ཀྱིས༔ ལས་ཉོན་བག་ཆགས་ཐམས་ཅད་ཀུན༔ ཤེལ་གོང་རྡུལ་ཕྲན་ཅི་བཞིན་དུ༔ བྱབ་བོ་བྱང་ཞིང་དག་གྱུར་ཅིག༔ རྩ་སྔགས་སོགས་དང་༔ དམིིགས་ཡུལ་ཚེ་ལས་འདས་པའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་མ་རིག་གཟུང་འཛིན་གྱི་དབང་དུ་གྱུར་པའི་ལས་ཉོན་སྒྲིབ་པ་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཧཱུྃ་བཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཏྲཱཾཿལཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཧྲཱིཿརཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཨཱཿཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཨེཿབཾཿལཾཿརཾཿཡཾཿཧ་ལ་པཉྩ་སརྦ་དུརྒ་ཏེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་དམྱལ་བའི་གནས་ལུང་ལ༔ ཧཱུྃ་ཧྲཱིཿསྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཅི་བཞིན་དུ༔ དམྱལ་བའི་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ དེ་ནས་ཚོགས་བསགས་པ་ལ༔ ཧཱུྃ༔ བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ཚེ་འདས་དམྱལ་བ་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝིདྱ་ཨཱ་ཧཱུྃ༔ དེ་ནས་ལན་ཆགས་འཇལ་བ་ལ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིངྟ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུར་འཕྲོས༔ དམྱལ་བའི་ས་བོན་དུཿནག་པོ༔ ཞེ་སྡང་ལས་ཉོན་སྒྲིབ་པ་བསྲེགས༔ རྩ་སྔགས་དང་༔ དུཿསརྦ་ན་ར་ཀ་དུཿཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་ཡི་དྭགས་གནས་ལུང་ལ༔ ཧཱུྃ་ཧྲཱིཿསྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ ཡི་དྭགས་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ དེ་ནས་ཚོགས་བསགས་པ་ལ༔ ཧཱུྃ༔ བཅོམ་ལྡན་ཁ་འབར་དྷེ་ཝ་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ཚེ་འདས་ཡི་དྭགས་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ དེ་ནས་ལན་ཆགས་འཇལ་བ་ལ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིངྟ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུར་འཕྲོས༔ ཡི་དྭགས་ས་བོན་པྲེཿཐལ་སྐྱ༔ འདོད་ཆགས་ལས་ཉོན་སྒྲིབ་པ་བསྲེགས༔ རྩ་སྔགས་དང་༔ པྲེཿསརྦ་པྲེ་ཏ་ཀ་དུཿཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་དུད་འགྲོའི་གནས་ལུང་ལ༔ ཧཱུྃ་ཧྲཱིཿསྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ བྱོལ་སོང་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ དེ་ནས་ཚོགས་བསགས་པ་ལ༔ ཧཱུྃ༔ བཅོམ་ལྡན་སེང་གེ་རབ་བརྟན་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ཚེ་འདས་བྱོལ་སོང་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ དེ་ནས་ལན་ཆགས་འཇལ་བ་ལ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུར་འཕྲོས༔ བྱོལ་སོང་ས་བོན་ཏྲིཿདམར་ནག༔ གཏི་མུག་ལས་ཉོན་སྒྲིབ་པ་བསྲེགས༔ རྩ་སྔགས་དང་༔ ཏྲིཿསརྦ་ཏིཪྻ་ཀ་དུ༔ ཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་ལྷ་མིན་གནས་ལུང་ལ༔ ཧཱུྃ་ཧྲཱིཿསྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ ལྷ་མིན་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ དེ་ནས་ཚོགས་བསགས་པ་ལ༔ ཧཱུྃ༔ བཅོམ་ལྡན་ཐག་བཟང་རིས་མཆོག་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ལྷ་མིན་སྲིད་པ་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ དེ་ནས་ལན་ཆགས་འཇལ་བ་ལ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིངྟ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུར་འཕྲོས༔ ལྷ་མིན་ས་བོན་སུཾཿསེར་ནག༔ ཕྲག་དོག་ལས་ཉོན་སྒྲིབ་པ་བསྲེགས༔ རྩ་སྔགས་དང་༔ སུཾཿསརྦ་པཱུ་ཥ་དུཿཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་ལྷ་ཡི་གནས་ལུང་ལ༔ ཧཱུྃ་ཧྲཱིཿ སྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ ལྷ་ཡི་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ དེ་ནས་ཚོགས་བསགས་པ་ལ༔ ཧཱུྃ༔ བཅོམ་ལྡན་དབང་པོ་བརྒྱ་བྱིན་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ ལྷ་ཡི་སྲིད་པ་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ དེ་ནས་ལན་ཆགས་འཇལ་བ་ལ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིངྟ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུར་འཕྲོས༔ ལྷ་ཡི་ས་བོན་ཨཿདཀར་པོ༔ ང་རྒྱལ་ལས་ཉོན་སྒྲིབ་པ་བསྲེགས༔ རྩ་སྔགས་དང་༔ ཨཿསརྦ་ཨ་སཱུ་ར་དུཿཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་མི་ཡི་གནས་ལུང་ལ༔ ཧཱུྃ་ཧྲཱིཿསྐད་ཅིག་སྣང་བ་གནས་འགྱུར་ཏེ༔ རྨི་ལམ་སྒྱུ་མ་ཇི་བཞིན་དུ༔ མི་ཡི་གནས་ཡུལ་བཀོད་པ་འཕྲུལ༔ སྣང་ལ་རང་བཞིན་མེད་པར་ཤར༔ དེ་ནས་ཚོགས་བསགས་པ་ལ༔ ཧཱུྃ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ འདོད་རྒུ་དཔལ་གྱི་མཆོད་པ་འབུལ༔ མི་ཡི་སྲིད་པ་ལས་བསྒྲལ་ཏེ༔ དག་པའི་ཞིང་དུ་དྲང་དུ་གསོལ༔ བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ དེ་ནས་ལན་ཆགས་འཇལ་བ་ལ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ བདུད་བགེགས་ལོག་འདྲེན་ཚོགས་ལ་སྦྱིན༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སརྦ་བྷུ་ཏ་བ་ལིངྟ་ཁཱ་ཧི༔ ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཚེ་ལུང་བྱ་བ་ལ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་མེ་ལྟ་བུར་འཕྲོས༔ མི་ཡི་ས་བོན་ནྲྀཿལྗང་གུ༔ དུག་ལྔའི་ལས་ཉོན་བག་ཆགས་བསྲེགས༔ རྩ་སྔགས་དང་༔ ནྲྀཿསརྦ་བྷི་ཤ་དུཿཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་གནས་འདྲེན་པ་ལ༔ ཚེ་འདས་རྗེས་ཟློས་བྱས་པར་བསམ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཀུན་གྱི་ཁྱབ་བདག་བླ་མ་ལ༔ རྣམ་གསུམ་དད་པས་གསོལ་བ་འདེབས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་ལ་རབ་ཞུགས་ནས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ ཕན་དང་བདེ་བའི་ཐབས་བརྩོན་བྱ༔ ལྷ་དང་བླ་མའི་ཚོགས་རྣམས་ཀྱིས༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས༔ བསྒྲལ་ནས་ཐར་ལམ་བསྟན་དུ་གསོལ༔ ཞེས་ལན་གསུམ་བརྗོད༔ དེ་ནས་བླ་མས༔ ཀྱེ་ཧོ་ཚེ་འདས་རིགས་ཀྱི་བུ༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ བསྐལ་མང་སྐད་ཅིག་ལ་བསྒྱུར་ནས༔ རིགས་དྲུག་རིམ་གྱིས་བསྒྲལ་བྱས་ཏེ༔ ཐར་པའི་ལམ་མཆོག་བསྟན་པར་བགྱི༔ དེ་ནས་ཚེ་འདས་ལྷར་བསྐྱེད་པ་ནི༔ ཧྲཱིཿའཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་༔ ཚེ་ལས་འདས་པ་ལ་ཕོག་པས༔ སྒྲིབ་གཉིས་བག་ཆགས་དྲི་མ་སྦྱངས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ༔ དཀྱིལ་འཁོར་ཤར་གྱི་སྒོ་འགྲམ་དུ༔ པད་ཟླའི་གདན་ལ་འཁོད་པར་གྱུར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་ཐུགས་རྗེ་ཆེན་པོ་ཡི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ པོ་ཊ་ལ་ནས་སྤྱན་དྲངས་བསྟིམས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོས༔ དབྱེར་མེད་དུ་མ་རོ་གཅིག་གྱུར༔ རྩ་སྔགས་དང་༔ ན་མཿཨཱཪྻ་ལོ་ཀི་ཤྭ་ར་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མེ་ཏོག་དོར་བ་ལ༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ ལྷག་པའི་ལྷ་ལ་དབབ་པར་ཤོགཿབཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་ནས་མིག་རས་བསལ་བ་ལ༔ ཧྲཱིཿལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞལ༔ སྒྲིབ་བྱེད་མ་རིག་དྲི་མ་བསལ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་བུམ་པའི་གཞལ་ཡས་སུ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡིག་དྲུག་ཐོགས་ལ༔ ཧྲཱིཿའཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ གསུང་གསང་འདུས་པ་ཡི་གེ་དྲུག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་དང་༔ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ལོང་ཐོགས་ལ༔ ཧྲཱིཿཆོས་སྐུ་གཏིང་གསལ་སྤྲོས་མཐའ་བྲལ༔ ཅིར་ཡང་འཆར་བའི་ཨ་དཪྴ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ཤེར་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧྲཱིཿལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ རོལ་པའི་སྒྲོན་མ་རྣམ་པ་བཞི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་ཐུགས་རྗེ་ཆེན་པོའི་སྐུ་གཏད་དེ་ངོ་སྤྲོད་པ་ནི༔ ཀྱཻ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ རང་རིག་ཡེ་ཤེས་བྱང་ཆུབ་སེམས༔ ངོ་ཤེས་མངོན་གྱུར་ཆོས་ཀྱི་དབྱིངས༔ ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ༔ ཡེ་ཤེས་རང་གདངས་བདེ་གཤེགས་ལྔ༔ རོལ་རྩལ་རྣམ་འདྲེན་སངས་རྒྱས་སྟོང་༔ རང་བྱུང་རང་ཤར་ཆེན་པོར་རྫོགས༔ དེར་མ་གཏོགས་པའི་རྟེན་བརྟེན་པ༔ གཞན་དུ་གྲུབ་པ་ཅི་ཡང་མེད༔ དེ་ལྟར་རང་ངོ་ཤེས་པ་ཡིས༔ ངང་དུ་གདིང་ཐོབ་བཙན་ས་ཟུངས༔ རང་ངོ་རང་སངས་རྒྱས་འགྱུར་རོ༔ དེ་ནས་བཟའ་བཏུང་བསྔོ་བ་ནི༔ ཨོཾ་སྭ་བྷཱ་ཝ་སོགས་འདོད་ཡོན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཏྲཾཿཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོ་ཞིག་ཏུ་གྱུར༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ཧྲཱིཿཚེ་འདས་མིག་གི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿཚེ་འདས་རྣ་བའི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒྱུ་སྒྲ་ཡི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿཚེ་འདས་སྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་དྲི་ཡི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའ་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿཚེ་འདས་ལྕེ་ཡི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་རོ་ཡི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་རཱ་ས་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿཚེ་འདས་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་རེག་བྱའི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཧྲཱིཿཚེ་འདས་ཡིད་ཀྱི་དབང་པོའི་སྤྱོད་ཡུལ་དུ༔ འདོད་རྒུ་ཆོས་ཀྱི་བྱེ་བྲག་ཇི་སྙེད་པ༔ མི་ཟད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཅིང་༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ སྤྲོ་ན་བསྔོ་ཚིག་དང་སྨོན་ལམ་ཅི་རིགས་འདོན༔ དེ་ནས་ཡོན་འབུལ་བ་ལ༔ ཧྲཱིཿའཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔ བདེ་གཤེགས་རིགས་ལྔའི་དཀྱིལ་འཁོར་ལ༔ ཚེ་འདས་ཕུང་ལྔ་ཡོན་དུ་འབུལ༔ ཐར་པའི་ལམ་སྣ་དྲང་དུ་གསོལ༔ དེ་ནས་མར་མེ་བསྔོ་བ་ལ༔ ཧྲཱིཿཡེ་ཤེས་གསལ་བའི་སྒྲོན་མེ་འདི༔ སྐུ་དང་ཡེ་ཤེས་རོལ་པའི་གདངས༔ ཚེ་འདས་མ་རིག་མུན་པའི་སྨག༔ བསལ་ནས་རང་སྣང་ཡེ་ཤེས་ཀྱི༔ རྟེན་དང་བརྟེན་པ་མངོན་གྱུར་ཤོག༔ བཛྲ་དྷརྨ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ དེ་ནས་ལམ་བསྟན་པ་ལ༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁམས་གསུམ་འཁོར་བ་གར་སྐྱེས་ཀྱང་༔ མ་རིག་གསུམ་གྱི་སྒྲིབ་པ་ཡིས༔ སྡུག་བསྔལ་གསུམ་གྱི་བཙོན་ཁང་དུ༔ མ་ཚུད་པ་ནི་གཅིག་ཀྱང་མེད༔ དེ་ཕྱིར་སྐྱོ་ཞིང་སུན་པའི་བློས༔ ཆགས་ཞེན་འཁྲི་བ་ཀུན་ཆོད་ལ༔ དེ་ལས་ཐར་འདོད་བསམ་པ་ཡིས༔ བདེ་ཆེན་ཞིང་ཁམས་ཡིད་ལ་གྱིས༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཡོད༔ བདེ་སྐྱིད་ལོངས་སྤྱོད་དཔག་ཏུ་མེད༔ ཞིང་དེའི་ཡོན་ཏན་བརྗོད་ལས་འདས༔ དེ་ན་སངས་རྒྱས་འོད་དཔག་མེད༔ བྱང་སེམས་འཕགས་པའི་འཁོར་གྱིས་བསྐོར༔ མཚན་ཐོས་ཙམ་གྱིས་སྲིད་ལས་སྒྲོལ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ རྣམ་གསུམ་དད་པས་གསོལ་བ་ཐོབས༔ ཁྱོད་ཀྱི་རྣམ་ཤེས་ཡི་གེ་ཧྲཱིཿ འོད་དང་ཐིག་ལེས་བརྒྱན་པ་རུ༔ གསལ་ཐོབ་ནམ་མཁའི་སྐར་མདའ་བཞིན༔ འོད་དཔག་མེད་པའི་ཐུགས་ཀ་རུ༔ ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས༔ དབྱེ་བ་མེད་པར་ཁྲིགས་སེ་འདྲེས༔ ནམ་མཁའ་ནམ་མཁར་ཐིམ་པ་བཞིན༔ རང་སྣང་དག་པའི་ཞིང་དུ་འཕོས༔ ཞེས་ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེགས་དྲག་དང་ལྡན་པ་འོད་དང་ཐིག་ལེས་བརྒྱན་པ་ཞིག་ཏུ་གྱུར་ཏེ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་མངོན་དུ་གྱུར༔ ངོ་ཤེས༔ གདིང་ཐོབ༔ རྩལ་རྫོགས༔ བརྟན་པ་ཐོབ་པར་གྱུར༔ ཕཊ་ཕཊ་ཕཊ༔ དེ་ནས་བྱང་ཆོག་ལ༔ ཧཱུྃ༔ མ་རིག་གསུམ་གྱི་བུད་ཤིང་ལ༔ རིག་པ་ཡེ་ཤེས་མེ་སྦར་རོ༔ གཟུང་དང་འཛིན་པའི་བུད་ཤིང་ལ༔ བདག་མེད་ཤེས་རབ་མེ་སྦར་རོ༔ ཉོན་མོངས་དུག་གསུམ་བུད་ཤིང་ལ༔ སྐུ་གསུམ་ལྷུན་གྲུབ་མེ་སྦར་རོ༔ དུག་ལྔ་ཕུང་ལྔའི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་རོ༔ ཉོན་མོངས་བརྒྱད་ཁྲིའི་བུད་ཤིང་ལ༔ ཆོས་ཕུང་བརྒྱད་ཁྲིའི་མེ་སྦར་རོ༔ མ་དག་སྣང་བ་སྣོད་བཅུད་ཀུན༔ ཀ་དག་ཆོས་སྐུའི་དབྱིངས་སུ་བསྲེགས༔ གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨཿནྲྀཿསུཿཏྲིཿཔྲེཿདུཿསརྦ་དུཿཁ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པས༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ བསྐལ་པ་སྐད་ཅིག་ལ་བསྒྱུར་ནས༔ འདྲེན་པའི་ཆོ་ག་འདིར་བརྩོན་པ༔ འཁོར་བ་རུ་ལོག་བྱེད་པར་འགྱུར༔ ངན་སོང་དོང་སྤྲུགས་ཆོ་ག་འདི༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་གཉིས་བར་དུ་བཀའ་རྒྱ་བྱས་ནས།མཐར་རྟེན་འབྲེལ་དུས་ལ་བབས་པ་ན་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་གིས་ནན་ཏུ་བསྐུལ་ངོར་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།