ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་དྲག་བཟློག་རྡོ་རྗེའི་ཕ་ལམ༔

From Dudjom Wiki
TTDL-ZABTER-08-NYA-027
Wylie title zab gsang mkha' 'gro'i snying thig las: lha chen dbang phyug chen po'i drag bzlog rdo rje'i pha lam: TTDL-ZABTER-08-NYA-027.pdf
Location bdud 'joms gling pa zab gter
Volume 8, Text 27, Pages 203-219 (Folios 1a1 to 9a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen dbang phyug chen po'i drag bzlog rdo rje'i pha lam. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 203-219. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag zlog   Verso: bdud 'joms bka' srung lha chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Averting or Dispelling Rites- zlog pa
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs nas bton te mi lo nyer bzhi'i bar du bka' rgya byas mthar slob bu mkhyen rab rgya mtshos nan du bskul ngor gtan la phab pa'i yi ge pa yang de nyid do/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་དྲག་བཟློག་རྡོ་རྗེའི་ཕ་ལམ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འདི་ཡི་ལག་ལེན་རིམ་པ་ལ༔ དྲག་པོའི་གཏོར་མ་རྩེ་གསུམ་ལ༔ འཁོར་ནི་གཉིས་དང་བརྒྱད་ཀྱིས་བསྐོར༔ ཟོར་ཀོང་ཁྲག་ཀོང་སྐྱུ་གུས་བསྐོར༔ མཆོད་རྫས་དྲག་པོའི་རྣམ་ལྔ་དང་༔ ལིང་རོ་ཉལ་ཉིལ་ཁྲག་སྐྱེམས་དང་༔ གཏོར་མ་ཤ་དུམ་མང་པོ་བཤམས༔ དེ་ནས་གཏོར་མ་དེ་ཉིད་ནི༔ ལྷ་ཆེན་ཡབ་ཡུམ་འཁོར་བཅས་སུ༔ གསལ་ཏེ་བཟློག་པའི་ལས་བཅོལ་བྱ༔ འགུགས་གཞུག་བྱས་མཐར༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་བླ་མ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ ཐུགས་དམ་བསྐུལ་ལོ་བཟློག་པའི་ལས་ལ་བཞེངས༔ སྐུ་ནི་དྲག་པོའི་གར་བསྒྱུར་རབ་ཁྲོས་པས༔ མི་སྲུན་རྔམས་བརྗིད་གར་དགུའི་ཉམས་ལྡན་ཅིང་༔ རབ་འཇིགས་དུར་ཁྲོད་ཆས་བརྒྱད་རྒྱན་རྫོགས་པའི༔ སྣང་སྲིད་ཐམས་ཅད་ཡོངས་སུ་འགེངས་པར་མཛོད༔ གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས༔ ཧཱུྃ་ཕཊ་རྒྱོབ་སོད་བྷྱོ་ཟློག་སྒྲ་སྒྲོགས་ཤིང་༔ ཐུགས་སྤྲུལ་འཁོར་བའི་སྡུག་བསྔལ་གཞོམ་བྱེད་པའི༔ ཐུན་མཚོན་རྫས་སྔགས་ཁྲོ་ཆུང་ཁྱུང་སྡིག་པ༔ བསྐལ་འཇིགས་མེ་རླུང་ཆུ་ལྟར་འཁྲུགས་པ་ཡིས༔ དྲག་པོའི་མངོན་སྤྱོད་འཁྲུལ་འཁོར་རབ་ཏུ་འགྱེད༔ གནོད་བྱེད་དགྲ་གེགས་བཟློག་བསྒྱུར་ལས་མཛོད་ཅིག༔ འཇིག་རྟེན་དབང་ཕྱུག་རབ་ཁྲོས་དྲག་པོའི་སྐུ༔ མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ དབུ་ཡིས་སྲིད་པའི་རྩེ་ནས་ལྷ་གསུམ་འདུལ༔ ལྷ་ཡི་གདོན་ཚོགས་མ་ལུས་དགྲ་ལ་བཟློག༔ ཕྱག་གཡས་གནམ་ལྕགས་ཏྲི་ཤུལ་ཀླད་ལ་བསྐོར༔ ལྷ་མ་ཡིན་གྱི་སྡེ་ཚོགས་དགྲ་ལ་བཟློག༔ ཕྱག་གཡོན་འཆིང་བྱེད་ཞགས་པ་ཐུགས་ཀར་འཛིན༔ བཀའ་སྲུང་སྡེ་བརྒྱད་གཡོ་འཁྲུག་དགྲ་ལ་བཟློག༔ སྐེད་པ་བར་སྣང་ཁམས་ཀྱི་འཇིག་རྟེན་འདུལ༔ མི་དང་མི་མིན་གནོད་པ་དགྲ་ལ་བཟློག༔ ཞབས་གཉིས་ངན་སོང་གསུམ་གྱི་སྐྱེ་སྒོ་བཅད༔ ངན་སོང་འཁོར་བའི་གཡོ་འཁྲུག་དགྲ་ལ་བཟློག༔ སྲིད་པ་ཤར་གྱི་སྐྱེ་འགྲོ་ཁ་ལོ་སྒྱུར༔ ཞི་བའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ཤར་ཕྱོགས་སྐྱོང་མཛད་ཐུགས་ཀྱི་སྤྲུལ་པ་ཡིས༔ ཤར་གྱི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་ལྷོ་ཕྱོགས་སྐྱེ་འགྲོ་ཁ་ལོ་བསྒྱུར༔ རྒྱས་པའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ལྷོ་ཕྱོགས་སྐྱོང་མཛད་ཡོན་ཏན་སྤྲུལ་པ་ཡིས༔ ལྷོ་ཡི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་ནུབ་ཀྱི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ དབང་གི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ནུབ་ཕྱོགས་སྐྱོང་མཛད་ཡོན་ཏན་སྤྲུལ་པ་ཡིས༔ ནུབ་ཀྱི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་བྱང་གི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ དྲག་པོའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ བྱང་ཕྱོགས་སྐྱོང་མཛད་ཕྲིན་ལས་སྤྲུལ་པ་ཡིས༔ བྱང་ཕྱོགས་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་དབུས་ཕྱོགས་སྐྱེ་འགྲོ་ཁ་ལོ་བསྒྱུར༔ ཕྲིན་ལས་རབ་འབྱམས་མ་ལུས་ལྷུན་གྱིས་གྲུབ༔ དབུས་ཕྱོགས་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ སྲིད་པ་མཚམས་བཞིའི་སྐྱེ་འགྲོ་ཁ་ལོ་བསྒྱུར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ༔ མཚམས་བཞི་སྐྱོང་བའི་བཀའ་སྲུང་དྲེགས་པའི་འཁོར༔ མཚམས་བཞིའི་བསྟན་དགྲ་སྡེ་དང་བཅས་པ་བཟློག༔ བསྟན་དགྲའི་མཐུ་ནུས་རྫས་སྔགས་རྦོད་གཏོང་བཅས༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐུལ༔ བསྟན་དང་འགྲོ་ལ་རྒོལ་བའི་བསམ་སྤྱོད་ཀྱིས༔ ས་རྡོ་རྩི་ཤིང་རྫས་སྔགས་ཀྱིས་སྦག་ནས༔ སྲོག་ཆགས་ཕྲ་མོ་གཟན་ལ་འགྱེད་ནས་སུ༔ ལོ་འབྲས་ཟས་གོས་དཔལ་ལ་ཟ་བྱེད་པའི༔ རྫས་སྔགས་འཕྲུལ་གྱི་མཁན་པོ་དང་བཅས་པ༔ སྒྲོན་ཤིང་ཚལ་དུ་མེ་ཆེན་མཆེད་པ་བཞིན༔ རྗེས་ཤུལ་ལྷག་མ་མེད་པར་བརླག་པར་མཛོད༔ སླར་ཡང་འབྱུང་ན་མཐུ་དང་སྟོབས་ཀྱིས་བཟློག༔ རྫས་ངན་སྔགས་དང་ལོག་པའི་ཏིང་འཛིན་གྱིས༔ ས་སྐྱོང་གཞི་བདག་ལྷ་སྲིན་དབང་བསྒྱུར་ནས༔ མི་རྣམས་ཤེས་རྒྱུད་ནག་ཕྱོགས་ལ་བསྒྱུར་བའི༔ མཐའ་མི་སྡིག་སྤྱོད་ལས་ངན་བདུད་སྡེ་འབངས༔ རྩ་སྦུར་དུས་མཐའི་མེ་ཡིས་གཞོམ་པ་བཞིན༔ སྐད་ཅིག་མྱུར་བ་ཉིད་དུ་བརླག་པར་མཛོད༔ རྫས་སྔགས་ཏིང་འཛིན་ནུས་པ་རང་གཤེད་ཕོབས༔ རྗེས་ཤུལ་མེད་པར་བསྟན་དགྲའི་སྲོག་ལ་བཟློག༔ མིག་བསླུས་འཕྲུལ་བསྒྱུར་འགྲོ་བའི་སྣང་སེམས་བསླུ༔ ས་རྡོ་རིན་ཆེན་ནོར་དུ་བསྒྱུར་ནས་སུ༔ ས་མིག་གནས་བཟུང་ཡུལ་ཀུན་རིམ་པ་བཞིན༔ ཁ་ལོ་བསྒྱུར་ཞིང་རྒྱལ་ཁམས་མངའ་འོག་འདྲེན༔ སེམས་ཅན་བདེ་སྐྱིད་དཀར་པོའི་དགེ་བཅུ་བསྣུབ༔ མཐའ་མེད་འཁོར་བའི་ཁྲི་མུན་གནས་སུ་འཕང་༔ འདི་འདྲའི་ལས་ངན་གདུག་འདྲེ་བདུད་སྡེ་འབངས༔ མ་ལུས་འབྲུ་དྲུག་སེར་བས་བཅོམ་པ་བཞིན༔ དཀོན་མཆོག་རྩ་གསུམ་སྲུང་མ་སྤྱི་དང་ནི༔ དབང་ཕྱུག་དྲེགས་པའི་ཚོགས་ཀྱིས་བརླག་པར་མཛོད༔ དབང་ཕྱུག་ལྷ་མགོན་བཀའ་སྲུང་དྲེགས་པའི་སྡེ༔ མ་ལུས་དཀར་པོ་དགེ་བའི་གྲོགས་སུ་བསྐུལ༔ ལྷ་དམག་དཀར་པོའི་དབུ་འཕང་མཐོ་བ་དང་༔ ལྷ་མིན་རྨ་ཕོབ་ཉམ་ཐག་ལས་མཛོད་ལ༔ སྐྱེ་འགྲོའི་སྡུག་བསྔལ་ཉེས་ཚོགས་ནད་མུག་མཚོན༔ མ་ལུས་བསྟན་དགྲ་མཐའ་མིའི་སྟེང་དུ་བཟློག༔ མུ་སྟེགས་ཀླ་ཀློའི་མཐའ་མི་ཧོར་ཕུ་དང་༔ ཀྱ་སོགས་བསྟན་དགྲ་མ་ལུས་སྡེ་དང་བཅས༔ འཆི་བདག་ལས་ཀྱི་གཤིན་རྗེའི་ཁ་རུ་བཟློག༔ ལུས་ཀྱི་ལྷ་ལ་རྫས་སྔགས་ཀྱིས་གཏོར་བས༔ མི་རྣམས་ཀུན་ལ་ནད་རིམས་སྣ་ཚོགས་དར༔ དེ་ཡང་བཀའ་སྲུང་དྲེགས་པའི་སྟོབས་ཀྱིས་བཟློག༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྟོབས་ཀྱིས་བཟློག༔ ཆོས་ཉིད་རྣམ་པར་དག་པའི་སྟོབས་ཀྱིས་བཟློག༔ རྟེན་འབྲེལ་རྒྱུ་འབྲས་ཟབ་མོའི་སྟོབས་ཀྱིས་བཟློག༔ ཧཱུྃ་ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་ལྷ་ཆེན་པོ༔ ཁམས་གསུམ་སྣོད་བཅུད་ཀུན་གྱི་མེས་ཆེན་པོ༔ སྲིད་པ་ལེགས་ཉེས་ཀུན་གྱི་བྱེད་པ་པོ༔ ཐུགས་དམ་བསྐུལ་ལོ་བཟློག་པའི་ལས་མཛོད་ཅིག༔ ཁམས་གསུམ་གཡོ་འཁྲུག་སྲིད་པའི་སྡུག་བསྔལ་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་དང་༔ བཀའ་སྲུང་གཞི་བདག་ཕོ་གདོན་མོ་གདོན་དང་༔ ཀླུ་གདོན་ཆེ་འདྲེ་ཆུང་སྲི་གོད་སྲི་སོགས༔ གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་རྣམས༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་དང་༔ ཞིང་གི་སད་སེར་ལོ་ནད་བཙའ་ཐན་དང་༔ མུ་གེ་འཁྲུགས་རྩོད་མི་མཐུན་ཕྱོགས་རྣམས་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཟ་འདྲེ་ཕུང་སྲི་འགོང་འདྲེ་བསེ་རག་དང་༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་གྱུར་པའི༔ འདྲེ་གདོན་གནོད་བྱེད་མ་ལུས་ཐམས་ཅད་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧྲཱིཿདབང་ཕྱུག་མ་ཧཱ་དཱེ་ཝ་ལྷའི་བླ་མ༔ ཡུམ་མཆོག་ཨུ་མ་དཱེ་ཝི་མ་ཆེན་མོ༔ སྲིད་པ་མོ་རྒྱུད་ཡོངས་ཀྱི་དབང་ཕྱུག་མོ༔ ཁམས་གསུམ་གནས་རིགས་ཀུན་གྱི་ལེགས་ཉེས་བསྒྱུར༔ ཁྲོས་པའི་རྒྱལ་མོ་ཆེན་མོ་འཁོར་དང་བཅས༔ དམ་ཚིག་གཉན་པོས་བཟློག་པའི་ལས་བཅོལ་ལོ༔ ཁམས་གསུམ་གཡོ་འཁྲུག་སྲིད་པའི་སྡུག་བསྔལ་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་དང་༔ བཀའ་སྲུང་གཞི་བདག་ཕོ་གདོན་མོ་གདོན་དང་༔ ཀླུ་གདོན་ཆེ་འདྲེ་ཆུང་སྲི་གོད་སྲི་སོགས༔ གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་རྣམས༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་དང་༔ ཞིང་གི་སད་སེར་ལོ་ནད་བཙའ་ཐན་པ༔ མུ་གེ་འཁྲུགས་རྩོད་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཟ་འདྲེ་ཕུང་སྲི་འགོང་འདྲེ་བསེ་རག་དང་༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་གྱུར་པའི༔ འདྲེ་གདོན་གནོད་བྱེད་མ་ལུས་ཐམས་ཅད་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧྲཱིཿལྷ་ཆེན་ཚོགས་ཀྱི་བདག་པོ་དབང་ཆེན་དཔལ༔ སྣང་སྲིད་ལེགས་ཉེས་ཀུན་གྱི་བྱེད་པོ་ཆེ༔ དམ་ཚིག་གཉན་པོས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས༔ སངས་རྒྱས་བསྟན་སྲུང་དཀར་ཕྱོགས་སྐྱོང་བའི་ལྷ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་གཉན་པོ་རྣམས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་དཔལ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧཱུྃ་ཛཿབཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྡེ་དང་དཔུང་༔ བསྟན་དགྲའི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ སྣང་སྲིད་ཡུལ་གཞི་སྐྱོང་བའི་གཞི་བདག་ཚོགས༔ རང་ཕྱོགས་སྐྱོང་ཞིང་དགྲ་ལ་རྒོལ་བར་བྱེད༔ དམ་ཚིག་གཉན་གྱིས་བཟློག་པའི་ལས་བཅོལ་ལོ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ མདོར་ན་ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ འཁོར་འབངས་བཀའ་སྡོད་དྲེགས་པའི་སྡེ་ཚོགས་རྣམས༔ མ་ཐོགས་མྱུར་དུ་སྐུར་བཞེངས་འདིར་གཤེགས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་དང་༔ མི་ཕྱུགས་ནད་རིམས་བར་ཆད་རྐྱེན་གེགས་དང་༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས་ངན་ཀུན༔ བསྟན་དགྲ་སྡེ་དང་བཅས་པའི་སྟེང་དུ་བཟློག༔ ཧཱུྃ༔ ཁམས་གསུམ་སྲིད་པའི་མེས་ཆེན་པོ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སེམས་ཅན་ཀུན་གྱི་གནོད་འཚེ་བཟློག༔ སྣང་སྲིད་ལེགས་ཉེས་བྱེད་པ་མོ༔ ལྷ་མོ་ཨུ་མ་དཱེ་ཝི་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྣང་སྲིད་ཡོངས་ཀྱི་གནོད་འཚེ་བཟློག༔ འདོད་པ་ཁམས་ཀྱི་དབང་ཆེན་པོ༔ ལྷ་ཆེན་ག་ཎ་པ་ཏི་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འདོད་ཁམས་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་གཉན་ཀླུ་ཡི་དབང་ཆེན་པོ༔ དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྣོད་བཅུད་བརྟན་གཡོའི་གནོད་འཚེ་བཟློག༔ སྣང་སྲིད་ཁ་ལོ་བསྒྱུར་བའི་ལྷ༔ དྲེགས་པའི་སྡེ་དཔོན་འབངས་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དྲེགས་པ་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང་༔ དེ་འཁོར་ལྷ་དང་ལྷ་མོ་ཡིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་དང་ལྷ་མོའི་གནོད་འཚེ་བཟློག༔ ལྷ་མིན་དབང་པོ་ཐག་བཟང་རིས༔ ལྷ་མིན་ཕོ་མོ་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་མིན་ཡོངས་ཀྱི་གནོད་འཚེ་བཟློག༔ མི་ཡི་དབང་པོ་འཁོར་ལོས་སྒྱུར༔ དགྲ་ལྷ་ཡུལ་ལྷའི་ཚོགས་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་རྣམས་ཡོངས་ཀྱི་གནོད་འཚེ་བཟློག༔ བྱོལ་སོང་དབང་པོ་སེང་རབ་བརྟན༔ དེ་འཁོར་ཡང་འཁོར་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བྱོལ་སོང་ཡོངས་ཀྱི་གནོད་འཚེ་བཟློག༔ ཡི་དྭགས་དབང་པོ་ཁ་འབར་མ༔ དེ་འཁོར་བྲན་འབངས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཡི་དྭགས་ཡོངས་ཀྱི་གནོད་འཚེ་བཟློག༔ དམྱལ་བའི་དབང་པོ་ཆོས་ཀྱི་རྒྱལ༔ དེ་འཁོར་གཤིན་རྗེའི་སྡེ་ཚོགས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམྱལ་བ་ཡོངས་ཀྱི་གནོད་འཚེ་བཟློག༔ ལྷ་ཆེན་ཚངས་པ་དཀར་པོ་དང་༔ ལྷ་དམག་བྱེ་བ་བསམ་ཡས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དཀར་པོ་ལྷ་ཡི་གནོད་འཚེ་བཟློག༔ བཙན་རྒོད་ཡམས་ཤུད་སྲོག་བདུད་པོ༔ བཙན་དམག་བྱེ་བ་འབུམ་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམར་པོ་བཙན་གྱི་གནོད་འཚེ་བཟློག༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ འཁོར་ཚོགས་དམག་དང་དཔུང་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འཆི་བདག་གཤིན་རྗེའི་གནོད་འཚེ་བཟློག༔ སྲོག་བདག་པེ་ཧར་རྒྱལ་པོ་དང་༔ དེ་འཁོར་ཡང་འཁོར་དཔུང་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྲོག་བདག་རྒྱལ་པོའི་གནོད་འཚེ་བཟློག༔ མ་མོ་སྲིད་པའི་རྒྱལ་མོ་ཆེ༔ སྤྲུལ་པ་འབངས་འཁོར་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྲིད་པ་མ་མོའི་གནོད་འཚེ་བཟློག༔ གནོད་སྦྱིན་ཀཱ་ལ་ཡཀྴ་ནི༔ རབ་འཇིགས་དྲེགས་པའི་འཁོར་གྱིས་བསྐོར༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་སྲུན་གནོད་སྦྱིན་གནོད་འཚེ་བཟློག༔ བདུད་པོ་སྐོས་རྗེ་བྲང་དཀར་ནི༔ རབ་འཇིགས་དྲག་པོའི་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ནག་པོ་བདུད་ཀྱི་གནོད་འཚེ་བཟློག༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ འཁོར་འབངས་སྣང་སྲིད་ཀླུ་ཡི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གཏུམ་པོ་ཀླུ་ཡི་གནོད་འཚེ་བཟློག༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོངས༔ འཁོར་འབངས་སྡེ་རིགས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འགོང་པོ་ཐེའུ་རང་གནོད་འཚེ་བཟློག༔ བགེགས་རྒྱལ་བི་ན་ཡ་ག་ཡི༔ འབངས་འཁོར་སྡེ་རིས་བཅས་རྣམས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བགེགས་རིགས་ཡོངས་ཀྱི་གནོད་འཚེ་བཟློག༔ ས་བདག་འཁོར་ལོས་སྒྱུར་བའི་རྒྱལ༔ གཉན་དང་ཡུལ་ལྷ་གཞི་བདག་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གཉན་དང་གཞི་བདག་གནོད་འཚེ་བཟློག༔ ལྷ་ཆེན་དགྲ་བླ་བཅུ་གསུམ་པོ༔ འགོ་ཞིང་སྐྱོབ་པའི་ལྷ་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷ་སྲུང་ཡོངས་ཀྱི་གནོད་འཚེ་བཟློག༔ ཧཱུྃ༔ ལྷ་ཆེན་སྤྲུལ་པའི་བཀའ་སྡོད་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ བནྡྷེ་སྔགས་པའི་བྱད་ཁ་བཟློག༔ གཡུང་དྲུང་བོན་གྱི་བྱད་ཁ་བཟློག༔ མུ་སྟེགས་ནག་པོའི་མཐུ་ནུས་བཟློག༔ མཐའ་མི་ཀླ་ཀློའི་བྱད་ཁ་བཟློག༔ སྐྱེས་པ་ཕོ་ཡི་དམོད་བྱད་བཟློག༔ ཟ་མ་མོ་ཡི་དམོད་བྱད་བཟློག༔ བྱིས་པ་ཆུང་གི་དམོད་བྱད་བཟློག༔ ལེགས་པར་སྨོན་པའི་བྱད་ཁ་བཟློག༔ ངན་པར་སྨོན་པའི་བྱད་ཁ་བཟློག༔ ཕ་མ་སྤུན་ཟླའི་གེགས་སྲི་བཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག༔ ཟ་འདྲེ་ཕུང་སྲི་ཤི་སྲི་བཟློག༔ གྲོང་འདྲེ་ཡུལ་འདྲེ་ཐམས་ཅད་བཟློག༔ མི་ཡི་ན་ཚ་རིམས་ཡམས་བཟློག༔ ཕྱུགས་ཀྱི་གོད་ཁ་འགོང་གཤེད་བཟློག༔ མུ་གེ་བསེ་རག་བྱུར་འདྲེ་བཟློག༔ ཉེ་བ་ཡོངས་ཀྱི་ཉེ་འདྲེ་བཟློག༔ ཕུ་ནུ་ཡོངས་ཀྱི་རུས་འདྲེ་བཟློག༔ གྲི་ཁ་མཚོན་ཁ་ཐམས་ཅད་བཟློག༔ ལྟས་ངན་མཚན་ངན་རྨི་ངན་བཟློག༔ མོ་རྩིས་རྟེན་འབྲེལ་ངན་པ་བཟློག༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་བཟློག༔ གཅན་གཟན་གདུག་པའི་ཟ་ཁ་བཟློག༔ གཟུགས་ཅན་སྐྱེ་འགྲོའི་རྒོལ་འཚེ་བཟློག༔ གཟུགས་མེད་ལྷ་འདྲེའི་རྒོལ་འཚེ་བཟློག༔ མི་མཐུན་མི་འདོད་ཕྱོགས་རྣམས་ཀུན༔ བསྟན་དགྲ་དམ་ཉམས་སྟེང་དུ་བཟློག༔ སྡང་བར་བྱེད་པའི་དགྲ་ལ་བཟློག༔ གནོད་པར་བྱེད་པའི་བགེགས་ལ་བཟློག༔ ཟ་བར་བྱེད་པའི་འདྲེ་ལ་བཟློག༔ ཕུང་བར་བྱེད་པའི་སྲི་ལ་བཟློག༔ བསླབ་སློབ་དམ་ཉམས་སྟེང་དུ་བཟློག༔ བྲན་གཡོག་ངོ་ལོག་སྟེང་དུ་བཟློག༔ དཀོན་མཆོག་གསུམ་གྱི་བདེན་པས་བཟློག༔ རྩ་གསུམ་རྒྱ་མཚོའི་མཐུ་ཡིས་བཟློག༔ བཀའ་སྲུང་དྲེགས་པའི་སྟོབས་ཀྱིས་བཟློག༔ ཆོས་ཉིད་རྣམ་དག་བདེན་པས་བཟློག༔ རྟེན་འབྲེལ་བསླུ་མེད་བདེན་པས་བཟློག༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་པ་རི་ཝཱ་ར་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ༔ བྷྱོ་བྷྱོ༔ བཟློག་བཟློག༔ དཀོན་མཆོག་རྩ་གསུམ་དཔང་བཙུགས་ཏེ༔ ལྷ་ཆེན་འཁོརབཅས་ཡིད་ལ་བྱས༔ སྤྲུལ་དང་ཡང་སྤྲུལ་དཔག་མེད་པས༔ བཟློག་འགྱུར་དྲག་པོའི་ལས་བྱེད་པར༔ བསམ་ཞིང་འདི་བརྗོད་ཉེས་ཚོགས་བཟློག༔ དགེ་ལེགས་ཡོན་ཏན་གོང་འཕེལ་བྱེད༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་བཀའ་ལོག་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།