ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་སྐོར་ལས༔ ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར༔

From Dudjom Wiki
TTDL-ZABTER-08-NYA-028
Wylie title zab gsang mkha' 'gro'i snying thig las: lha chen dbang phyug chen po'i sgrub skor las: lha min grong khyer 'dul ba'i las sbyor: TTDL-ZABTER-08-NYA-028.pdf
Location bdud 'joms gling pa zab gter
Volume 8, Text 28, Pages 221-250 (Folios 1a1 to 15b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen dbang phyug chen po'i sgrub skor las lha min grong khyer 'dul ba'i las sbyor. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 221-250. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las sbyor   Verso: bdud 'joms bka' srung lha chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་སྤྱན་དྲངས་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs nas spyan drangs te mi lo nyer bzhi'i bar du bka' rgya byas mthar rang slob dam pa mkhyen rab rgya mtshos bskul ngor gtan la phab pa'i yi ge pa yang de nyid do/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་སྐོར་ལས༔ ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གྲུ་གསུམ་ཁྱོན་ཡངས་བྲུབ་ཁུང་ནག་པོ་ཡི༔ ཁ་ཁྱེར་རྩང་གི་ར་བས་བསྐོར་བར་བྱ༔ དེ་ནང་དབུས་སུ་མི་ནག་ཕོ་མོ་གཉིས༔ མཐའ་བསྐོར་མི་ནག་མི་དམར་མི་དཀར་ཚོགས༔ དམག་གི་དཔུང་བཞིན་བྲུབ་དོང་འགེངས་པར་བྱས༔ དུག་ཤོག་ངོས་ལ་འདི་བྲིས་གཙོ་བོ་ལྔའི༔ དབུས་ནས་བསྟན་ལ་རྒོལ་ཞིང་འཚེ་བའི་མཐའ་མི་ཀླ་ཀློ་ལྟ་ལོག་རྫས་སྔགས་མཁན་གྱི་བླ་སྲོག་ནུས་པ་ཐམས་ཅད་སུ་ནྲྀཿཁུག་ཛཿཤར་ནས་བསྟན་ལ་རྒོལ་ཞིང་འཚེ་བའི་མཐའ་མི་སོགས༔ ལྷོ་ནས་བསྟན་ལ་རྒོལ་སོགས༔ ནུབ་ནས་བསྟན་ལ་སོགས༔ བྱང་ནས་བསྟན་ལ་སོགས༔ ཞེས་ནྲྀཿཡིག་གི་མཐའ་བསྐོར་ཏེ་བྲིས་ལ་དེ་མཐར་ཛ་ཁྲམ་གྱིས་བསྐོར༔ སྙིང་གར་གཞུག་སྟེ་དུག་དང་ཁྲག་གིས་བྱུགས༔ གདབ་པའི་ཐུན་མཚོན་སྣ་ཚོགས་བསགས་བྱས་ནས༔ གཟི་བྱིན་བསྐྱེད་ཅིང་སྔགས་ཀྱི་ངར་ཡང་བླུད༔ ཞག་བདུན་བར་དུ་བསྐུལ་རྦད་འགུགས་གཞུག་བྱས༔ མཐར་ནི་བསད་སྔགས་ཀྱིས་ཐུན་བྲབ༔ དེ་མཐར་ཕུང་གསུམ་བདུད་ཀྱི་ཉི་མ་ལ༔ ལོ་བདུད་ཕྱོགས་སུ་བྲུབ་ཁུང་བཞག་བྱས་ལ༔ རྡོ་རྗེ་ཐུན་མཚོན་དག་གིས་གདབ་ཅིང་བརླག༔ དེ་ནས་ཁྲག་སྐྱེམས་བཤམས་ལ་གཟུ་དཔང་བྱ་བ་ལ༔ ཀྱཻ༔ གསོན་ཅིག་གཟིགས་ཤིག་དགོངས་ཤིག་དཀོན་མཆོག་གསུམ༔ བྱིན་རླབས་རྩ་བ་དྲིན་ཆེན་བླ་མ་དང་༔ དངོས་གྲུབ་རྩ་བ་ཡི་དམ་རྒྱལ་བའི་ཚོགས༔ བསྙེན་སྒྲུབ་རྩ་བ་མ་དང་མཁའ་འགྲོ་དང་༔ ཕྲིན་ལས་རྩ་བ་བཀའ་སྲུང་ཆོས་སྐྱོང་བཅས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ བདུད་སྡེ་ཀླ་ཀློས་རྒྱལ་བསྟན་ཐབས་ཀྱིས་བསྣུབས༔ རྣམ་དཀར་བྱང་སེམས་མྱུ་གུ་སད་ཀྱིས་བསྐམ༔ ཐར་པའི་ཐེམ་སྐས་གནམ་ལྕགས་སྟྭ་རེས་བཅད༔ བདེ་སྟོང་ཉི་མ་སྡུག་བསྔལ་སྤྲིན་གྱིས་བསྒྲིབས༔ མི་འདོད་ཉེས་ཚོགས་ཡོ་ལངས་རླུང་ལྟར་འཚུབས༔ འདི་འདྲའི་ལས་དང་སྐལ་ངན་གྱིས་གདུང་ནས༔ བརྒྱུད་འཛིན་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ བླ་མ་དཀོན་མཆོག་གསུམ་ལ་རེ་ལྟོས་བྱ༔ ལྷ་དང་སྲུང་མ་གཉན་པོར་འོ་དོད་འབོད༔ སྐྱབས་མགོན་དཔུང་གཉེན་མཛད་པའི་དུས་ལ་བབ༔ དཀོན་མཆོག་གསུམ་གྱི་གཟུ་དང་དཔང་པོར་མཛོད༔ རྩ་གསུམ་རྒྱ་མཚོ་གཟུ་དང་དཔང་མཛད་གསོལ༔ བཀའ་སྲུང་དམ་ཅན་གཟུ་དང་དཔང་ལ་དགོངས༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་ལ་དགོངས༔ ཡུལ་ལྷ་གཞི་བདག་གཟུ་དང་དཔང་ལ་དགོངས༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཀུན༔ མ་ཉེས་རང་སར་བདེ་བར་འདུག་པ་ལ༔ དགྲ་འདྲེས་རྒོལ་བ་ངན་པས་བདེ་མ་སྟེར༔ ཡང་དག་དམ་པའི་ཆོས་ལམ་འཇུག་འདོད་ཀྱང་༔ བདུད་དང་ལོག་འདྲེན་རྒོལ་བས་བསྒྲུབ་མ་སྟེར༔ དཀོན་མཆོག་བསྟན་པའི་གངས་རི་ལྷུན་པོ་ལ༔ ཀླ་ཀློས་ལོག་སྤྱོད་དུས་མཐའི་མེ་བཞིན་སྦར༔ མཆོག་གསུམ་རྩ་གསུམ་ལྷ་ཡི་གཟུ་དཔང་མཛོད༔ བསྟན་འགྲོའི་བདེ་ལེགས་ཟླ་རྒྱས་བཞིན་བཟང་ལ༔ མཐའ་མི་བདུད་སྡེས་རྒོལ་བ་སྤྲིན་བཞིན་གཡོས༔ མུན་གླིང་ལྟ་བུར་གསལ་བའི་ཞལ་མི་མངོན༔ རྩ་གསུམ་སྲུང་མ་གཉན་པོས་གཟུ་དཔང་མཛོད༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་ཕོ་མོ་ཀུན༔ སྒོ་གསུམ་མ་ཉེས་རི་དྭགས་བཞིན་གནས་ཀྱང་༔ དགྲ་འདྲེ་ལང་བའི་ཁྱི་བྲན་ལྟ་བུར་སྡང་༔ མགོན་མེད་གཅེར་བུ་བྱང་ཐང་ལ་བོར་ལྟར༔ སྐྱབས་གནས་དཔུང་གཉེན་བྲལ་བ་ཉམ་ཐག་པ༔ ལྷ་དང་སྲུང་མ་རྣམས་ཀྱིས་མ་གཟིགས་སམ༔ བདག་སོགས་ཐུགས་རྗེས་ཡལ་བར་འདོར་སྲིད་ན༔ ཚེ་འདིར་ལྷ་སྲུང་བསྒྲུབ་པ་དོན་རེ་ཆུང་༔ དཀོན་མཆོག་རྩ་གསུམ་སྲུང་མས་གཟུ་དཔང་མཛོད༔ བསླུ་འམ་མི་བསླུ་མགོན་པོ་ཁྱེད་ཀྱིས་དགོངས༔ དམ་ཆོས་སྒྲུབ་ལ་སྙིང་པོ་མཆིས་སྲིད་ན༔ བཀའ་སྲུང་དྲེགས་པའི་དམག་དཔུང་ལས་ལ་ཁོལ༔ བསྟན་པའི་དགྲ་བོ་དོ་ནུབ་ཉིད་དུ་སོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་མེད་ཀྱིས༔ དགྲ་འདྲེ་གདོན་ཚོགས་མ་ལུས་ཐལ་བར་རློག༔ སྡུག་བསྔལ་ཉེར་འཚེའི་ཡོ་ལངས་བཟློག་པར་མཛོད༔ མཁྱེན་བརྩེ་ནུས་པའི་སྟོབས་དང་ཤུགས་ཕྱུངས་ཤིག༔ དཔའ་སྐྱེམས་དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ ཤ་ཁྲག་རུས་པའི་གཏོར་མ་འདི་འབུལ་རོལ༔ བཅོལ་བའི་ཕྲིན་ལས་མཛོད་ཅིག་ས་མ་ཡ༔ དེ་ནས་ཁྲག་སྐྱེམས་ཕྱི་ལ་དོར༔ སླར་ཡང་གསེར་སྐྱེམས་གཏོར་མ་བཤམས༔ ཀྱཻ༔ གསོན་ཅིག་དགོངས་ཤིག་དཀོན་མཆོག་རྩ་གསུམ་ལྷ༔ བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་གཞི་བདག་རྣམས༔ མ་ལུས་འཁོར་བཅས་བདག་ལ་དགོངས་སུ་གསོལ༔ དུས་ངན་བསྐལ་པའི་མར་གཤམ་སྙིགས་དུས་འདིར༔ འགྲོ་བའི་སྡུག་བསྔལ་འདི་ཉིད་མཁྱེན་པར་གསོལ༔ ནག་ཕྱོགས་གདུག་པའི་བདུད་སྡེ་ཁ་དར་ནས༔ དཀར་ཕྱོགས་སྟོབས་ཉམས་ཕྲ་བ་མཁྱེན་པར་གསོལ༔ མཐའ་མི་དབུས་སུ་ཕྱུར་ལ་ཆས་པ་ཡིས༔ བསམ་སྦྱོར་ངན་པའི་ལས་འདི་མཁྱེན་པར་གསོལ༔ ཟོལ་མེད་དོན་གྱི་རྣལ་འབྱོར་དམ་པ་ལ༔ ཟོག་པོས་གཤེ་ཞིང་སྡང་བ་མཁྱེན་པར་གསོལ༔ ཆོས་བཞིན་སྤྱོད་པའི་སྐྱེས་བུ་དམ་པ་ལ༔ ཆོས་མིན་ལོག་ལྟས་བརྙས་པ་མཁྱེན་པར་གསོལ༔ རྒྱལ་བའི་གདུང་འཛིན་མཆེད་དང་ལྕམ་དྲལ་ལ༔ དམ་ཉམས་སེར་གཟུགས་རྨ་འབབ་མཁྱེན་པར་གསོལ༔ སྒྲུབ་པ་ལྷུར་ལེན་སྔགས་ཀྱི་སྐྱེས་བུ་ལ༔ བདུད་པོ་སྔགས་བརྫུས་འགྲན་བཙུག་འདི་མཁྱེན་གསོལ༔ ལྷ་དང་སྲུང་མ་འགྲུབ་པའི་སྔ་ཐོག་ཏུ༔ སྒབ་འདྲེས་སྔོན་རྒྱུགས་བྱེད་པ་འདི་མཁྱེན་གསོལ༔ སྒྲུབ་ཀྱང་མི་འགྲུབ་རྦད་ཀྱང་མི་མཆུན་པའི༔ དམ་ཅན་དམ་ལ་གཡེལ་བ་འདི་མཁྱེན་གསོལ༔ གསོལ་ཀྱང་ཆུད་ཟོས་མཆོད་ཀྱང་དོན་མེད་པའི༔ བཀའ་སྲུང་བཀའ་ལས་འདས་པ་འདི་མཁྱེན་གསོལ༔ ཆོས་བྱེད་ལ་འཁུ་སྡིག་སྤྱོད་སྐྱོང་བ་ཡི༔ ནག་ཕྱོགས་གཞི་བདག་འདི་རྣམས་མཁྱེན་པར་གསོལ༔ ཆོས་བྱེད་བན་བཙུན་ཆད་པས་མནར་བ་ཡི༔ སྡིག་པའི་རྗེ་དཔོན་འདི་རྣམས་མཁྱེན་པར་གསོལ༔ བསྟན་འགྲོའི་མགོན་པོ་དག་གི་རྐང་འདྲེན་པའི༔ གྲུབ་བརྫུ་བསླུ་བ་མཁན་རྣམས་མཁྱེན་པར་གསོལ༔ ཉེས་མེད་དག་གིས་དཀོར་ནོར་རྐུ་འཕྲོག་པའི༔ མི་སྲུན་སྐྱེ་བོ་འདི་དག་མཁྱེན་པར་གསོལ༔ བསྟན་གཞི་དགོན་པའི་ཆོས་ཁྲིམས་བཤིག་པ་ཡི༔ བན་སྔགས་ཆོས་དྲེད་འདི་རྣམས་མཁྱེན་པར་གསོལ༔ སྐྱེ་འགྲོའི་བསོད་ནམས་ཕྱུགས་ནོར་ལོ་ཐོག་ལ༔ སྡང་ཞིང་ཟ་བའི་འདྲེ་གདོན་འདི་མཁྱེན་གསོལ༔ བོད་ཁམས་བདེ་ལེགས་ལོངས་སྤྱོད་ཆོས་སྲིད་ལ༔ བར་ཆད་ཡོ་ལངས་གཡོ་བ་འདི་མཁྱེན་གསོལ༔ ངེད་ཅག་རྣལ་འབྱོར་མ་ཉེས་འདུག་པ་ལ༔ གཤེ་ཞིང་རྒོལ་བའི་དགྲ་འདྲེ་འདི་མཁྱེན་གསོལ༔ ཆོས་སྐྱོང་ཆོས་སྤྱོད་དཀར་པོའི་རྗེ་འབངས་ཀྱི༔ དབུ་འཕང་ཤིན་ཏུ་ཉམས་དམའ་འདི་མཁྱེན་གསོལ༔ ཡུལ་སྡེ་རྒྱལ་ཁབ་མཚོ་བཞིན་མི་འཁྲུག་པར༔ ཁྲག་ལྟར་དཀྲུགས་པའི་སྨོན་ལོག་འདི་མཁྱེན་གསོལ༔ མི་ཕྱུགས་ནད་མེད་བདེ་བར་འཚོ་བ་ལ༔ ནད་རིམས་གོད་ཡམས་འགྱེད་པ་འདི་མཁྱེན་གསོལ༔ ཕན་ཚུན་བྱམས་དང་བརྩེ་བར་གནས་པ་ལ༔ བྱེ་བྲལ་བྱེད་པའི་དབྱེན་མ་འདི་མཁྱེན་གསོལ༔ འགྲོ་ལ་ཕན་པས་བསམ་སྤྱོད་བྱེད་པ་ལ༔ བར་ཆད་བྱེད་པའི་དགྲ་བགེགས་འདི་མཁྱེན་གསོལ༔ མཁྱེན་བཞིན་དེ་དག་གང་ལ་གང་འདུལ་གྱིས༔ ཕྲིན་ལས་སྣ་ཚོགས་འགྱེད་པའི་དུས་ལ་བབ༔ སྤྲུལ་པ་སྣ་ཚོགས་འགྱེད་པའི་དུས་ལ་བབ༔ ཐབས་རྣམས་དུ་མ་སྟོན་པའི་དུས་ལ་བབ༔ ཚུལ་མིན་ལོག་པར་ལྟ་བའི་བསྟན་དགྲ་དང་༔ ཡོངས་ལ་འཚེ་བའི་མི་སྲུན་དགྲ་འདྲེ་ལ༔ བསླུ་མེད་མཆོག་གསུམ་བཀའ་ཡི་ཆད་པས་ཆོད༔ རྟེན་མཆོག་རྩ་གསུམ་བཀའ་ཆད་གཉན་པོ་ཕོབས༔ བཀའ་སྲུང་དྲེགས་ཚོགས་མངོན་སྤྱོད་དྲག་ལས་མཛོད༔ ཁྱད་པར་མཆོག་གསུམ་རྩ་གསུམ་རྒྱ་མཚོ་ཡིས༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ནུས་བྱིན་དང་༔ ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས༔ ལྷ་ཆེན་དབང་ཕྱུག་ཚོགས་བདག་དཔལ་མགོན་སྡེ༔ སྣང་སྲིད་སྡེ་བརྒྱད་དྲེགས་པ་ཕོ་མོའི་ཚོགས༔ མ་ལུས་བདག་གིས་དབང་དུ་སྡུས་པ་དང་༔ བྲན་དང་ལས་ཁོལ་བཅོལ་ལས་གྲུབ་མཛོད་ཅིག༔ གསེར་སྐྱེམས་ཁྲག་སྐྱེམས་ཤ་རུས་གཏོར་མ་འདི༔ ལྷ་དང་སྲུང་མར་ལས་ཀྱི་བརྔན་དུ་འབུལ༔ བཞེས་ནས་མངོན་སྤྱོད་ཕྲིན་ལས་ཐོགས་མེད་སྒྲུབས༔ ཁྱད་པར་དོ་ནུབ་ནམ་གྱི་གུང་ཐུན་ལ༔ དགྲ་བོའི་བླ་འཁྱམས་བྱིའུ་ཆུང་གཟན་རྒྱུ་ལྟར༔ ཕོ་ཉ་ཁྲ་གླག་ལྟ་བུའི་རྩལ་ཤུགས་ཀྱིས༔ གང་དུ་མ་ཤོར་སྤར་གྱིས་ཐོབ་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་དབྱེར་མེད་བསྟིམས༔ མ་གཡེལ་མ་འགྱངས་སྐད་ཅིག་ད་ལྟ་ཉིད༔ ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔ དེ་ནས་ཁྲག་སྐྱེམས་གཏོར་མ་བཤམས་ལ༔ ཧཱུྃ་ཛཿདཀོན་མཆོག་གསུམ་ལ་རྟེན་བྱ་ཞིང་༔ རྩ་གསུམ་ལྷ་ཚོགས་དཔང་དུ་བཙུག༔ བཀའ་སྲུང་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ཚིག་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ ཕོ་ཉ་མངགས་པའི་དུས་ལ་བབ༔ ལས་མཁན་སྤྲུལ་པའི་དུས་ལ་བབ༔ ནམ་གྱི་སྲོད་ཀྱི་ཕོ་ཉ་སྟེ༔ དབང་ཕྱུག་ཆེན་པོའི་སྐུའི་སྤྲུལ་པ༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ མི་སྲུན་རྔམས་འཇིགས་མཐིང་ནག་འབར༔ གཅེར་བུ་ལྕེ་སྤྱང་སྔོན་མོ་ཆིབས༔ མྱུར་མགྱོགས་གློག་དམར་བཞིན་དུ་རྒྱུ༔ བླ་འགུགས་ལྕགས་ཀྱུ་གཡས་ན་ཐོགས༔ བླ་ཆིངས་རླུང་གི་ཞགས་པ་འཕེན༔ ཕོ་ཉ་བཀའ་སྡོད་རྡུལ་ལྟར་འཁྲིགས༔ མྱུར་མགྱོགས་དྲག་པོའི་སྟོབས་ཤུགས་ཀྱིས༔ དོ་ནུབ་ནམ་གྱི་སྲོད་དུ་རྒྱུག༔ བརྣག་པའི་དགྲ་བོ་ཆེ་གེ་མོའི༔ བླ་འཁྱམས་ར་ལྟར་རྒྱུ་བ་ལ༔ ཕོ་ཉ་ཁྱི་སྤྱང་བཞིན་དུ་རྒྱུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ མཐུ་དང་སྟོབས་ནུས་བརྒྱལ་ཆིངས་མཛོད༔ བླ་རྟགས་ཙི་སྒྲ་འདོན་དུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་ཡ་མ་རཱ་ཙ་ས་མ་ཡ༔ དགྲ་བོ་ཆེ་གེ་མོ་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག་ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ བླ་འགུགས་ཅི་མང་བཟླའོ༔ ནམ་གྱི་ཕྱེད་དུ་གོང་བཞིན་དུ༔ ཧཱུྃ་ཛཿདཀོན་མཆོག་གསུམ་ལ་རྟེན་བྱ་ཞིང་༔ རྩ་གསུམ་ལྷ་ཚོགས་དཔང་ལ་བཙུག༔ བཀའ་སྲུང་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ཚིག་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ ཕོ་ཉ་མངགས་པའི་དུས་ལ་བབ༔ ལས་མཁན་སྤྲུལ་པའི་དུས་ལ་བབ༔ ནམ་གྱི་གུང་གི་ཕོ་ཉ་ནི༔ དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ནི༔ བདུད་རྗེ་སྲོག་ལེན་ནག་པོ་ཆེ༔ གཅེར་བུ་ཏེ་ལོ་ཀ་མ་ཞོན༔ གཡས་ན་བླ་འགུགས་ལྕགས་ཀྱུ་དང་༔ གཡོན་ན་བླ་འཛིན་རླུང་ཞགས་བསྣམས༔ མྱུར་མགྱོགས་སྐར་མདའ་བཞིན་དུ་རྒྱུ༔ སྤྲུལ་པ་སྐྱི་སེར་བཞིན་དུ་འཚུབས༔ མྱུར་མགྱོགས་དྲག་པོའི་སྟོབས་ཤུགས་ཀྱིས༔ དོ་ནུབ་ནམ་གྱི་གུང་ལ་རྒྱུགས༔ བརྣག་པའི་དགྲ་བོ་ཆེ་གེ་མོའི༔ བླ་འཁྱམས་ཤ་ལྟར་རྒྱུ་བ་ལ༔ ལས་མཁན་འཕར་དམག་ལྟར་དུ་ཁྱེས༔ རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ བླ་རྟགས་བཤུད་སྒྲ་འདོན་དུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ ནག་པོ་དུ་པ་རཱ་ཙ་ས་མ་ཡ༔ སོགས་ནམ་གྱི་ཐོ་རངས་ལའང་གོང་བཞིན་དུ༔ ཧཱུྃ་ཛཿདཀོན་མཆོག་གསུམ་ལ་རྟེན་བྱ་ཞིང་༔ རྩ་གསུམ་ལྷ་ཚོགས་དཔང་དུ་བཙུགས༔ བཀའ་སྲུང་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ཚིག་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ ཕོ་ཉ་མངགས་པའི་དུས་ལ་བབ༔ ལས་མཁན་སྤྲུལ་པའི་དུས་ལ་བབ༔ ཐོ་རངས་ལས་ཀྱི་ཕོ་ཉ་ནི༔ དབང་ཕྱུག་གསུང་གི་སྤྲུལ་པ་ལས༔ བཙན་བདུད་སྲོག་ལེན་དམར་པོ་ནི༔ གཅེར་བུ་མྱུར་མགྱོགས་སྲེ་མོང་ཆིབས༔ གཡས་ན་བླ་འགུགས་ལྕགས་ཀྱུ་ཐོགས༔ གཡོན་ན་བླ་འཛིན་ཞགས་པ་ཐོགས༔ ཕོ་ཉ་བུ་ཡུག་བཞིན་དུ་འཚུབས༔ དོ་ནུབ་ནམ་གྱི་ཐོ་རངས་རྒྱུག༔ བརྣག་པའི་དགྲ་བོ་ཆེ་གེ་མོའི༔ བླ་འཁྱམས་བྱིའུ་ལྟར་རྒྱུ་བ་ལ༔ བླ་བདུད་ཁྲ་གླག་བཞིན་དུ་རྒྱུག༔ རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ བླ་རྟགས་མཁུན་སྒྲ་འདོན་དུ་ཆུག༔ དུས་ལ་བབ་པོ་ས་མ་ཡ༔ རུ་ཙ་ཏྲི་ཧུར་ཐུམ་ས་མ་ཡ༔ སོགས་བླ་འགུགས་གྲངས་མང་དུ་བརྗོད་དོ༔ གཞན་ཡང་དུས་ནི་གང་རུང་ལ༔ ཕྱོགས་བཞིར་ཁྲག་གི་སྐྱེམས་མཆོད་ལ༔ ཧཱུྃ༔ དབང་ཕྱུག་སྐུ་ཡི་སྤྲུལ་པ་ནི༔ སྲིད་པ་དབུས་ཀྱི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་སྟེ༔ སྲིད་པ་ཤར་གྱི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་ཐུན་དལ་ཁ་ཕོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཡོན་ཏན་སྤྲུལ་པ་སྟེ༔ སྲིད་པ་ལྷོ་ཡི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་གསུང་གི་སྤྲུལ་པ་སྟེ༔ སྲིད་པ་ནུབ་ཀྱི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་སྟེ༔ སྲིད་པ་བྱང་གི་བདག་པོ་ཆེ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཕོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཐུགས་རྗེའི་རང་གཟུགས་གར༔ སྲིད་པ་ཤར་ལྷོའི་མཚམས་ཀྱི་བདག༔ འགུགས་པའི་ཕོ་ཉ་གློག་ལྟར་རྒྱུ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་བྱམས་པའི་གར༔ སྲིད་པ་ལྷོ་ནུབ་མཚམས་ཀྱི་བདག༔ འཆིང་བྱེད་ཕོ་ཉ་རླུང་ལྟར་རྒྱུ༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་དགའ་བའི་གར༔ སྡོམ་བྱེད་ཕོ་ཉ་ཆུ་ལྟར་འཁྲུགས༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་མངོན་སྤྱོད་གར༔ གསོད་བྱེད་ལས་མཁན་གློག་ལྟར་འཁྱུགས༔ ཡུམ་དང་སྤྲུལ་འཁོར་བྲན་འབངས་བཅས༔ མ་ལུས་ཤ་ཁྲག་སྐྱེམས་མཆོད་བཞེས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསྟན་ལ་རྒོལ་བའི་མཐའ་མིའི་ཚོགས༔ ཀླ་ཀློ་ཀྱ་སོགས་ཕུ་ལང་ཧོར༔ ལྟ་ལོག་བདུད་སྡེ་རྫས་སྔགས་མཁན༔ འགྲོ་བའི་བློ་ཡིད་བསླུ་བ་མཁན༔ མ་ལུས་ལུས་པ་མེད་པ་རུ༔ རི་དྭགས་རྒྱ་རུ་ཚུད་པ་ལྟར༔ མཐའ་ནས་ཆུམས་ལ་ཕྱོགས་ནས་བསྡུས༔ ལས་ཀྱི་བྲུབ་ཁུང་ནང་དུ་ཁུག༔ རྫས་སྔགས་ཏིང་འཛིན་ནུས་པ་དང་༔ མཐུ་དང་ནུས་པ་སྟོབས་དང་བཅས༔ མ་ལུས་ངར་མི་འདི་ལ་ཕོབས༔ མཐུ་དང་སྟོབས་ཀྱིས་བརྒྱལ་དུ་ཆུག༔ ནད་མུག་མཚོན་གྱི་དལ་ཁ་ཐོབས༔ གནོད་བྱེད་མཐུ་ནུས་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྤྲུལ་འཁོར་བཀའ་སྡོད་དྲེགས་པའི་སྡེ༔ མ་ལུས་སྐད་ཅིག་འདིར་གཤེགས་ལ༔ ཕྱི་རོལ་བདུད་སྡེ་བསྟན་དགྲའི་ཚོགས༔ ཀླ་ཀློ་མི་སྲུན་ཕི་ལིང་སྡེ༔ རྫས་སྔགས་ལོག་ལྟ་མཁན་སྡེ་འབངས༔ མ་ལུས་རི་ཤྭ་རླུང་ཁྱེར་བཞིན༔ རང་དབང་མེད་པར་དབང་བསྡུས་ལ༔ གཟུགས་ལིང་འདི་ལ་མྱུར་དུ་ཁུག༔ གཉིས་སུ་མེད་པར་བསྲེ་བསྟིམ་མཛོད༔ ལྷ་མིན་རྗེས་ཞུགས་ལུགས་སྤྱོད་པའི༔ ཆོས་མིན་ལོག་ལྟ་བདུད་ཀྱི་རིགས༔ མ་ལུས་ངར་གཟུགས་འདི་ལ་ཁུག༔ གཉིས་སུ་མེད་པར་མཉམ་དུ་སྒྲོལ༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བསྒྲལ་བའི་ལས་ཆོ་ག༔ ཨེཿཡཾཿརཾཿབཾཿལཾ༔ མདུན་དུ་ཨེཿནག་པོ་ལས་འོད་འཕྲོས་པས་འཛམ་བུའི་གླིང་གི་མཐའ་དབུས་ཐམས་ཅད་དུ་གནས་པའི་བསྟན་དགྲ་བདུད་སྡེ་ཐམས་ཅད་མཐའ་ནས་བསྡུས་ཏེ་དམིགས་པའི་རྟེན་ལ་བསྟིམ་པས་གཉིས་སུ་མེད་པར་གྱུར༔ གཞན་ཡང་སྣང་སྲིད་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་བྱེད་སྤྲུལ་པའི་ཕོ་ཉ་བསམ་ཡས་པས་ཡོངས་སུ་གང་ཞིང་ཡོངས་སུ་ཁྱབ་ནས་དགྲ་བགེགས་བསྟན་དགྲ་ལྷ་སྲུང་དང་བཅས་པ་ཐམས་ཅད་ནམ་མཁའ་ནས་བྱིའུ་ཆུང་ཁྲ་ཡིས་དེད་པ་དང་༔ བར་སྣང་ཁམས་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་༔ ས་གཞི་ནས་ར་ལུག་སྤྱང་ཀིས་དེད་པ་བཞིན་དུ་རང་དབང་མེད་པར་བཀུག་ནས་དམིགས་པའི་རྟེན་ལ་ཐིམ་པར་བསམ༔ དེ་ནས་འགུགས་གཞུག་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བཀའ་བདེན་པ་དང་༔ ལྷ་ཆེན་དབང་ཕྱུག་ལེགས་ལྡན་ནག་པོ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་རྣམས་ཀྱི་མཐུ་སྟོབས་ནུས་རྩལ་དྲག་པོའི་བདེན་པས་བསྟན་དགྲ་ཀླ་ཀློ་མཐའ་སོགས་ཕི་ལིང་རྫས་སྔགས་ཏིང་འཛིན་མཐུ་ནུས་དང་བཅས་པ་ཐམས་ཅད་ལས་ཀྱི་ངར་མི་འདི་ལ་ཁུག་ཅིག༔ ཅེས་འགུགས་གཞུག་གྲངས་མང་བརྗོད་མཐར༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ཤར་གྱི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཆེན་པོའི་ཐུགས་སྤྲུལ་པ༔ ཤར་ཕྱོགས་འཇིགས་བྱེད་སྦྲུལ་གྱི་གདོང་༔ རྩལ་ལྡན་སྟག་མོ་གྲུས་མ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ཤར་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ ཤར་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ཤར་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཐལ་རྡུལ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ལྷོ་ཡི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཡོན་ཏན་སྤྲུལ་པ་ལས༔ ལྷོ་ཕྱོགས་འཇིགས་བྱེད་རྟ་ཡི་གདོང་༔ རྩལ་ལྡན་སེངྒེ་དཀར་པོ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ལྷོ་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ ལྷོ་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ལྷོ་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱིས་ལྷ༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ མ་ལུས་འདིར་གཤེགས་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ནུབ་ཀྱི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་གསུང་གི་སྤྲུལ་པ་ལས༔ ནུབ་ཕྱོགས་གཡོ་འཇིགས་བྱ་རྒོད་གདོང་༔ དཔའ་རྩལ་སྟོབས་ལྡན་གཟིག་ལ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ནུབ་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ ནུབ་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པའི་དེ་ཡི་དུས་ལ་བབ༔ ནུབ་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྦུར་མ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ བྱང་གི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ བྱང་ཕྱོགས་གཡོ་འཇིགས་ཁྱི་ཡི་གདོང་༔ དཔའ་རྩལ་སྟོབས་ལྡན་དོམ་ནག་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ བྱང་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ བྱང་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ བྱང་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྐྱེད་སྤུར་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ཤར་ལྷོའི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ ཤར་ལྷོར་རབ་འཇིགས་སྡིག་པའི་གདོང་༔ མྱུར་མགྱོགས་དུང་གི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ཤར་ལྷོར་ཁྱབ་པར་རྒྱུ་ཞིང་རྒྱུག༔ ཤར་ལྷོའི་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ཤར་ལྷོའི་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཐལ་རྡུལ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ལྷོ་ནུབ་མཚམས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ ལྷོ་ནུབ་རབ་འཇིགས་ཕག་གི་གདོང་༔ མྱུར་མགྱོགས་གསེར་གྱི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ལྷོ་ནུབ་ཁྱབ་པར་རྒྱུ་ཞིང་རྒྱུག༔ ལྷོ་ནུབ་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ལྷོ་ནུབ་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ ནུབ་བྱང་མཚམས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ ནུབ་བྱང་རབ་འཇིགས་ཁྱུང་གི་གདོང་༔ མྱུར་མགྱོགས་ཟངས་ཀྱི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ ནུབ་བྱང་ཁྱབ་པར་རྒྱུ་ཞིང་རྒྱུག༔ ནུབ་བྱང་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ ནུབ་བྱང་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྦུར་མ་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ བྱང་ཤར་མཚམས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་ཕྲིན་ལས་སྤྲུལ་པ་ལས༔ བྱང་ཤར་རབ་འཇིགས་དྲེད་ཀྱི་གདོང་༔ མྱུར་མགྱོགས་ལྕགས་ཀྱི་ཁྱི་མོ་ཞོན༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ བྱང་ཤར་ཁྱབ་པར་རྒྱུ་ཞིང་རྒྱུག༔ བྱང་ཤར་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ བྱང་ཤར་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ སྐྱེད་སྤུར་རླུང་གིས་བསྐྱོད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ སྟེང་གི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་སྐུ་ཡི་སྤྲུལ་པ་ལས༔ སྟེང་ཕྱོགས་རབ་འཇིགས་གླང་ཆེན་གདོང་༔ ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ སྟེང་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ སྟེང་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ལྔ་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ སྟེང་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ མཐུ་སྟོབས་ནུས་པ་མེད་པར་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ བསྟན་དགྲ་ལྷ་སྲུང་དང་བཅས་རྣམས༔ འོག་གི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་དང་མིང་རུས་འདི་ལ་ཁུག༔ ཧཱུྃ༔ དབང་ཕྱུག་མངོན་སྤྱོད་སྤྲུལ་པ་ལས༔ འོག་ཕྱོགས་རབ་འཇིགས་ཆུ་སྲིན་གདོང་༔ ཆིབས་སུ་ལྕགས་སྤྱང་སྔོན་མོ་ཆིབས༔ དབུ་ནི་ལྔ་བརྒྱས་མི་ཤ་ཟ༔ སྤྱན་སྟོང་སྲིད་གསུམ་ལེགས་ཉེས་གཟིགས༔ ཕྱག་སྟོང་མཚོན་ཆས་འཁྲུལ་འཁོར་གཡོ༔ འོག་ཕྱོགས་ཁྱབ་པར་རྒྱུ་ཞིང་རྒྱུག༔ འོག་ཕྱོགས་སྲིད་པ་ཁ་ལོ་བསྒྱུར༔ སྤྲུལ་པའི་འབྱུང་ཁམས་མཆེད་སྡུད་བྱེད༔ སྤྲུལ་པ་དེ་ཡི་དུས་ལ་བབ༔ འོག་ཕྱོགས་བསྟན་དགྲ་ལྟ་ལོག་དང་༔ བདུད་དང་བདུད་ཀྱི་རིས་ཀྱི་ལྷ༔ ཉ་མོ་སྲམ་གྱིས་དེད་པ་བཞིན༔ མ་ལུས་འདིར་ཁུག་གཟུགས་ལ་ཕོབས༔ ལུག་ཁྱུར་སྤྱང་ཀི་ཞུགས་པ་བཞིན༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ ཤ་ཁྱུ་འཕར་བས་དེད་པ་ལྟར༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ ཤ་ཁྱིས་ཝ་རྦེ་དེད་པ་བཞིན༔ བསྟན་དགྲ་དབང་མེད་ཁུག་ལ་ཤོག༔ ནག་པོ་བདུད་སྡེ་འབངས་དང་བཅས༔ ཀླ་ཀློ་མཐའ་མི་བསྟན་པའི་དགྲ༔ མཐའ་དམག་མི་སྲུན་རྒོལ་བའི་རིགས༔ འགོ་བའི་ལྷ་དང་རྒྱབ་བརྟེན་དཔུང་༔ མཐའ་ནས་བསྡུས་ལ་གཅིག་ཏུ་དྲིལ༔ ལས་ཀྱི་ལིང་ག་འདི་ལ་ཁུག༔ མཐུ་རྩལ་སྟོབས་དང་ནུས་པ་ཆོམས༔ ཐར་འཆོར་མེད་པའི་བཙོན་དུ་ཟུངས༔ ལས་ཀྱི་ཕོ་ཉས་མཐའ་ནས་བསྐོར༔ གསོད་བྱེད་ཤན་པའི་ལས་མཛོད་ཅིག༔ ནད་མུག་མཚོན་ཐུན་ནུས་དབལ་ཐོབས༔ དམ་ལ་མ་འདའ་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་མ་ཡ༔ སྒོ་བཞིའི་བདུད་སྡེ་འགོང་ནག་བསྟན་དགྲ་ཐམས་ཅད་མཱ་ར་ཡ་ཁུག་ཛཿརྦད་ཛཿཐུཾ་རི་ལི་ལི་མཱ་ར་ཡ་སོད་སོད་ནན་ནན༔ ཞེས་བསྒྲལ་བ་ནས་འགུགས་བཅིང་དབྱེ་བཏུལ་ལས་བྱས་མཐར༔ ཟོར་གྱི་ལས་རིམ་བྱ་བའི་མཐར༔ བསྲེགས་པའི་ལས་རིམ་གྱིས་རྫོགས་བྱ༔ འདི་ལྟར་བསྒྲུབ་མཆོད་ལས་སྦྱོར་བཅས༔ བསྟན་གཞི་དགོན་གནས་ཐམས་ཅད་ཀྱི༔ ལོ་བཞིན་བརྩོན་ལས་བསྟན་དགྲ་སྒྲོལ༔ དེ་ཕྱིར་འདི་ལ་བརྩོན་པར་མཛོད༔ མཐའ་མི་ཀླ་ཀློའི་རྫས་སྔགས་མཐུས༔ བསྟན་གཞི་དགོན་གནས་ཐམས་ཅད་ལ༔ བབ་ལྟས་ཀུན་གྱིས་ཤེས་རྒྱུད་ལོག༔ དམ་སྡོམ་མི་བསྲུང་བླ་མར་གཤེ༔ ཁྲིམས་འཆལ་ཚོང་ཁེ་གཡོ་སྒྱུ་སྤྱོད༔ ཆོས་བྱེད་སྨད་ཅིང་སྡིག་བྱེད་བསྟོད༔ ཆོས་ཁྲིམས་བཤིག་ཅིང་ཕྲག་དོག་དང་༔ ཞེ་སྡང་ཁེ་རྒྱལ་དྲག་པ་གཅོད༔ དགེ་བཙུན་ཆོས་ལ་ཕྲག་དོག་དང་༔ ཕྱོགས་རིས་བྱེད་ཅིང་གཡུལ་འཁྲུགས་འགྱེད༔ གསོད་གཅོད་ལས་ཀྱི་དམ་པར་འཛིན༔ ཆོས་བྱེད་སྐྱེས་བུ་ཁྲིམས་ཀྱིས་མནར༔ ཆོས་མིན་བན་དྲེད་གཙོ་རུ་བསྔགས༔ ཐམས་ཅད་དེ་ཡི་རྗེས་སུ་ཞུགས༔ ཞེ་སྡང་དུག་སྦྲུལ་ལས་ཀྱང་འབར༔ འདོད་ཆགས་བྱ་སྦལ་ལས་ཀྱང་འཁྲིགས༔ ཕྲག་དོག་ཁྱི་བས་མེ་འབར་འཚུབས༔ ང་རྒྱལ་སེངྒེ་ལས་ཀྱང་དྲེགས༔ ཤེས་རྒྱུད་མ་རིག་མུན་པས་བཏུམ༔ དགོན་གནས་ཟེར་ཡང་དུག་སྦྲུལ་གྱི༔ ཁྲོད་ལྟར་ཐམས་ཅད་འཇིགས་པའི་གནས༔ དཔེར་ན་གཤེད་མ་མཐོང་བཞིན་དུ༔ གྱུར་པ་བདུད་ཀྱི་བསྟན་པ་ནི༔ དར་ཞིང་གནས་དེ་དབང་བསྒྱུར་ལྟས༔ གཞན་ཡང་ནད་མཚོན་མང་བ་དང་༔ ཆོས་བཞིན་སྤྱོད་པ་ཉུང་བ་ནི༔ མཐའ་མི་ཀླ་ཀློའི་མཐུ་ནུས་ལགས༔ དེ་དུས་ལྷ་མཆོག་འདི་མ་གཏོགས༔ གཞན་གྱིས་བཟློག་དང་བསྒྱུར་བར་དཀའ༔ ལྷ་མིན་མངའ་ཐང་རྒྱས་པའི་ཟིལ༔ སྐྱེ་འགྲོ་མི་ཡི་སྙིང་ལ་ཞུགས༔ ནག་པོའི་ལས་ཀ་དག་ལ་སྤྱོད༔ ལྷ་སྲིན་སྡེ་བརྒྱད་དེ་ལ་ཕྱོགས༔ ནག་ཕྱོགས་ལྷ་འདྲེའི་མགོ་འཕང་མཐོ༔ དཀར་ཕྱོགས་དབུ་འཕང་ཤིན་ཏུ་དམའ༔ དེ་ལྟར་སྡིག་སྤྱོད་སྐྱེས་བུ་ལ༔ བཀྲ་ཤིས་དགེ་ལེགས་ཁེ་རྒྱལ་ཐོབ༔ དེ་ཚེ་ཁམས་གསུམ་དབང་ཕྱུག་ཆེ༔ སྒྲུབ་ནས་ལས་གང་བརྩོན་བྱས་ཀྱང་༔ འདི་ནི་ཁམས་གསུམ་བདག་པོའི་ཕྱིར༔ གང་ལ་ཐོགས་མེད་བསམ་དོན་འགྲུབ༔ དེ་ཕྱིར་འདི་ལ་བརྩོན་པར་མཛོད༔ བཀའ་འདི་གནོད་སྦྱིན་དམར་ནག་ལ༔ གཏད་དོ་སྲུངས་ཤིག་ས་མ་ཡ༔ བསྟན་དགྲའི་སྲོག་གི་གཤེད་དུ་ཕོབས༔ བསྟན་འཛིན་སྐྱེས་བུའི་བསམ་དོན་སྒྲུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་སྤྱན་དྲངས་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།