ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འོད་གསལ་ཐིག་ལེའི་སྒྲུབ་པ་མཁའ་འགྲོའི་སྲོག་ཐིག༔

From Dudjom Wiki
TTDL-ZABTER-11-DA-015
Wylie title chos nyid nam mkha'i klong mdzod las: 'od gsal thig le'i sgrub pa mkha' 'gro'i srog thig: TTDL-ZABTER-11-DA-015.pdf
Location bdud 'joms gling pa zab gter
Volume 11, Text 15, Pages 283-302 (Folios 1a1 to 10b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las 'od gsal thig le'i sgrub pa mkha' 'gro'i srog thig. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 283-302. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: thod rgal   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Dzogchen - rdzogs pa chen po
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang 'od gsal rdzogs pa chen po'i rnal 'byor pa bdud 'joms rdo rje khro lod rtsal gyis chos nyid nam mkha'i klong mdzod las dag par phab pa'i yi ge'i ris byed pad+ma bkra shis so/__/dge'o/__/dge'o/__/dge'o//

[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འོད་གསལ་ཐིག་ལེའི་སྒྲུབ་པ་མཁའ་འགྲོའི་སྲོག་ཐིག་བཞུགས་སོ༔


(བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྗེས་བཟུང་ཕྱིར༔ མཁའ་འགྲོ་གསང་བའི་སྒྲུབ་པ་བསྟན༔ གསང་བའི་ཡང་གསང་གནད་ཀྱི་དོན༔ མན་ངག་བདུད་རྩིའི་ཐིག་པ་འདི༔ ཉམས་སུ་ལེན་པའི་དད་བརྩོན་ཅན༔ སྐལ་ལྡན་དེ་ཡི་སྐལ་བར་བསྔགས༔ ཐབས་ཤེས་ལྟོ་སྦྱོར་གདམས་ངག་དེ༔ སྔོན་འགྲོ་གཉན་ཁྲོད་བརྒྱ་རྩའི་རྗེས༔ གནས་ལུགས་རང་གཞིའི་ཞལ་མཐོང་ནས༔ དཀྱིལ་འཁོར་ཆེན་པོ་འདིར་འཇུག་བྱ༔ སྦྱོར་བ་སྔོན་སོང་དངོས་གཞི་ནི༔ བླ་མར་གསོལ་འདེབས་དབང་བཞི་བླངས༔ ཐུགས་ཡིད་བསྲེས་ཏེ་མཉམ་བཞག་མཐར༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བླ་མ་ཡི་དམ་མཁའ་འགྲོ་རྒྱལ་བ་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་རང་གི་སྒོ་གསུམ་ལ་ཐིམ་པར་བསམ༔ རང་རིག་སྐུ་གསུམ་ལྷུན་གྲུབ་རང་བྱུང་ཡེ་ཤེས་ཆེན་པོའི་རང་མདངས་ལས་གདངས་ཡེ་ཤེས་ལྔ་ཡི་འོད་དང་འོད་ཟེར་རབ་ཏུ་འབར་བའི་སྟོབས་ཀྱིས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ལན་ཚྭ་ཆུར་ཞུ་བ་ཅི་བཞིན་དུ་འོད་དང་འཇའ་ཚོན་གྱི་རང་བཞིན་ཆུ་ཟླ་ལྟར་གྱུར་པར་རིག་པ་ནི་ཀུན་གྱི་ཐོག་མར་གཅིག་ཏུ་ངེས་པའོ༔ ས་མ་ཡ༔ ལེའུ་སྟེ་དང་པོའོ༔ མཁའ་འགྲོ་དྲུག་གི་དང་པོ་ལ༔ གཙོ་མོ་ལྷུན་གྲུབ་ཀྱི་མཁའ་འགྲོའི་ཉམས་ལེན་ནི༔ རང་ཉིད་སྐད་ཅིག་གིས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར་བ་སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས་ཤིང་ཞལ་གདངས་མཆེ་བ་རབ་ཏུ་གཙིགས་པ་ཁྲོ་བོའི་གཉེར་མ་ཅན་ནུ་འབུར་པདྨོ་རྒྱས་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་ནས་ཞབས་གཉིས་ཀར་སྟབས་ཀྱིས་པད་ཉིའི་གདན་ལ་རོལ་པར་བསྒོམ་པའི་ཙིཏྟ་རིན་པོ་ཆེའི་སྦུབས་སུ་ཡེ་ཤེས་གསང་བའི་རྩ་མཆོག་རྟ་རྔ་བརྒྱད་གཤག་པའི་ཆ་གཅིག་ཙམ་པ་བ་མེན་གྱི་རྭ་ལྟ་བུ་མིག་གི་ཨ་འབྲས་ལ་ཟུག་ཅིང་ཁ་ཕྱེས་པ་ཁ་དོག་དཀར་ལ་གསལ་བ་འོད་དང་ལྡན་པའི་ནང་དུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ཤེལ་ལ་ཉི་མ་ཕོག་པ་ལྟ་བུའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་གོར་མོའི་ཆུ་ལ་རྡོ་བསྐྱུར་བ་ལྟ་བུའི་གོ་མཚམས་སུ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྣམ་པར་གསལ་ལ༔ ཆོས་སྐུ་ཀུན་ཏུ་བཟང་མོ་ལོངས་སྐུ་རྡོ་རྗེ་ཕག་མོ་སྤྲུལ་སྐུ་ཁྲོས་མ་ནག་མོ་ལ་སོགས་པའི་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཉི་མ་འབུམ་བརྡལ་གྱི་འོད་ཕུང་དཀར་དམར་མཐིང་གསུམ་གྱི་རྣམ་པར་འཐིབ་ཀྱིས་བྱོན་ནས་རང་གི་སྒྲོན་མའི་སྣང་བ་ལ་ཐིམ་པར་བསམ་སྟེ་ཡུན་ཅིག་མཉམ་པར་བཞག༔ སླར་ཆོས་སྐུའི་འདུག་སྟངས་སེང་གེའི་ཙོག་ཚུག་ལྟ་བུའི་ངང་ནས་མིག་གྱེན་དུ་བཟློག་སྟེ་ཕྱེད་བཙུམ་གྱིས་དཀར་ལམ་ལ་གཏད་པས་འོད་ལྔའི་ཁྱིམ་ཟ་འོག་ཁ་ཕྱེས་པ་ལྟ་བུའི་ནང་དུ་ཐིག་ལེ་འོད་ལྔའི་མུ་ཁྱུད་ཅན་ཟླུམ་ལ་འཁྱིལ་བ་ཉ་མིག་དང་སྲན་མ་དང་རྒྱ་ཕོར་དང་བསེ་ཕུབ་ལྟ་བུར་འཆར་རོ༔ དེ་དག་གི་གོ་མཚམས་སུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དཀར་པོ་དར་སྐུད་ལྡིང་བ་ལྟ་བུ་མུ་ཏིག་དཀར་པོ་བསྟར་ལ་བརྒྱུས་པ་ལྟ་བུར་གསལ་ལོ༔ དེ་དག་ནི་ཕྱི་ལྟར་ཤར་བའི་དབང་དུ་བྱས་ན་ནང་དབྱིངས་ཀྱི་གདངས་ཐིག་ལེ་སྟོང་པའི་གདངས་རིག་པས་ཀྱང་ནང་གདངས་ནང་དུ་འོད་ཐིག་རིག་མདངས་གཏིང་གསལ་གྱི་གདངས་རང་ཤར་བ་ཡང་ཕྱི་མདངས་ནི་ངོ་བོའི་ངོས་ན་གསལ་བ་ལ་བྱ༔ གདངས་ནི་མེ་ལོང་གཟུགས་བརྙན་བསྟན་པའི་དཔེས་མཚོན་ན་གཟུགས་ལ་མདངས་གཟུགས་བརྙན་ལ་གདངས་ལྟ་བུར་ཤེས་པར་བྱའོ༔ བར་དུ་དེ་དག་ནི་ཕྱི་རུ་ཤར་བ་ནི་མ་ཡིན་ནོ༔ ནང་གདངས་རང་གིས་མཐོང་བ་ལས་གཞན་དང་གཞན་ནས་མ་ཡིན་པའི་ཚུལ༔ ངས་སྔོན་དགའ་རབ་རྡོ་རྗེའི་དྲུང་དུ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ལོངས་སྤྱོད་པའི་ཚེ་བླ་མ་མཆོག་དེའི་ཞལ་ནས༔ ཁྱོད་ལ་དེ་ལྟར་ཤར་ནས་གདའ༔ རང་སྣང་རང་གི་སྤྱོད་ཡུལ་ལས༔ སུ་ཡིས་གང་ལ་སྤྱོད་དུ་མེད༔ ནང་སྒྲོན་ཕྱི་རུ་མ་ཡིན་ཏེ༔ གཞན་གྱི་དེ་ལྟར་མཐོང་དུ་མེད༔ འོད་སྣང་ནང་གི་དཔེ་དེ་མཐོང་༔ འོད་དེ་རགས་འཐས་འཁོར་བར་འཕྱན༔ འོད་དེ་འོད་དུ་བལྟས་སྤྱོད་ན༔ འབྱུང་བ་འོད་དུ་འདུ་འོད་འཕེལ༔ ཚད་དུ་ཕེབས་ནས་འོད་འབྱུང་ཟད༔ སྐྱེ་མེད་ངང་དུ་བུམ་སྐུར་ཆུབ༔ ཅེས་གསུངས་པ་ལ་བརྟེན་ནས་གཟུང་འཛིན་གཉིས་ཀྱི་མདུད་རྒྱ་གྲོལ་ཏེ་གོལ་སྒྲིབ་ཀྱི་ཤུབ་ནས་ཐོན་ཏེ་འཁོར་བའི་འབྲེལ་ཐག་ཆད་པ་ཡིན་ཏེ༔ ཁྱོད་བརྒྱུད་འཛིན་རྣམས་ཀྱིས་ཀྱང་འབྱུང་བ་འོད་དུ་ཤིག་འོད་སྣང་དུ་བློ་དང་ཡིད་ཀྱིས་ཟོན་མི་འཇུག་པར་རིག་པ་རང་ཀློང་དུ་མ་བཅོས་པར་ཞོག་དང་མཉམ་པར་བཞག་པའི་རང་ཚུགས་ནི་འདི་ཁོ་ནའོ༔ རྗེས་ཐོབ་ཀྱི་དུས་སུ་སྣང་སྲིད་དག་པ་མཁའ་སྤྱོད་འོག་མིན་བདེ་བ་ཆེན་པོའི་ཞིང་དང་གཟུགས་སྣང་སྐུ་གསུམ་མཁའ་འགྲོ་སྒྲ་གྲགས་རྡོ་རྗེ་གསུང་གི་ལམ་ཁྱེར་དང་འཁོར་འདས་འུབ་ཆུབ་རོལ་པའི་ངོ་བོ་ལམ་ཁྱེར་གྱི་ངང་ནས་སྤྱོད་པའི་གདངས་འདི་དང་མི་འབྲལ་བ་གནད་དོ༔ འདི་ལ་ཟླ་བ་གཅིག་གོ༔ ས་མ་ཡ༔ གཉིས་པ་ལ་རང་ཉིད་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐོགས་པ་ཞབས་གཉིས་གར་སྟབས་ཀྱིས་པད་ཉིའི་གདན་ལ་རོལ་པ་གཅེར་བུ་རུས་པའི་རྒྱན་དྲུག་གི་སྤྲས་པ་ཡེ་ཤེས་འོད་ཀྱི་ཀློང་དུ་འོད་དཀར་གྱི་ཕུང་པོར་བསྒོམ༔ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་འོད་དང་འོད་ཟེར་དཀར་པོའི་རྣམ་པར་བྱོན་ནས་སྒྲོན་མའི་སྣང་བ་ལ་ཐིམ་པར་བསམ་ཞིང་གན་རྐྱལ་དུ་ལོག་ནས་ཤེས་པ་མིག་ལ་གཏད་མིག་བར་སྣང་ལ་གཏད་དེ་གོང་བཞིན་ཆོས་ཉིད་འོད་གསལ་གྱི་དཀྱིལ་འཁོར་དུ་ཆམ་བརྡལ་དུ་བཞག་གོ༔ རྗེས་ཐོབ་ཀྱི་དུས་སུ་སྣང་གྲགས་རིག་གསུམ་ཐམས་ཅད་དབུས་ཕྱོགས་སྟུག་པོ་བཀོད་པ་སངས་རྒྱས་མཁའ་འགྲོ་དང་གསུང་གི་འཁོར་ལོ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ལམ་ཁྱེར་བྱ་བ་ཐབས་དང་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཀྱི་ལྷུམས་དང་མི་འབྲལ་བ་ནི་ཤེས་རབ་སྟེ༔ མན་ངག་དེ་གཉིས་ཀྱི་གནད་དང་མི་འབྲལ་བ་ནི་ཐབས་ཤེས་ལྟོ་སྦྱོར་བ་ཞེས་བྱའོ༔ འདི་ལ་ཟླ་བ་གཅིག་གོ༔ ས་མ་ཡ༔ ལེའུ་སྟེ་གསུམ་པའོ༔ གསུམ་པ་ལ་རང་ཉིད་རྡོ་རྗེ་མཁའ་འགྲོ་མ་མཐིང་ནག་གྲི་གུག་དང་ཐོད་ཁྲག་བསྣམས་ནས་པདྨ་ཉི་མ་བམ་གྱི་གདན་ལ་གར་སྟབས་རོལ་པའི་ཐུགས་ཀའི་འོད་ཟེར་གྱིས་ཤར་ཕྱོགས་མེ་ལོང་ཡེ་ཤེས་མངོན་པར་དགའ་བ་ནས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་མཁའ་འགྲོའི་རྣམ་པར་བྱོན་ཏེ་མདུན་གྱི་ནམ་མཁའ་ནས་འོད་མཐིང་ནག་ཐིག་ལེས་བརྒྱན་པའི་རྣམ་པར་གྱུར་ཏེ་རང་གི་སྒྲོན་མའི་སྣང་བ་ལ་ཐིམ་པར་བསམ་སྟེ་ཡུན་ཅིག་མཉམ་པར་བཞག་སྟེ་སླར་ཡང་དབྱིངས་རིག་ཐིག་ལེ་དབྱེར་མེད་པའི་ངང་དུ་དགག་བསྒྲུབ་སྤང་བླངས་བཅས་བཅོས་མེད་པར་མཉམ་པར་བཞག་གོ༔ རྗེས་ཐོབ་ཀྱི་དུས་སུ་རང་ཉིད་རྡོ་རྗེ་མཁའ་འགྲོ་སྣོད་བཅུད་མེ་ལོང་ཡེ་ཤེས་མངོན་པར་དགའ་བ་རྡོ་རྗེ་རིགས་ཀྱི་རིག་གདངས་གསུང་གསང་བའི་འཁོར་ལོ་ལམ་ཁྱེར་བྱ་བ་ཐབས༔ ཡེ་རིག་ཀ་དག་ཆེན་པོའི་ངང་གདངས་ལས་མི་འདའ་བ་ཤེས་རབ་བོ༔ འདི་ལ་ཟླ་བ་གཅིག་གོ༔ ས་མ་ཡ༔ ལེའུ་སྟེ་བཞི་པའོ༔ བཞི་པ་ལ་རང་ཉིད་རིན་ཆེན་མཁའ་འགྲོ་སེར་མོ་གྲི་གུག་དང་ཐོད་ཁྲག་བསྣམས་པའི་ཐུགས་ཀར་རྩ་དང་འོད་སྣང་ཐིག་ལེ་གོང་ལྟར་གསལ་བ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་མཉམ་ཉིད་ཡེ་ཤེས་འོད་ཟེར་གསེར་མདོག་གི་རྣམ་པར་སྒྲོན་མའི་སྣང་བ་དེ་ལ་ཐིམ་པས་གཉིས་སུ་མེད་པར་བསམ་སྟེ་མཉམ་པར་བཞག་ལ་སླར་ཡང་སྒྲོན་མའི་སྣང་བ་དང་དབྱེར་མེད་པར་ཅིར་ཡང་བཅོས་པ་མེད་པའི་ངང་དུ་ལྷོད་དེ་བཞག་གོ༔ སླར་ཡང་རྫས་ཀྱི་དུས་སུ་སྣང་སྲིད་མཉམ་ཉིད་ཡེ་ཤེས་དག་པ་མཁའ་སྤྱོད་ཀྱི་ཞིང་དང་རིན་ཆེན་མཁའ་འགྲོའི་ལམ་ཁྱེར་བྱ་བ་ཐབས་དང་རང་རིག་རང་ཞལ་ལས་མི་འདའ་བ་ཤེས་རབ་སྟེ་གཉིས་མེད་ཉམས་སུ་ལེན་པ་ལ་སྦྱོར་བ་ཞེས་བྱའོ༔ དེ་ལ་ཟླ་བ་གཅིག་གོ༔ ས་མ་ཡ༔ ལེའུ་སྟེ་ལྔ་པའོ༔ ལྔ་པ་རང་ཉིད་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་པདྨའི་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ་ཞབས་གཉིས་པད་ཉིའི་གདན་ལ་གར་སྟབས་མཛད་པ་ཡེ་ཤེས་ལྔ་ཡི་འོད་ཕུང་གི་ཀློང་དུ་གཅེར་བུ་རུས་རྒྱན་གྱིས་སྤྲས་པར་བསྒོམ༔ ནུབ་ཕྱོགས་བདེ་བ་ཅན་ནས་སོར་རྟོག་ཡེ་ཤེས་པདྨ་རིགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་པདྨ་མཁའ་འགྲོའི་རྣམ་པར་བྱོན་ཏེ་འོད་དམར་གྱི་གོང་བུར་གྱུར་ནས་སྒྲོན་མའི་སྣང་བ་ལ་ཐིམ་པས་སྣང་བ་ཐམས་ཅད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཀློང་ཆེན་པོར་ལྷུག་པར་བཞག་གོ༔ སླར་ཡང་དབྱིངས་དང་ཐིག་ལེ་ཤེས་རིག་མཉམ་བརྡལ་དུ་བཞག༔ རྗེས་སུ་ཡང་སྣང་སྲིད་ཐམས་ཅད་སོར་རྟོག་ཡེ་ཤེས་དག་པ་མཁའ་སྤྱོད་པདྨ་མཁའ་འགྲོའི་རོལ་པར་ལམ་དུ་ཁྱེར་བ་དང་གནས་ལུགས་ཀློང་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས་མི་འདའ་བ་གཉིས་ནི་གནད་དུ་བྱའོ༔ འདི་ལ་ཟླ་བ་གཅིག་གོ༔ ས་མ་ཡ༔ ལེའུ་སྟེ་དྲུག་པའོ༔ ཟླ་བ་དྲུག་པའི་དུས་སུ་རང་ཉིད་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ་ཁ་ཊྭཱྃ་ཀ་བཀལ་བ་པད་ཉི་རོ་ཡི་གདན་ལ་གར་སྟབས་མཛད་པ་འོད་དང་འོད་ཟེར་གྱི་ཕུང་པོ་ཅན་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་དང་ཆུ་ཟླ་མེ་ལོང་གི་གཟུགས་བརྙན་ལྟ་བུའོ༔ གསལ་ལ་དེར་འཛིན་བྲལ་བ་སྒྱུ་མ་དང་རྨི་ལམ་དྲི་ཟའི་གྲོང་ཁྱེར་ལྟ་བུའོ༔ དེ་ལྟར་གསལ་བའི་སྙིང་ག་ནས་མིག་ཏུ་འབྲེལ་བའི་རྩ་ནང་དུ་འོད་དང་ཐིག་ལེ་རང་བྱུང་དུ་རྫོགས་པར་བསྒོམ་པའི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་སོགས་གོང་ལྟར་གསལ་བའི་འོད་ཟེར་གྱིས་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས་ཕྲིན་ལས་ཀརྨ་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོའི་རྣམ་པར་བྱོན་ཏེ་མདུན་གྱི་ནམ་མཁའ་ནས་འོད་ལྗང་གུར་གྱུར་ཏེ་སྒྲོན་མའི་སྣང་བ་ལ་ཐིམ་པར་བསམ་ཞིང་དེའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་གོ༔ སླར་ཡང་སྒྲོན་མའི་སྣང་བ་ཆེན་པོར་བློ་ཡིས་བཅོས་བསྒྱུར་དང་ཡིད་དཔྱོད་ཀྱི་སྤུ་རིས་མི་བྱེད་པར་ལྷོད་དེ་བཞག༔ རྗེས་སུ་བྱ་སྤྱོད་དུས་ལ་བབས་ཚེ་སྣང་སྲིད་སྣོད་བཅུད་ཐམས་ཅད་བྱ་གྲུབ་ཡེ་ཤེས་ལས་རབ་རྫོགས་པའི་དབྱིངས་དག་པ་མཁའ་སྤྱོད་ཀྱི་ཞིང་དང་གཟུགས་སྣང་ཐམས་ཅད་ལས་ཀྱི་མཁའ་འགྲོའི་རང་བཞིན་དང་སྒྲ་གྲགས་དག་པ་སྔགས་ཀྱི་འཁོར་ལོ་སྟེ་དཀྱིལ་འཁོར་གསུམ་དུ་ལམ་ཁྱེར་བྱ་བ་དང་རང་ལུས་ཀརྨ་མཁའ་འགྲོ་ཕུང་ཁམས་གཤེགས་པ་གཤེགས་མ་དབང་ཡུལ་སེམས་དཔའ་སེམས་མ་ཡན་ལག་སྒོ་སྐྱོང་ཕོ་མོར་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་རང་ཤེས་པའི་ངང་ནས་འགུལ་བསྐྱོད་བདེ་བ་ཆེན་པོའི་གར་དང་བཟའ་བཏུང་ཚོགས་འཁོར་གྱི་རོལ་པར་ལམ་དུ་ཁྱེར་བ་ཐབས་དང་དེའི་ངང་ནས་འཁོར་འདས་རང་སྣང་དུ་རྫོགས་པའི་ངོ་བོ་དེ་ཀར་འདུས་པ་ནི་ཤེས་རབ་གཉིས་མེད་ལམ་དུ་བྱེད་པ་ནི་སྦྱོར་བ་འཁོར་བའི་འཛིན་རྟོག་བདག་མེད་དུ་རྟོགས་པ་ནི་སྒྲོལ་བའོ༔ འདི་ལ་ཟླ་བ་གཅིག་གོ༔ ས་མ་ཡ༔ ལེའུ་སྟེ་བདུན་པའོ༔ དེ་དག་ནི་མ་དག་པ་འཁོར་བའི་བག་ཆགས་དག་པ་ཡེ་ཤེས་སུ་སྦྱོང་བའི་གནད་དོ༔ དབྱིངས་དང་ཐིག་ལེ་དེ་དག་གི་ཁ་དོག་ནི་དཀར་པོ་ཆོས་དབྱིངས་མཐིང་ནག་མེ་ལོང་སེར་པོ་མཉམ་ཉིད་དམར་པོ་སོར་རྟོག་ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ཡེ་ཤེས་ལྔའོ༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ནི་དཀར་པོ་རྣམ་སྣང་མཐིང་ག་མི་བསྐྱོད་པ་སེར་པོ་རིན་འབྱུང་དམར་པོ་སྣང་མཐའ་ལྗང་གུ་དོན་གྲུབ་སྟེ་སྐུ་ལྔའོ༔ མཁའ་འགྲོ་ལྔ་ནི་དཀར་པོ་སངས་རྒྱས་མཁའ་འགྲོ་མཐིང་ག་རྡོ་རྗེ་མཁའ་འགྲོ་སེར་པོ་རིན་ཆེན་མཁའ་འགྲོ་དམར་པོ་པདྨ་མཁའ་འགྲོ་ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ་ལྔ་རྫོགས་པའོ༔ འབྱུང་བ་ལྔ་ནི་ནམ་མཁའི་དྭངས་མ་མཐིང་ནག་ཆུའི་དྭངས་མ་དཀར་པོ་ས་ཡི་དྭངས་མ་སེར་པོ་མེ་ཡི་དྭངས་མ་དམར་པོ་རླུང་གི་དྭངས་མ་ལྗང་གུ་སྟེ་ལྔ་ཚན་བཞི་པོ་རིག་པ་རང་གི་ཆོས་ཉིད་དེ་རང་གིས་གསལ་བའོ༔ འབྱུང་བ་ལྔ་རིགས་ལྔར་སྦྱོང་བྱེད་ངོ་བོ་སྟོང་པ་ཡུམ་ལྔའི་མཁར་རྟོགས་ཤིང་བཤིག་པས་གྲོལ་ཏེ་གཞན་གྱིས་ནི་གྲོལ་བར་མི་འགྱུར་བའི་ཕྱིར་ཡུམ་ཆེན་ལྔ་ཡི་ཡང་གསང་གི་སྒྲུབ་པ་འདི་བསྟན་པའོ༔ ཁ་བསྐང་ཟླ་བ་གཅིག་ལ་ཡང་ཤེས་པ་མིག་ལ་གཏད་མིག་ཕྱེད་བཙུམ་གྱིས་ནམ་མཁའ་ལ་གཏད་པས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གདངས་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པའམ་དར་གྱི་སྐུད་པ་འགྲིལ་བ་ལྟ་བུ་འཆར་རོ༔ དེ་དག་ནི་ཙིཏྟ་ཤ་ཡི་སྒྲོན་མ་ནས་དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་བ་མེན་གྱི་རྭ་ལྟ་བུར་རྒྱང་ཞགས་ཆུ་ཡི་སྒྲོན་མའི་སྒོ་ལ་ཨ་འབྲས་ན་ཁ་ཕྱེས་པའོ༔ དེ་ལྟར་དྲུག་པོ་གཉིས་སུ་མ་ཡིན་ཐ་མི་དད་དོ༔ རིག་པ་ཡེ་ཤེས་རང་བྱུང་ཤེས་རབ་ཀྱི་སྒྲོན་མ་དེ་དང་དེའོ༔ དེ་དོན་བདག་ལ་རིག་འཛིན་དགའ་རབ་རྡོ་རྗེས་འདི་གདམས་པའོ༔ ཡེ་ནས་རང་བྱུང་ཤར་བ་དེ༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ གསང་བ་རྩ་ཡི་སྒྲོན་དཀར་ལས༔ རྒྱང་ཞགས་སྒྲོན་མའི་སྒོ་རུ་ངོམ༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་གཉིས༔ ཤེས་རབ་རིག་པའི་ཆོས་ཉིད་གདངས༔ ཕྱི་རུ་མ་ཡིན་ནང་དུའོ༔ པདྨ་རྒྱལ་པོའི་ཆོས་ཉིད་དོ༔ ཅེས་གསུངས་པས་ཀྱང་རྣམ་པར་གྲོལ་བ་ཐོབ་པ་ཡིན་ཏེ་བརྒྱུད་འཛིན་རྣམས་ཀྱིས་ཀྱང་དེ་ལྟར་གྱིས་ཤིག༔ ས་མ་ཡ༔ ལེའུ་སྟེ་བརྒྱད་པའོ༔ སྒྲོན་མའི་སྣང་བ་བརྟན་ཐོབ་ནས༔ རྩོལ་མེད་སྣང་བའི་ཡོན་ཏན་ཤར༔ རིག་གདངས་ལུ་གུ་རྒྱུད་དུ་སྣང་༔ ལུས་བརྟན་ངག་ཀྱང་སྨྲ་བརྗོད་ཉུང་༔ སེམས་ནི་མི་གཡོ་རང་བབས་གནས༔ འདི་ནི་ཆོས་ཉིད་མངོན་སུམ་མོ༔ ཡིད་དཔྱོད་མུན་རྡོ་ལྐོག་གྱུར་མིན༔ མངོན་སུམ་དབང་པོའི་སྒོ་རུ་མཐོང་༔ དེ་ཕྱིར་དེ་ཡི་མིང་ཡང་དེ༔ སྣང་བ་དང་པོ་དེ་ཤར་བའི༔ ཁམས་གསུམ་འཁོར་བའི་འབྲེལ་ཐག་ཆད༔ ཐ་མལ་ཤེས་པ་ཡེ་ཤེས་སུ༔ སྨོན་པའི་རིག་འཛིན་དང་པོའི་ས༔ དེ་ནས་བརྟན་དང་འཕེལ་རྒྱས་ཤིང་༔ སྣང་བ་ཐམས་ཅད་འོད་དུ་གསལ༔ ལུས་ལ་སྒེག་ཆོས་ངོ་ཚ་མེད༔ སྨྱོན་པ་བཞིན་དུ་སྡོད་མེད་རྒྱུ༔ ངག་ཀྱང་དེ་བཞིན་རང་ཚིག་རྡོལ༔ སེམས་ཀྱང་གཏད་མེད་ངང་རྒྱ་ཡན༔ འཆི་མེད་རྡོ་རྗེའི་བཙན་ས་ཟིན༔ བར་དོ་མེད་པར་འཁོར་བ་འདས༔ རིག་འཛིན་གཉིས་པའི་ས་ཡང་ཐོབ༔ འཕེལ་ནས་ལྷ་དང་སྐུ་རུ་སྨིན༔ ཚོམ་བུའི་དཀྱིལ་འཁོར་ཐབས་ཤེས་འབྲེལ༔ ལུས་ནི་ཐོགས་བཅས་ཐོགས་མེད་ཐལ༔ ངག་སྙན་གཞན་སྣང་དགེ་རུ་བསྒྱུར༔ སེམས་ནི་རང་སར་རང་གྲོལ་དབང་༔ སྡིག་ཅན་རྣམས་ཀྱང་གྲོལ་བའི་སྟོབས༔ སྤྱན་དང་མངོན་ཤེས་ཀུན་ཀྱང་འཐོབ༔ འདི་དུས་གཞན་གང་ལ་མི་ལྟོས༔ རང་དབང་ཐོབ་པའི་རང་ཚད་དོ༔ དགེ་དང་སྡིག་པས་ཕན་གནོད་མེད༔ རིག་འཛིན་གསུམ་པའི་ས་ཐོབ་དབང་༔ ཚད་དུ་ཕེབས་ནས་ཟད་པའི་དབྱིངས༔ ཟླ་བའི་ཆ་བཞིན་འཕེལ་གང་ནས༔ ཆ་རེ་བཞིན་དུ་མར་འགྲིབ་ལྟར༔ ཕྱི་ཡི་སྣང་བ་རིམ་གྱིས་ཟད༔ ནང་གི་རྟོགས་པ་ཡང་དེ་བཞིན༔ མཐར་ནི་ཕྱི་ཡི་གཟུང་ཡུལ་ཟད༔ ནང་དུ་འཛིན་པའི་རྣམ་རྟོག་ཟད༔ རེ་དང་དོགས་པའི་དགག་སྒྲུབ་ཟད༔ ཆོས་དང་དབང་པོ་ཡུལ་ཀུན་ཟད༔ རྒྱུ་ཟད་རྐྱེན་ཟད་གཉིས་སྦྱོར་ཟད༔ ལུས་ནི་མི་རོ་ཅི་བཞིན་དུ༔ གཞན་གྱི་རྗེས་སུ་སྨྲ་བར་བྱེད༔ སེམས་ནི་ན་བུན་ཡལ་བ་བཞིན༔ དུས་གསུམ་རྟོག་པ་དབྱིངས་སུ་ནུབ༔ རང་ངོར་ལུས་ངག་ཡིད་མེད་དེ༔ ཆོས་སྐུ་གཏིང་གསལ་དགོངས་པར་ཀླས༔ གཞན་ངོར་དེ་ལྟར་མི་རིག་སྟེ༔ རང་རང་དབང་པོ་ཅི་བཞིན་སྣང་༔ ཐ་མས་སངས་རྒྱས་སེམས་ཅན་མཐོང་༔ ལམ་ཞུགས་དག་གིས་སྤྲུལ་སྐུར་བལྟ༔ ཐེག་ཐོབ་དག་གིས་ལོངས་སྐུར་མཐོང་༔ སྐུ་ཐོབ་དག་གིས་ཆོས་སྐུར་མཐོང་༔ དེ་བཞིན་མཐོང་ཡུལ་གཞན་གྱིས་མིན༔ རང་སྣང་ཡུལ་ཟད་སྐྱེ་མཆོག་ལ༔ རང་གི་སྤྱོད་ཡུལ་ཟད་པའི་ཕྱིར༔ སྒོ་གསུམ་ཡེ་ཤེས་འོད་དུ་ཡལ༔ རིག་འཛིན་བཞི་པའི་ས་མཆོག་ཐོབ༔ སྐྱེ་མེད་ཆོས་དབྱིངས་ཀློང་ཆེན་རྡོལ༔ སྐུ་དང་ཡེ་ཤེས་ནང་དུ་གསལ༔ གཞན་དོན་ཕྲིན་ལས་སྒྲུབ་བརྩོན་མེད༔ ནང་མདངས་རང་གསལ་ཆེན་པོ་ལས༔ གཞན་ངོར་སྤྲུལ་སྐུའི་སྟོན་པ་ཤར༔ ནམ་མཁར་ཟླ་བ་ཤར་བའི་ཚེ༔ ཆུ་སྣོད་དག་ཏུ་ཟླ་བ་ཤར༔ ཟླ་བས་ཟླ་གཟུགས་འགྱེད་དུ་མེད༔ དེ་བཞིན་ཆོས་ཀྱི་དབྱིངས་ཉིད་ལས༔ གཡོ་དང་སྤྲུལ་བསྒྱུར་བྱེད་དུ་མེད༔ སྣོད་ལྡན་སྣང་ངོར་སྟོན་པ་ནི༔ ཆོས་དབྱིངས་མདངས་ལས་གདངས་དེ་ཉིད༔ རང་བྱུང་རང་ཤར་རྫོགས་པའོ༔ འདི་ལྟར་ཆོས་ཟད་སྐྱེས་མཆོག་དེ༔ སྒོ་གསུམ་ཡེ་ཤེས་འོད་དུ་དེངས༔ ཡང་དག་རྫོགས་པའི་སངས་རྒྱས་སར༔ མཁའ་ལ་འཇའ་ཚོན་ཡལ་བཞིན་ཐིམ༔ མཁའ་ནི་ངོ་བོ་ཆོས་སྐུ་ལ༔ འཇའ་ཚོན་རང་བཞིན་གཟུགས་ཀྱི་སྐུ༔ འཇའ་ལུས་གསུམ་གྱི་དང་པའོ༔ ཐིམ་པ་གཉིས་མེད་རོལ་པའི་དོན༔ ཡང་ན་མངོན་རྫོགས་སངས་རྒྱས་ནི༔ སྒྲ་གསུམ་འུར་ཞིང་ས་གཡོ་དྲུག༔ གསལ་སྒྲོན་སྟོང་ནུབ་ཆར་གསུམ་འབེབས༔ གདུང་དང་རིང་བསྲེལ་འཇའ་འོད་འདྲེས༔ དེ་ནི་མངོན་རྫོགས་སངས་རྒྱས་སོ༔ སྔ་མ་འོད་གསལ་ཆེན་པོའི་སྟོབས༔ ཕྱི་མ་རང་བཞིན་རྣམ་དག་སྟོབས༔ འཕོ་འགྱུར་མེད་པའི་སྐྱེས་བུ་ལ༔ ཆོས་སྐུ་གདོད་མའི་མགོན་པོའི་ས༔ སུས་ཀྱང་མ་སྟེར་རང་གི་ཐོབ༔ ང་དང་སྐལ་པ་མཉམ་པར་ངེས༔ ས་མ་ཡ༔ ལེའུ་སྟེ་དགུ་པའོ༔ དེ་ལྟར་བསྒྲུབ་པའི་བཞུགས་སྟངས་དྲུག༔ སེང་གེ་དང་ནི་གན་རྐྱལ་དང་༔ གླང་ཆེན་ཕྱེད་སྐྱིལ་དྲང་སྲོང་ཚུལ༔ བྱ་བ་གྲུབ་པ་ངལ་བསོའི་ཚུལ༔ འདི་དག་ལས་ནི་མི་འདའ་བར༔ རྣལ་འབྱོར་ལྡན་པའི་སྡོད་ཚད་བཟུང་༔ ལྟ་སྟངས་ལྷོད་ཆགས་རང་བབས་གནད༔ རླུང་དང་རིག་པའི་གནད་ལྡན་བྱ༔ ཕྱི་ནང་ཉམས་ཀྱི་རྟགས་མཉམ་གཅེས༔ ཕྱི་རུ་གསལ་ཡང་ནང་དུ་མིན༔ ནང་ཉམས་འདྲ་ཡང་ཕྱི་མི་གསལ༔ འདི་ལ་གཞན་གྱུར་མཚང་ཅིག་མཆི༔ ཡང་ན་དབང་རབ་ས་ལམ་བརྒལ༔ དེ་ལ་རིམ་གྱིས་ཁྲིགས་མི་གཅོད༔ ས་མ་ཡ༔ འདི་ལྟར་ཉམས་སུ་ལེན་པ་ཡི༔ དད་བརྩོན་སྙིང་སྟོབས་དམ་ཚིག་ཆེ༔ ངེས་པར་གཏན་བདེ་ལྷུར་ལེན་པའི༔ སྐལ་པར་ལྡན་པ་ལས་ཅན་གྱིས༔ རྣམ་གཡེང་འདུ་འཛི་རྣམས་སྤངས་ནས༔ བར་མེད་ཟླ་བདུན་ཞག་བདུན་གྱིས༔ རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ སྔ་མ་རྣམ་དྲུག་མཁའ་འགྲོ་དྲུག༔ ཕྱི་མ་གཅིག་ནི་བླ་མའོ༔ ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད༔ ཕྱིར་མི་ལྡོག་པར་བརྟན་ཐོབ་འགྱུར༔ ལས་དང་དབང་པོ་ཡང་མི་ལྟོས༔ ན་ཚོད་རྒས་གཞོན་ལ་མི་སྡུག༔ བསྒྲུབ་ནས་ཆུད་མི་ཟ་བའི་ཆོས༔ སྤྱན་དང་མངོན་ཤེས་གྲུབ་བརྒྱད་ཐོབ༔ མཐར་ཐུག་གཏན་བདེའི་ཕུག་ཀྱང་ཡོད༔ འདི་ལྟར་ལོ་གསུམ་ཟླ་གསུམ་དུ༔ ཚུལ་བཞིན་ཉམས་སུ་ལེན་པའི་མི༔ ཚེ་འདིར་སངས་རྒྱས་མ་ཐོབ་ན༔ པདྨས་བསླུས་སོ་ཕྱི་རབས་རྣམས༔ ས་མ་ཡ༔ ལེའུ་སྟེ་བཅུ་པའོ༔ ང་ཡི་བརྒྱུད་འཛིན་སྐྱེས་མཆོག་རྣམས༔ འོད་གསལ་ཆེན་པོ་ཉམས་སུ་ལོངས༔ ཚེ་དང་སྒྲུབ་པ་མཉམ་པར་གྱིས༔ རང་ཚོད་རང་གིས་ཟིན་པ་ལས༔ སུ་ཡི་ཁ་ལ་མི་ཉན་པ༔ སྐྱེས་མཆོག་དམ་པ་དག་གི་ཚུལ༔ མ་འོངས་དུས་ཀྱི་ཐ་མ་ལ༔ གཏིང་མི་དཔོག་པའི་སློབ་དཔོན་འགས༔ ཚེ་འདིར་དབེན་པའི་རི་ཁྲོད་དུ༔ བར་མཚམས་མེད་པར་བསྒྲུབ་བྱེད་ལས༔ གཞན་གྱིས་ཉམས་ལེན་བྱས་དོན་མེད༔ ཅེས་ཟེར་དེ་དག་བདེན་ངེས་ན༔ བསྐྱེད་དང་རྫོགས་པ་ཀུན་ཡང་དེ༔ སྔོན་བྱོན་རིག་པ་འཛིན་དག་གིས༔ རིམ་གཉིས་གང་ཡང་དེ་ལྟར་བསྒོམ༔ ཤཱཀྱའི་ངུར་སྨྲིག་འཛིན་དག་ཀྱང་༔ ཁྱིམ་ནས་ཁྱིམ་མེད་དེ་ལྟར་ལེགས༔ དུས་མཐར་དེ་ལྟར་ཚུལ་བཞིན་དུ༔ སྤྱོད་ལྡན་གང་ཟག་དཀོན་པའི་ཕྱིར༔ ཉམས་ལེན་ཀུན་གྱི་དོན་དུ་བསྟན༔ ས་མ་ཡ༔ འོད་གསལ་སྣང་བ་ཆེན་པོ་ནི༔ ཆོས་དབྱིངས་ཡེ་ཤེས་སངས་རྒྱས་རིགས༔ རྫོགས་པའི་ཁ་དོག་དཀར་པོ་དང་༔ མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས༔ རྫོགས་པའི་མཚོན་བྱེད་ཁ་དོག་མཐིང་༔ མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས༔ རྫོགས་ཕྱིར་སེར་པོའི་ཁ་དོག་ལྡན༔ སོར་རྟོག་ཡེ་ཤེས་པདྨའི་རིགས༔ རྫོགས་ཕྱིར་དམར་པོར་སྣང་བ་དང་༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས༔ རྫོགས་ཕྱིར་ལྗང་གུའི་རྣམ་པའོ༔ དེ་ལྟར་རྫོགས་པའི་ཡེ་ཤེས་ལྔ༔ རིག་པའི་ཆོས་ཉིད་དེ་ཀའོ༔ སོ་སོ་མ་ཡིན་ཐ་མི་དད༔ འདི་ཉིད་མཐོང་ཞིང་རྣལ་དབབ་པའི༔ སྐལ་ལྡན་སྐྱེས་མཆོག་དམ་པ་དེ༔ སངས་རྒྱས་ཀུན་གྱི་སྲས་སུ་འགྱུར༔ དུས་གསུམ་སངས་རྒྱས་སྤྱི་ཞལ་མཐོང་༔ དབང་དང་དངོས་གྲུབ་གཅིག་ཆར་ཐོབ༔ སྒྲུབ་དང་དཀྱིལ་འཁོར་ཀུན་བཅུད་ལོན༔ བར་དོའི་སྣང་བ་རང་ཆོད་ནས༔ ཁམས་གསུམ་དུ་ནི་ཡང་མི་ལྡོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་སྲུང་གཟའ་མཆོག་རྒྱལ་པོས་སྲུངས༔ དམ་ལྡན་བུ་ལ་གཏད་དོ་རྒྱ༔ དམ་ཉམས་རྣམས་ལ་གསང་སྦས་རྒྱ༔ སྐལ་ལྡན་རྣམས་ཀྱི་ལམ་གྲོགས་མཛོད༔ སྐལ་མེད་རྣམས་ཀྱི་དབང་པོ་སྣུབས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ འདས་དང་མ་འོངས་ད་ལྟར་གྱི༔ སངས་རྒྱས་རྣམས་ཀྱི་གསང་གསུམ་རྒྱ༔ མཁའ་འགྲོ་འབུམ་གྱི་སྙིང་ཁྲག་བཅུད༔ རྒྱལ་དང་རྒྱལ་སྲས་ཡོངས་ཀྱི་སྲོག༔ རྫོགས་ཆེན་བཀའ་ཡི་སྲུང་མར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ བརྡ་ཐིམ་བཛྲ་ས་མ་ཡ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།། །།