ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མེད་གསང་བའི་སྙིང་པོ་འོད་གསལ་ཐིག་ལེའི་སྒྲུབ་པ་མཁའ་འགྲོ་འབུམ་གྱི་སྙིང་ཁྲག༔

From Dudjom Wiki
TTDL-ZABTER-11-DA-014
Wylie title chos nyid nam mkha'i klong mdzod las: bla med gsang ba'i snying po 'od gsal thig le'i sgrub pa mkha' 'gro 'bum gyi snying khrag: TTDL-ZABTER-11-DA-014.pdf
Location bdud 'joms gling pa zab gter
Volume 11, Text 14, Pages 217-281 (Folios 1a1 to 33a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las bla med gsang ba'i snying po 'od gsal thig le'i sgrub pa mkha' 'gro 'bum gyi snying khrag. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 217-281. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: thod rgal   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Dzogchen - rdzogs pa chen po
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ནི་རང་སློབ་དམ་པ་རྟོགས་ལྡན་བློ་གྲོས་དབང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ།།

zhes pa 'di ni rang slob dam pa rtogs ldan blo gros dbang pos nan du bskul ngor khrag 'thung bdud 'joms rdo rjes gtan la phab pa'i yi ge pa ni yongs grub rig pa'i rdo rje'o/__/dge'o//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མེད་གསང་བའི་སྙིང་པོ་འོད་གསལ་ཐིག་ལེའི་སྒྲུབ་པ་མཁའ་འགྲོ་འབུམ་གྱི་སྙིང་ཁྲག་བཞུགས་སོ༔


ཕྚ༔ (བརྡ་ཡིག་) ན་མོ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ང་ཡི་བླ་མ་གྲུབ་བརྒྱའི་སྤྱི་མེས་ས་ར་ཧ་དང་༔ རིག་འཛིན་གྱི་རྒྱལ་པོ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དབྱེར་མ་མཆིས་པའི་ཞབས་ཀྱི་པདྨོ་ལ་རལ་པའི་ཅོད་པན་གྱིས་གཏུགས་ཏེ་གཏན་གྱི་མགོན་དུ་བསྟེན་ནོ༔ སྐྱེ་བ་དུ་མར་སྦྱངས་པའི་ཡོན་ཏན་གྱིས༔ རྒྱུ་རྐྱེན་སོ་མར་མ་ལྟོས་ལས་འཕྲོ་སད༔ རང་བཞིན་རྣམ་དག་ཆོས་ཉིད་བདེན་མཐོང་ཡང་༔ ཚེ་རབས་དུ་མའི་སེམས་རྟོག་བག་ཆགས་པའི༔ འཕྱང་ཆེན་འཁྲུལ་པའི་དམ་རྒྱ་མ་གྲོལ་ཏེ༔ མཉམ་པའི་དབྱིངས་ཆེན་ཉིད་དུ་མ་བརྡལ་བའི༔ རྐྱེན་དེས་དག་དང་མ་དག་སྣ་ཚོགས་པའི༔ མ་ངེས་སྣང་བ་སྒྱུ་མའི་ལྟད་མོར་མངོན༔ ཆོས་ཉིད་རླན་གྱིས་བརླན་པའི་དབང་ཆེན་དུ༔ ཡེ་ཤེས་རྩལ་ཆེན་འབར་བའི་བསིལ་དྲོད་ཀྱིས༔ བརྡ་དང་དམ་པའི་པདྨོ་བཞད་ཚལ་ནས༔ ཨུ་དུམ་ཝ་རའི་མེ་ཏོག་འདི་ངས་རྙེད༔ དེ་ཡང་འོད་གསལ་བདེ་བ་ཆེན་པོའི་དབྱིངས་ཀློང་དེ་ཉིད་དུ༔ གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་དང་ཞལ་མི་གཉིས་པ་གྲུབ་བརྒྱའི་དབང་ཕྱུག་ས་ར་ཧ་ཆེན་པོའི་ཞལ་གྱི་དཀྱིལ་འཁོར་ངོམས་ནས་འདི་སྐད་དོ༔ ཀྱེ༔ ཤེས་རབ་ཕུལ་ཕྱིན་འཕགས་པ་ཤཱ་རིའི་བུ༔ ཚོང་དཔོན་བུ་མོའི་རྣམ་པར་བཞེངས་ནས་སུ༔ ང་ཡི་ས་ལམ་བརྒལ་བའི་ཤིང་རྟ་འདྲེན༔ བདེ་སྟོང་སྙོམས་འཇུག་རོ་ལ་རོལ་པའི་ཚེ༔ བྱང་ཆུབ་སེམས་ཀྱི་ཐུགས་བསྐྱེད་གདིང་ལྡན་པས༔ མ་འོངས་ལྔ་བརྒྱའི་དུས་ཀྱི་སྙིགས་མའི་ཚེ༔ བདག་ནི་སྦས་པའི་རྣལ་འབྱོར་དམ་པར་འགྱུར༔ དཔའ་བོ་ཆེན་པོ་ཁྱེད་ཀྱིས་རྗེས་བཟུང་ནས༔ སྐལ་ལྡན་གདུལ་བྱ་འདུལ་བའི་སྟོབས་ལྡན་ཅིང་༔ ཐབས་ཤེས་གཉིས་མེད་གདམས་པའི་ཤིང་རྟ་ཡིས༔ འབྲེལ་ཚད་ཆོས་སྐུའི་ས་ལ་བརྒལ་གྱུར་ཅིག༔ པདྨ་ལས་སྐྱེ་སངས་རྒྱས་གར་དབང་པོའི༔ ཕྲིན་ལས་དཔལ་གྱུར་འཁོར་བ་དོང་སྤྲུགས་ཤོག༔ ཅེས་པའི་ཐུགས་བསྐྱེད་སྨོན་ལམ་རྣམ་དག་པའི༔ རྟེན་འབྲེལ་དུས་ལ་བབ་པ་དེང་གི་དུས༔ ཞེས་གསུངས་ཤིང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་སྐུར་བཞེངས་ཏེ་འདི་སྐད་དོ༔ སྙིགས་མ་ལྔ་བདོའི་དུས་ལ་བབས་པའི་ཚེ༔ སེམས་ཅན་སྐལ་བ་དམན་པའི་སྟོབས་དབང་གིས༔ དོན་དམ་རྩོལ་མེད་ཆོས་ཀྱིས་མི་ཚིམ་ཞིང་༔ འབད་རྩོལ་རྒྱུ་འབྲས་དོན་གྱི་དམ་པར་འཛིན༔ དེ་དུས་ཐབས་ཤེས་ལྟོ་སྦྱོར་གདམས་ངག་གཅེས༔ དེ་ཕྱིར་ཐབས་ཀྱི་ལམ་དུ་ཁ་དྲངས་ནས༔ འབྲས་བུ་བླ་ན་མེད་པའི་ཡང་རྩེར་བསྐྱལ༔ གནད་འདི་ལག་ཏུ་ལེན་པའི་རིམ་པ་ནི༔ ཐབས་མཁས་ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིས༔ དད་མོས་བརྩོན་འགྲུས་ལྡན་པའི་སློབ་མ་ལ༔ འཁོར་བར་ངེས་འབྱུང་སྐྱོ་ཤས་བསྐྱེད་པའི་ཕྱིར༔ བློ་ལྡོག་རྣམ་པ་བཞི་ཡི་དོན་སྟོན་ཅིང་༔ ཆོས་ཀྱི་སྣོད་རུང་སྔོན་འགྲོའི་བྱ་བ་བསྟན༔ དེ་ནས་ཡང་དག་ལམ་ལ་གཟུད་པའི་ཚུལ༔ དབང་པོ་རབ་འབྲིང་ཐ་མ་གསུམ་དུ་བརྟག༔ སྔོན་གྱི་ལས་འཕྲོ་སད་པའི་གཅིག་ཅར་རབ༔ དབང་འབྲིང་ས་བཅད་རིམ་པར་མི་ལྟོས་ཤིང་༔ གཅིག་ནས་གསུམ་བཞིར་ཐོག་རྒལ་གྱིས་བརྒལ་བྱེད༔ དབང་ཐ་ས་ལམ་རིམ་པར་རིམ་གྱིས་བགྲོད༔ རང་རང་རྒྱུད་དང་བསྟུན་པའི་ལམ་དུ་དྲངས༔ ལམ་འདིའི་མི་མཐུན་གོལ་ས་གཟུང་འཛིན་གཉིས༔ དེ་ཕྱིར་སྣང་བ་ཕྱི་ལྟར་གཏན་དབབ་ནི༔ འདི་ལྟར་སྣང་བ་ཐམས་ཅད་བདེན་མེད་སྟོང་༔ སྟོང་པའི་ངོ་བོ་གཞི་དབྱིངས་ཆོས་ཀྱི་སྐུ༔ མེད་བཞིན་ཡོད་པར་སྣང་བའི་བག་ཆགས་འཐས༔ དཔེར་ན་རྨི་ལམ་སྣང་བའི་རྫུན་རིས་ནི༔ གང་ནས་འོང་དང་གར་གནས་གར་སོང་བའི༔ ཡུལ་མེད་བཞིན་དུ་ཆོས་ཀུན་དེས་སྟོན་ཏོ༔ ནང་ལྟར་རྣམ་པར་ཤེས་པའི་ཕུང་པོ་རུ༔ ཟླ་བ་དང་ནི་ཆུ་ཟླ་ཇི་བཞིན་དུ༔ སྣང་བའི་ཆོས་ཀུན་རང་བྱུང་ཤར་བ་ནི༔ ཟླ་བས་ཆུ་ཟླ་མ་བྱས་ཟླ་བ་མིན༔ ཟླ་བ་མེད་ལས་ཆུ་ཟླ་མི་འབྱུང་བཞིན༔ སྣང་བ་སེམས་མིན་སེམས་ཀྱིས་ཀྱང་མ་བྱས༔ སེམས་མེད་པས་ཀྱང་སྣང་བར་མི་འགྱུར་རོ༔ གསང་བ་ཀུན་གཞིའི་མངལ་རྒྱར་དུབ་པ་ལས༔ རྣམ་པར་ཤེས་པ་མཆེད་པའི་སེམས་རྟོག་གི༔ བག་ཆགས་འཐས་པས་སྐུ་དང་ཡེ་ཤེས་བསྒྲིབས༔ ཕུང་པོ་ལྔ་དང་འབྱུང་ལྔ་ཁ་དོག་ལྔ༔ ལྷུན་གྲུབ་སྣང་བ་འཁོར་བའི་འཁོར་ལོས་བསྒྲིབས༔ བདག་ཏུ་འཛིན་ལས་ཕ་རོལ་འཁྲུལ་མཚམས་འབྱེད༔ རེ་དང་དོགས་པས་བཟང་ངན་ཡུལ་དུ་བལྟས༔ འཁོར་འདས་སོ་སོར་རང་རྒྱུད་ཅན་དུ་བཟུང་༔ དེས་ནི་ཡང་ཡང་འཁོར་བའི་རྒྱུད་དུ་འཁྲུལ༔ དེ་དོན་གཏན་ལ་ཕབ་ནས་མཁས་པར་སྦྱངས༔ ཡེ་གཞི་དོན་གྱི་སངས་རྒྱས་ཆོས་ཀྱི་སྐུ༔ དེ་ལས་གཞན་དུ་འཚོལ་ན་ངེས་པར་འཁྲུལ༔ གཟུང་འཛིན་སེམས་སུ་ཁམས་གསུམ་འཁོར་བ་གྲུབ༔ དེ་ལས་གཞན་དུ་ལྟ་ན་ཤིན་ཏུ་འཁྲུལ༔ དེའི་ཕྱིར་འཁོར་འདས་གཞན་དུ་ལྟ་བ་ཡི༔ གེགས་དང་གོལ་ས་གཅོད་པ་གནད་དུ་གཅེས༔ སླར་ཡང་ཟབ་ལམ་ཉམས་སུ་ལེན་པ་ལ༔ ཡེ་སངས་རྒྱས་པའི་ངང་དུ་མ་བཅོས་པར༔ བྱ་བ་བྱེད་པ་མེད་པར་ཅོག་གིས་བཞག༔ བལྟ་དང་གཏད་སོ་མེད་པར་ཡངས་ཁྲོལ་ལེ༔ བསྒོམ་དང་ཡིད་དཔྱོད་མེད་པར་ཧར་སང་ངེ་༔ འཇོག་དང་བཅས་བཅོས་མེད་པར་ལྷོད་དུང་ངེ་༔ འཛིན་སྟངས་རེ་དོགས་མེད་པར་འབོལ་ལེ་བ༔ ཀ་དག་སྤྲོས་བྲལ་ཀློང་ཆེན་ཆོས་སྐུའི་ཞལ༔ ཤེས་རབ་ཆེན་པོ་མངོན་གྱུར་རིག་པའི་དབྱིངས༔ བདེ་བའི་ཉམས་ཀྱིས་མྱོས་དང་ནོར་ར་རེ༔ གསལ་བའི་ཉམས་ལ་ཞེན་དང་ནོར་ར་རེ༔ སྟོང་ཉམས་ཧད་པོས་བསླུས་དང་ནོར་ར་རེ༔ ནོར་ན་ཁམས་གསུམ་འཁོར་བར་འདུ་བྱེད་དོ༔ དེ་ལྟར་མ་ནོར་བ་ཡི་ལམ་ཞུགས་ནས༔ ཁས་ལེན་བརྗོད་བྱའི་ཡུལ་ལས་འདས་པ་ཡི༔ མཚན་མ་ཚིག་དང་བྲལ་བའི་ཟང་མ་ཐལ༔ རང་ཐོག་རང་གྲོལ་ཆོས་ཉིད་རྒྱལ་པོའི་མཆོག༔ བརྟན་པ་མ་ཐོབ་བར་དུ་ཉམས་སུ་ལོངས༔ རྒྱུ་འབྲས་གཞན་གྱིས་ལྷན་པ་ཐེབ་མ་ཡིན༔ ཤེས་པར་གྱིས་ཤིག་ཕྱི་རབས་ལས་ཅན་རྣམས༔ ཟབ་ལམ་རྡོ་རྗེ་སྙིང་པོའི་ཁྲེགས་ཆོད་ཀྱི་གཞི་གཏན་ལ་དབབ་པ་དང་ལམ་ཉམས་སུ་ལེན་པའི་ལེའུ་སྟེ་དང་པོའོ༔ གུ་ཧྱ༔ དེ་ནས་ཐབས་ཤེས་ལྟོ་སྦྱོར་གྱི་ལམ་ལ་བརྟེན་ནས་འཇའ་ལུས་འཕོ་བ་ཆེན་པོའི་གྲོང་དུ་འཇུག་པའི་གདམས་པ་ཉམས་སུ་ལེན་པ་ལ༔ དང་པོ་འཁོར་འདས་རུ་ཤན་འབྱེད་ཕྱིར་གཉན་ཁྲོད་དུ་མར་རྒྱུ་ཞིང་རེ་དོགས་བཙན་ཐབས་སུ་གཅོད་པ་སྔོན་འགྲོ་དང་༔ དེ་ནས་ས་ལམ་གྱི་བར་ཆད་བསལ་ཕྱིར་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་བསྒྲུབ་ཅིང་བྱིན་རླབས་སྙིང་ལ་ཞུགས་པའི་རྟགས་སྒོ་གསུམ་ལ་འཆར་བ་ནི༔ ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་བྱིས་པས་རྩེད་འཇོ་རོལ་པ་ལྟ་བུ་དང་༔ ངག་སྨྲ་བརྗོད་ཀྱི་སྒོ་འཆོལ་བས་བདེན་མེད་བྱིས་པའི་ཅ་ཅོ་ལྟ་བུར་བྱུང་རྒྱལ་དང་༔ སེམས་ཀྱི་མངོན་ཞེན་བདག་མེད་དུ་ལྡོག་ནས་འཁོར་འདས་དག་མཉམ་གྱི་རོལ་པར་གོ་སྟེ་ཕྱི་ནང་གསང་གསུམ་ཐམས་ཅད་སྟོང་ཉིད་དུ་ཐག་ངེས་པར་ཆོད་པའི་ཉམས་གཅིག་ཤར་བ་ནི་མཁའ་འགྲོའི་དངོས་གྲུབ་ཐོབ་པའི་ཚད་ཡིན་ཏེ༔ གསང་བའི་སྒྲུབ་པ་འདི་ཉམས་སུ་ལེན་པའི་དུས་ལ་བབ་པ་ཡིན་པས་སྔོན་འགྲོའི་བྱ་བ་རྫོགས་པ་ཡིན༔ དེ་ནས་ལམ་ཉམས་སུ་ལེན་པ་ལ་བླ་མ་སྤྱི་བོར་བསྒོམ་ཞིང་མོས་གུས་དྲག་པོས་དབང་བཞི་བླངས་ཏེ་དགོངས་རྒྱུད་ཀྱི་ཕ་ཕོག་ཐོབ་པར་བྱས༔ དེ་ནས་སྐད་ཅིག་གིས་བརྟན་གཡོ་སྣོད་བཅུད་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་ཆོས་དབྱིངས་ཀ་དག་ཆེན་པོའི་ངང་དུ་ཞིག་པར་བསམ༔ སླར་ཡང་རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོ་སྐུ་ཆེ་ཞིང་ཡན་ལག་རགས་པ་ནམ་མཁའི་མཐའ་དང་མཉམ་པར་བསྐྱེད༔ དེ་ཡང་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་དང་སྨིག་རྒྱུ་ལྟ་བུར་གསལ་ལ་དེར་འཛིན་བྲལ་བ་ཞིག་ཏུ་བསྒོམ༔ ཕྱོགས་བཅུ་དུས་གསུམ་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འཇའ་སྤྲིན་འཐིབ་པ་བཞིན་དུ་བྱུང་ནས་རང་གི་སྒོ་གསུམ་ལ་ཐིམ་པར་བསམ་ལ་རིག་པ་རང་བབ་ངང་དུ་ཡུན་ཅིག་མཉམ་པར་བཞག་པ་ཐབས་དང་༔ སླར་ཡང་བཞུགས་སྟངས་རྣམ་པ་ལྔའི་གནད་བསྟན་པ་ནི༔ དང་པོ་སེངྒེའི་འདུག་སྟངས་ནི་རྐང་མཐིལ་ཁ་སྦྱར་བའི་དབུས་སུ་ལག་པ་རྡོ་རྗེའི་ཁུ་ཚུར་ལྷོད་ཆགས་པའི་མཐིལ་གཉིས་ས་ལ་བཙུགས༔ རྒལ་རྒྱུད་དྲང་པོར་བསྲངས་ཏེ་འདུག༔ གཉིས་པ་གླང་པོ་ཆེའི་ཉལ་སྟངས་ནི་པུས་བྲང་སྦྱར་ཞིང་ལག་མཐིལ་གྱིས་འགྲམ་པ་བཏེགས་ཏེ་གྲུ་མོ་ས་ལ་བཙུགས༔ གསུམ་པ་མཁའ་ལྡིང་གཤོག་བརྒྱང་ལྟ་བུ་ནི་ལུས་གན་རྐྱལ་དུ་ལོག་སྟེ་རྐང་ལག་ཐམས་ཅད་བརྐྱང་ནས་འདུག༔ བཞི་པ་དྲང་སྲོང་ཙོག་པུ་ནི་རྐང་མཐིལ་གཉིས་ས་ལ་བཙུགས་པུས་བྲང་སྦྱར་ནས་ལག་པའི་སོར་མོ་རེ་མིག་ལྟར་བསྣོལ་བས་པུས་མོ་འཁྱུད་ཅིང་སྡོད༔ ལྔ་པ་ཀུ་ས་ལི་ངལ་གསོ་ལྟ་བུ་ནི་རྐང་པ་གཉིས་མདུན་དུ་མཉམ་པར་བརྐྱང་ཞིངལག་གཉིས་ཁུ་ཚུར་གཡས་གཡོན་གྱི་ས་ལ་བཙུགས་ཏེ་རྒལ་པ་དྲང་པོར་བསྲངས༔ འཆར་གཞི་སྒོའི་གནད་ནི་གཟིགས་སྟངས་ཡིན་ཏེ་རྒྱང་ཞགས་ཕྱེད་བཙུམ་གྱིས་བལྟ་ཡུལ་ལ་ཁྲུ་གང་ཙམ་མ་རེག་པའི་སར་བལྟའོ༔ དེ་ཡང་བཞུགས་སྟངས་དང་པོ་ལ་གཟིགས་སྟངས་གྱེན་དུ་བལྟ༔ གཉིས་པ་ལ་གཡས་དང་གཡོན་དུ་བལྟ༔ གསུམ་པ་ལ་དྲང་པོར་བལྟ༔ བཞི་པ་ལ་ཐུར་དུ་བལྟ༔ ལྔ་པ་ལ་དྲང་པོར་བལྟའོ༔ རླུང་གནད་ཀྱང་མཆུ་དང་སོ་བག་ཙམ་མ་རེག་པའི་བར་ནས་རླུང་གི་འབྱུང་འཇུག་དལ་བ་ལ་བསླབ་པར་བྱའོ༔ དེ་ཡང་ལུས་ལ་ལྷོད་ཆགས་པ་དུར་ཁྲོད་ཀྱི་མི་རོ་ལྟར་བསྒུལ་བསྐྱོད་དང་བྲལ་བར་བཞག༔ ངག་ལ་ལྷོད་ཆགས་པ་ལྐུགས་པ་ལྟ་བུར་སྨྲ་བརྗོད་དང་བྲལ་བའི་ངང་ནས་དབུགས་བདེ་ལུགས་སུ་བཞག༔ སེམས་ལ་ལྷོད་ཆགས་པ་སྤྲིན་དྭངས་པའི་ནམ་མཁའ་ལྟ་བུར་བཞག༔ དེ་རུ་གདིང་བཅའ་བ་ནི་ལུས་དང་ངག་མི་འགུལ་བ་ལ་གདིང་བཅས་པས་རྩ་དང་རླུང་མི་འགུལ༔ རྩ་རླུང་མི་གཡོ་བས་སེམས་མི་འགུལ༔ དེ་ལ་བརྟེན་ནས་མིག་མི་འགུལ༔ དེ་མ་འགུལ་བས་དབྱིངས་དང་ཐིག་ལེ་མི་འགུལ་བའོ༔ ཡང་དྲང་བསྲང་བ་ནི༔ ལུས་དྲང་པས་རྩ་དྲངས༔ རྩ་དྲངས་པས་རླུང་སེམས་ལས་སུ་རུང་བར་འགྱུར་རོ༔ དེ་ལྟར་འདུག་སྟངས་དང་ལྟ་སྟངས་ཐམས་ཅད་རིམ་གྱིས་རྫོགས་དགོས་པ་ནི་མ་ཡིན་ཏེ༔ རང་གི་ཁམས་དང་དབང་པོར་འཚམས་པ་གང་ཡིན་པ་དེ་ལ་གདིང་བཅའ་བ་ལག་ལེན་ནོ༔ གནད་དེ་ལ་བརྟེན་ནས་དབྱིངས་དང་རིག་པ་མི་འགྱུར་བའི་ངང་དུ་གནས་པར་བྱ་བ་ཤེས་རབ་བོ༔ དེ་ལྟར་ཐབས་ཤེས་གཉིས་སུ་མེད་པའི་ཟབ་ལམ་དེ་ཟླ་བ་གཅིག་ལ་ཉམས་སུ་བླངས་པས་སྒོའི་གནད་བརྟན་ཅིང་སེམས་ལས་སུ་རུང་བར་འགྱུར་རོ༔ སྤྱན་དང་མངོན་ཤེས་རླབས་པོ་ཆེའི་བདག་ཉིད་ཟབ་ལམ་རྡོ་རྗེའི་སྙིང་པོ་ལས༔ སྔོན་འགྲོའི་གེགས་སེལ་དང་ལམ་ཉམས་སུ་ལེན་པའི་ལེའུ་སྟེ་གཉིས་པའོ༔ གུ་ཧྱ༔ སླར་ཡང་རང་ཉིད་རྡོ་རྗེ་མཁའ་འགྲོ་དཀར་མོ་གཡས་རྡོ་རྗེའི་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ༔ ཞབས་གཉིས་གར་སྟབས་བསྒྱུར་ཞིང་རུས་པའི་རྒྱན་གྱིས་སྤྲས་པ་ཁ་ཊྭཱྃ་ཀ་བརྟེན་པ༔ སྐུ་ལ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་ལ༔ བླ་མ་དང་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྲིན་ཕུང་ལྟ་བུར་ཐིབས་ཀྱིས་བྱུང་ནས་རང་ལ་ཐིམ་པར་བསམ་ལ་ཡུན་ཅིག་མཉམ་པར་བཞག༔ སླར་ཡང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་ཤིག་གེར་བཞག༔ དེ་ལ་ཟླ་བ་གཅིག་གོ༔ མེ་ལོང་ལྟ་བུའི་ཡེ་ཤེས་ལ་ལམ་བྱེད་པའི་ལེའུ་སྟེ་གསུམ་པའོ༔ གུ་ཧྱ༔ རང་ཉིད་རིན་ཆེན་མཁའ་འགྲོ་སེར་མོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཕྱག་གཡས་རིན་པོ་ཆེའི་ཡུ་བ་བྱས་པའི་གྲི་གུག་དང་གཡོན་པས་ཐོད་ཁྲག་ཐོགས་ཤིང་ཁ་ཊྭཱྃ་ཀ་བརྟེན་པ༔ དར་དང་རུས་རྒྱན་གསོལ་ཞིང་གར་སྟབས་མཛད་པ་ཡེ་ཤེས་འཇའ་ཐིག་འཁྱིལ་བའི་ཀློང་དུ་བསྐྱེད་དོ༔ བླ་མ་དང་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་གསེར་མདོག་འོད་ཀྱི་རྣམ་པར་བྱུང་ནས་རང་ལ་ཐིམ་པས་སྣང་གྲགས་རིག་གསུམ་ཐམས་ཅད་མཉམ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་ལ་མཉམ་པར་བཞག༔ སླར་ཡང་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་ཆེན་པོར་ལོངས་སྤྱོད་པར་བྱ༔ དེ་ལ་ཟླ་བ་གཅིག་གནད་དུ་བསྣུན་ནོ༔ མཉམ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ལམ་བྱེད་པའི་ལེའུ་སྟེ་བཞི་པའོ༔ གུ་ཧྱ༔ རང་ཉིད་པདྨ་མཁའ་འགྲོ་དམར་མོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཕྱག་གཡས་པདྨའི་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ་ཁ་ཊྭཱྃ་མཆན་དུ་བརྟེན་ཅིང་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཞབས་གཉིས་གར་སྟབས་མཛད་ཅིང་པད་ཉིའི་གདན་ལ་རོལ་པར་བསྒོམ་ཞིང་༔ བླ་མ་དང་པདྨ་རིགས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དམར་གསལ་འོད་ཀྱི་རྣམ་པར་བྱུང་ནས་རང་ལ་ཐིམ་པར་བསམ་ལ་མཉམ་པར་བཞག༔ སླར་ཡང་འོད་གསལ་གྱི་སྣང་བ་ཆེན་པོའི་ངང་དང་མི་འབྲལ་བར་བྱའོ༔ དེ་ལ་ཟླ་བ་གཅིག་གོ༔ སོར་རྟོག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ལེའུ་སྟེ་ལྔ་པའོ༔ གུ་ཧྱ༔ རང་ཉིད་ལས་ཀྱི་མཁའ་འགྲོ་ལྗང་མོ་གར་སྟབས་མཛད་ཅིང་ཕྱག་གཡས་རྒྱ་གྲམ་གྱི་ཡུ་བ་བྱས་པའི་གྲི་གུག་དང་༔ གཡོན་པས་ཐོད་ཁྲག་ཐོགས་པ་རུས་རྒྱན་དང་དར་སྣས་བརྒྱན་པ་མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་པར་བསྒོམ༔ བླ་མ་དང་ཀརྨ་རིགས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ལྗང་གསལ་འོད་ཀྱི་རྣམ་པར་རང་ལ་ཐིམ་པར་བསྒོམ་སྟེ་མཉམ་པར་བཞག༔ དབྱིངས་དང་རིག་པ་མི་འགྱུར་བའི་ངང་དུ་བཟོ་མི་འཆོས་པར་བཞག༔ དེ་ལ་ཟླ་བ་གཅིག་གོ༔ བྱ་གྲུབ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ལེའུ་སྟེ་དྲུག་པའོ༔ གུ་ཧྱ༔ རང་ཉིད་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་མཐིང་ནག་གྲི་གུག་དང་ཐོད་ཁྲག་ཐོགས་པ་ནུ་མ་འབུར་ཞིང་བྷ་ག་རྒྱས་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ༔ དར་དང་རུས་རྒྱན་གསོལ་ཞིང་གར་སྟབས་མཛད་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྐྱེད་དོ༔ བླ་མ་དང་སངས་རྒྱས་རིགས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་གཉིས་སུ་མེད་པར་བསམ་ལ་མཉམ་པར་བཞག༔ སླར་ཡང་དབྱིངས་དང་ཐིག་ལེའི་ཀློང་དུ་རིག་པ་རང་བབས་སུ་བཞག༔ དེ་ལ་ཟླ་བ་གཅིག་གོ༔ ཆོས་དབྱིངས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ལེའུ་སྟེ་བདུན་པའོ༔ གུ་ཧྱ༔ དེ་ལྟར་ཉམས་སུ་ལེན་པ་ལ་མཉམ་པར་བཞག་པའི་དུས་སུ་ཕྱི་ནང་གི་བར་ཆད་སེལ་ཞིང་ཆོས་ལམ་དུ་འགྲོ་བའི་ཕྱིར་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་ཞིང་དགོངས་རྒྱུད་ཀྱི་བྱིན་རླབས་རང་རྒྱུད་ལ་འཕོ་ཕྱིར་རྡོ་རྗེ་གསུམ་གྱི་དབང་བྱིན་བསྡུ་བ་ཐབས་ཀྱི་ལམ་དང་༔ འོད་གསལ་གྱི་སྣང་བ་ལ་ལམ་བྱེད་པ་ཤེས་རབ་བོ༔ རྗེས་ཐོབ་ཀྱི་དུས་སུ་ཡང་མཁའ་འགྲོ་དང་པོ་ལ་སྣང་བ་ཐམས་ཅད་བདེ་ཆེན་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་དང་༔ སྲིད་པ་ཐམས་ཅད་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཁོར་ལོར་ལམ་ཁྱེར་བྱེད་པ་ཐབས་དང་༔ རིག་པ་རང་བབ་བརྗོད་བྲལ་བློ་འདས་ཆེན་པོའི་ངང་ལས་མི་འདའ་བ་ཤེས་རབ་བོ༔ དེ་བཞིན་དུ་གཉིས་པ་ལ་སྣང་སྲིད་ཐམས་ཅད་མེ་ལོང་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རོལ་པའི་རྟེན་དང་བརྟེན་པ་དང་༔ གསུམ་པ་ལ་སྣང་གྲགས་རིག་གསུམ་ཐམས་ཅད་མཉམ་ཉིད་ཡེ་ཤེས་ཀྱི་ཞིང་དང་གཞལ་ཡས་ལྷ་སྔགས་ཀྱི་རོལ་པར་ལམ་དུ་ཁྱེར་བ་དང་༔ བཞི་པ་ལ་སོར་རྟོག་ཡེ་ཤེས༔ ལྔ་པ་ལ་བྱ་གྲུབ་ཡེ་ཤེས༔ དྲུག་པ་ལའང་གོང་བཞིན་དུ་སྣང་གྲགས་རིག་གསུམ་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཀྱི་ཞིང་དང་གཞལ་ཡས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་ལམ་ཁྱེར་བྱ་བ་ཐབས་དང་༔ རིག་པ་སྨྲ་བརྗོད་ལས་འདས་པའི་ངང་དུ་བཟོ་མི་འཆོས་པར་ཡན་པ་ནི་ཤེས་རབ་བོ༔ དེ་ལྟར་ཐབས་ལ་བརྟེན་པ་ནི་སྒོ་གསུམ་གྱི་མངོན་ཞེན་ཡེ་ཤེས་སུ་གཞིག་པ་དང་༔ ཕྱི་ནང་གསང་བའི་བར་ཆད་སེལ་ཞིང་ཆོས་ལམ་དུ་འགྲོ་བའི་ཕྱིར་སྣང་སྲིད་དག་པ་རབ་འབྱམས་སུ་སྦྱངས་པ་ཡིན༔ ཐབས་ཤེས་རང་གི་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ གུ་ཧྱ༔ སྦྱངས་པའི་གཞི་ནི་རང་གི་ཙིཏྟ་རིན་པོ་ཆེའི་སྦུབས་སུ་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་དར་དཀར་གྱི་སྐུད་པ་ལྟ་བུ་གཅིག་མིག་གི་ཨ་འབྲས་ཀྱི་དཀྱིལ་དུ་ཟུག་ཅིང་ཁ་ཕྱེས་པ༔ དེའི་ནང་ཁོངས་སྟོང་སང་དུ་ཕྱི་འབྱུང་ཆེན་ལྔའི་དྭངས་མ་འོད་ལྔའི་ཁ་དོག་ཏུ་གསལ་བའི་དབུས་སུ༔ ནང་འབྱུང་ཕྲན་ལྔའི་དྭངས་མ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པའི་ཀློང་དུ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་རིག་པ་བདེ་གཤེགས་སྙིང་པོ་འོད་གསལ་གྱི་འཆར་གཞིར་བཞུགས་པའོ༔ ལམ་དེ་ལ་བརྟེན་ནས་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་ཡོན་ཏན་མངོན་དུ་བྱེད་ཅིང་ཆོས་སྐུ་ཀུན་ཏུ་བཟང་པོའི་གོ་འཕང་དུ་བགྲོད་པ་ནི༔ དང་པོའི་གནས་སྐབས་སུ་སྒོའི་གནད་རྣམས་དང་ལྡན་པར་བྱས་ཏེ་མིག་ཕྱེད་བཙུམ་གྱིས་ཉི་མ་དང་ཟླ་བ་སྣང་གསལ་དང་མན་ཤེལ་ལ་ཁྲུ་གང་ཙམ་མ་རེག་པའི་སར་བལྟས་པས་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་རིས་ཀྱི་རྣམ་པར་ཟ་འོག་ཁ་ཕྱེ་བ་ལྟ་བུར་འཆར་རོ༔ དེའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་མུ་ཁྱུད་ཅན་གྲྭ་ཟུར་མེད་པ་འཆར་རོ༔ དེ་ནི་ཕྱིའི་སྒྲོན་མ་རྣམ་གཉིས་ཞེས་བྱའོ༔ ནང་གི་སྒྲོན་མ་ནི་རྒྱང་ཞགས་ཆུའི་སྒྲོན་མ་འོད་གསལ་མངོན་སུམ་དུ་འཆར་བའི་སྒོ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་འོད་གསལ་འཆར་བའི་གཞིར་གྱུར་པ་རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད་ཅན་ནོ༔ དེ་ལྟར་ཉམས་སུ་ལེན་པའི་ཚེ་དབྱིངས་དང་ཐིག་ལེའི་ཀློང་དུ་རིག་པ་གཏད་ནས་བཞག་པས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུར་གསལ་ལ་འཚེར་ཞིང་ཕྲ་ལ་འཁྱོགས་པ་འགྲོ་འོང་གི་རྣམ་པ་ཅན་དུ་འཆར་རོ༔ དེ་དག་ཐམས་ཅད་དང་པོའི་གནས་སྐབས་སུ་འདར་འཕྲིགས་ཅན་དུ་འཆར་བ་དང་༔ རེས་གསལ་བ་དང་རེས་མི་གསལ་བ་འབྱུང་སྟེ༔ དེ་ལ་རེ་དོགས་མི་བྱེད་པར་ཤེས་པ་མིག་ལ་གཏད༔ མིག་བར་སྣང་ལ་གཏད་དེ་བསྒུལ་བསྐྱོད་དང་བྲལ་བར་བཞག་གོ༔ དེ་ལྟར་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོའི་སྒོ་ནས་གནད་དུ་བསྣུན་ཏེ་བསྒོམ་པས་སྒྲོན་མའི་སྣང་བ་རྣམས་མི་འགུལ་བར་གནས་པའི་ཚེ་དང་པོ་གོམས་པའི་ཚད་ཐོག་ཏུ་ཕེབས་པ་ཡིན༔ ལམ་གྱི་གནད་འགགས་བསྟན་པའི་ལེའུ་སྟེ་དགུ་པའོ༔ གུ་ཧྱ༔ དེ་ལྟར་སྒྲོན་མའི་སྣང་བ་དེ་དག་ཐམས་ཅད་ཕྱི་རུ་ཤར་བ་མ་ཡིན་པའི་ཚུལ་ནི་རང་ལས་གཞན་གྱིས་མི་མཐོང་བ་དེས་སྟོན་ཏོ༔ རིག་པ་རང་ལ་རང་གདངས་ཤར་བ་ལས་ཕྱི་ནང་རང་རྒྱུད་ཅན་དུ་མི་གོལ་བ་གནད་ཀྱི་ཡང་ཏིག་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ དབྱིངས་རིག་དབྱེར་མེད་ཀྱི་རོལ་པར་བསྲེ་བ་གནད་ཀྱི་ཆིངས་གཅིག་ཡིན་ཀྱང་༔ དབྱིངས་སྣང་ཕྱི་རུ་བཟུང་ཞིང་རིག་པ་ནང་དུ་བཟུང་ནས་ཕྱི་ནང་ཟུང་འཇུག་ཏུ་གོ་ན་གཉིས་འཛིན་གྱི་སྒྲིབ་པ་རྔམས་པོ་ཆེ་ཡིན་པས་གོལ་སར་འཕྱན་པའི་སྤུན་ཐག་གོ༔ འོ་ན་པདྨ་ངའི་བརྒྱུད་འཛིན་ཨ་བྷྱའི་ཐོག་དྲངས་བཀའ་འདིའི་སྣོད་མཆོག་ཏུ་གྱུར་པ་རྣམས་ལ་ཁ་ཆེམ་དུ་གདམས་པས་ཉོན་ཅིག༔ རིག་པ་རང་བྱུང་གི་སངས་རྒྱས་དང་ཞལ་མཇལ་བའི་དུས་སུ་བཅས་བཅོས་མེད་པའི་ངང་ལ་ཡིད་ཆེས་པར་གྱིས་ཤིག༔ འཁོར་འདས་དག་མཉམ་གྱི་རོལ་པར་མཐོང་ཚེ་འཛིན་ཞེན་མེད་པའི་འཇུག་ངོགས་ངོ་ཤེས་པར་གྱིས་ཤིག༔ གནས་ལུགས་རྫོགས་པ་ཆེན་པོའི་ཡིན་ལུགས་མཐོང་ཚེ་སངས་རྒྱས་དང་རྒྱུ་འབྲས་གཞན་དུ་མི་འཚོལ་བའི་ངང་དུ་ཡིད་ཆེས་པར་གྱིས་ཤིག༔ འོད་གསལ་གྱི་སྣང་བ་ཆེན་པོ་མཐོང་བའི་ཚེ་ན་གཟུང་དང་འཛིན་པའི་འཆིང་བ་ཐད་ཀར་དུ་གྲོལ་བ་ཤེས་པར་གྱིས་ཤིག༔ ཤེས་པ་དང་པོ་འོད་གསལ་དུ་མཆེད་པ་རིག་པ་རང་བྱུང་གི་གདངས་ཡིན་པས་དེར་གཟའ་གཏད་མེད་པར་རང་བབས་སུ་འཇོག་པའི་གནད་ཤེས་པར་གྱིས་ཤིག༔ མཚན་མ་ཚིག་དང་བྲལ་བའི་གདམས་ངག་ཟབ་མོ་ཚིག་གི་ལམ་དུ་དྲངས་པའི་ཚིག་དོན་དེ་ནི་མཚན་མ་ཅན་ཡིན་པས་ཕ་རི་ལ་ལྟོས་ནས་ཚུར་རི་ངོ་ཤེས་པ་ལྟ་བུའི་གནད་ལ་མཁས་པར་གྱིས་ཤིག༔ རིག་པ་གཏད་ཅེས་པའང་གནས་ལུགས་ཡིན་ལུགས་རང་བབས་སུ་ལྷུག་པ་དེ་ལས་གཟའ་གཏད་ཅན་གྱི་བློ་རིག་པར་མི་འཁྲུལ་པ་འདི་གནད་དུ་ཟུངས་ཤིག༔ འོད་གསལ་གྱི་སྣང་བ་ཐམས་ཅད་རིག་པའི་རང་གདངས་རང་ལ་གསལ་བ་ལས་ཕྱི་ནང་བར་གསུམ་དུ་མི་འཛིན་པ་གནད་དུ་ཤེས་པར་གྱིས་ཤིག༔ ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད་པས་དེ་ལ་དེར་གསལ་བ་ཡིན་པས་གནད་འདི་མཆོག་ཏུ་ཤེས་པར་གྱིས་ཤིག༔ ལམ་གྱི་འཛོལ་བཀག་པའི་ལེའུ་སྟེ་བཅུ་པའོ༔ གུ་ཧྱ༔ འོ་ན་ལམ་འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ཀྱིས་དང་པོ་ཟླ་བ་གཅིག་ཙམ་ལ་ཉིན་མོ་ཉི་མ་དང་མཚན་མོ་ཟླ་བ་བར་སྐབས་རྣམས་སུ་མར་མེ་དང་མན་ཤེལ་རྣམས་ལ་བརྟེན་ནས་སྦྱངས་པས་སྒོའི་གནད་བརྟན་པའི་དགོས་པ་ཡོད་དེ༔ དེ་ཡང་ཉིན་མོ་ཉི་མའི་རྐྱེན་གྱིས་མིག་ལ་ཚ་བ་འཕེལ་བའི་སྐྱོན་མཚན་མོ་ཟླ་བའི་བསིལ་ཟེར་གྱིས་གསོད་པ་ཡིན་པས་དབང་པོའི་སྒོ་འདི་ལ་གེགས་མི་འཇུག་པའི་གནད་གཅིག་ཡིན༔ གང་ལའང་རྟེན་དེ་དག་ལ་མ་རེག་པའི་སར་བལྟ་བ་ནི་མིག་ལ་བྱམས་པའི་གནད་ཡིན༔ འོད་གསལ་གྱི་སྣང་བ་ཅུང་ཟད་བརྟན་པའི་ཚེ་བལྟ་ཕྱོགས་ཡང་སྔ་དྲོ་ནུབ་ཕྱོགས་དང་ཕྱི་དྲོ་ཤར་ཕྱོགས་སུ་བལྟ་བ་ཡིན༔ སྐར་ཁུང་དང་རེ་མིག་སོགས་གནམ་མཐོང་བའི་གསལ་ལམ་ལ་བརྟེན་ནས་སྦྱོང་བ་ནི་རྟག་ཏུ་གནད་དུ་ཆེའོ༔ དེ་ལས་ཉི་ཟླ་ལ་ཡུན་རིང་པོར་བལྟས་ན་མིག་གི་འོད་འཕྲོགས་ནས་བསྒྲིབ་པར་འགྱུར་རོ༔ འོད་གསལ་གྱི་སྣང་བ་ཤར་གྱི་རེ་བ་དང་མ་ཤར་གྱི་དོགས་པ་འཆར་བའི་ཐབས་ལ་འབད་རྩོལ་ལ་སོགས་པ་ཐམས་ཅད་སྤངས་ནས་མིག་ཕྱེད་བཙུམ་བྱས་ནས་བལྟ་བའི་ས་དེར་རང་བབས་སུ་བཞག་པས་དང་པོ་མ་མཐོང་ཡང་སླར་ཇེ་གསལ་དུ་འབྱུང་བར་གདོན་མི་ཟའོ༔ གནད་དེ་དག་ལ་མ་རྨོངས་པར་ཉམས་སུ་ལེན་པ་ལ་རྟག་ཏུ་བརྩོན་པར་བྱའོ༔ འདི་དུས་རེ་འགའ་ན་རེ༔ མིག་ལོང་བའི་སྐྱོན་འབྱུང་འོང་ཟེར་བ་ཡོད་ཀྱང་དེ་ལ་དོགས་པ་མི་འཇུག་པའི་ཚུལ་སྔོན་བྱོན་གྱི་རིག་འཛིན་གྲུབ་ཐོབ་འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་པ་རྣམས་ལམ་གྱི་འཇུག་སྒོ་འདིར་བརྟེན་ནས་གྲོལ་བ་ཡིན་ཏེ་མིག་ཀྱང་མ་ལོང་༔ མི་ཚེ་གཅིག་ལ་མིག་ཧྲིལ་པོར་ཕྱེས་ནས་གསལ་ལམ་དང་ཡུལ་ལ་ལྟད་མོ་བལྟས་པའི་རྐྱེན་གྱིས་མིག་མི་ལོང་ན་ཕྱེད་བཙུམ་གྱིས་ལོང་བའི་དོན་མ་མཆིས་པས་བདུད་ཀྱི་བསླུ་ཚིག་ཏུ་གདོན་མི་ཟ་བ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ བྱ་བཏང་ཁོ་ནའི་སྤྱོད་ཡུལ་ལས་གཞན་གྱིས་མ་ཡིན་ཞེས་ཟེར་བ་ཡང་སྲིད་ན༔ ཁྱིམ་མེད་རབ་ཏུ་བྱུང་ནས་བཟུང་སྟེ་ཆོས་ཐམས་ཅད་བྱ་བཏང་གི་སྤྱོད་ཡུལ་ལགས་ཀྱང་ཚུལ་དེ་ལྟར་ལྡན་པ་ནི་དཀོན་པའི་ཕྱིར༔ མི་གང་གིས་ཡུལ་གང་ནས་ཉམས་སུ་བླངས་ཀྱང་བླ་མ་དམ་པ་དང་མི་འབྲལ་བར་བརྩོན་འགྲུས་དྲག་པོའི་སྟོབས་ཀྱིས་ཉམས་སུ་བླངས་པས་གྲོལ་བ་ངེས་པར་འཐོབ་པར་གདོན་མི་ཟའོ༔ ལ་ལས་ན་རེ་ཁྲེགས་ཆོད་ཀྱིས་གྲོལ་བ་མ་ཐོབ་བར་དུ་ཐོད་རྒལ་བསྒོམ་པའི་དུས་མ་ཡིན་ཞེས་ཟེར་ནའང་ཁྲེགས་ཆོད་ཀྱིས་གྲོལ་བ་ཐོབ་དུས་ལམ་གཞན་ལ་བརྟེན་དགོས་པའང་མེད་མོད་དེ༔ ཁྲེགས་ཆོད་ཀྱི་ལམ་བུལ་བས་གྲོལ་བ་ཐོབ་པ་ཤིན་ཏུ་ཉུང་བའི་ཕྱིར་མྱུར་ལམ་ཟབ་མོ་ཐོད་རྒལ་ལ་བརྟེན་ན་རིང་པོར་མི་ཐོགས་པར་གྲོལ་བའི་གནད་ཡོད་པའི་ཕྱིར་ལམ་འདི་བླ་ན་མེད་པའོ༔ ལ་ལས་ནི་ཐོད་རྒལ་འདི་གེགས་དང་གོལ་ས་མང་བས་ལེགས་ཉེས་ཤིན་ཏུ་ཆེ་བ་ཡིན་ཟེར་བ་ཡང་འབྱུང་སྟེ༔ དེ་ཡང་ལམ་གང་ལ་བརྟེན་ཀྱང་མཚན་ལྡན་གྱི་བླ་མ་དམ་པས་མ་ཟིན་ན་གེགས་དང་གོལ་ས་མེད་པའི་ལམ་ནི་ཡོད་མི་སྲིད་དེ་རིག་པས་དཔྱད་པ་བཏང་བས་ངེས་པར་ཤེས་མཛོད༔ དུས་དེང་སང་རྫོགས་པ་ཆེན་པོའི་བསྟན་པ་ཉམས་དམའ་བས་ལམ་འདི་ལ་གཤེ་ཞིང་སྐུར་པ་འདེབས་པ་ཤིན་ཏུ་མང་པོ་འབྱུང་སྟེ་དེའི་དོན་ནི༔ ལ་ལ་བསྐལ་པ་དཔག་ཏུ་མེད་པར་ཐེག་པ་འདི་དང་ལས་འབྲེལ་མེད་པ་དང་༔ ལ་ལ་ནི་བདུད་དང་རཱུ་དྲས་བསླད་ནས་ཡང་དག་པའི་ལམ་ལས་རིང་དུ་སོང་བ་དང་༔ ལ་ལ་ནི་རང་དབང་དང་བྲལ་ཞིང་གཞན་གྱི་དབང་དུ་གྱུར་པས་གཞན་རྗེས་སུ་འབྲངས་ནས་ལམ་འདི་ལས་རིང་དུ་དབེན་པ་ཡིན་ཏེ༔ ལམ་འདིར་འཇུག་པའི་སྐྱེས་བུ་རྣམས་ཀྱིས་བློ་སྙིང་ཕུར་ཚུགས་སུ་གཏོད་པ་དང་སུས་ཀྱང་ཁ་ལ་མི་ཉན་པ་གནད་ཀྱི་ཡང་གཅེས་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ ལམ་གྱི་འཇུག་པ་ལ་སུན་འབྱིན་གྱི་གེགས་བསལ་བའི་ལེའུ་སྟེ་བཅུ་གཅིག་པའོ༔ གུ་ཧྱ༔ གདམས་པ་འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་དེ་ལ་མཚན་ཉིད་འདི་དག་ཚང་དགོས་པས་རྟོགས་ཤིག༔ བྱིན་རླབས་ཀྱི་ཆུ་བོ་བསྟེན་པའི་བུམ་བཟང་དད་པ་ཡིན་པས་ལྡན་དགོས༔ དགོངས་རྒྱུད་ཀྱི་ཕ་ཕོག་འདེབས་པའི་བང་ཁང་དམ་ཚིག་ཡིན་པས་ལྡན་དགོས༔ རྣམ་མཁྱེན་གྱི་བསྐུལ་མ་ངེས་འབྱུང་ཡིན་པས་ལྡན་དགོས༔ ཐར་ལམ་གྱི་ཤིང་རྟ་བརྩོན་འགྲུས་ཡིན་པས་ལྡན་དགོས༔ ཡང་དག་པའི་སྐྱེལ་མ་སྙིང་རུས་དང་སྡུག་སྲན་ཡིན་པས་འཛོམ་དགོས༔ དེ་ལྟ་བུའི་ཡོན་ཏན་དང་ལྡན་ན་ལམ་འདི་ཉམས་སུ་བླངས་པས་ལས་ལ་བཟང་ངན་དང་དབང་པོ་ལ་རྣོ་རྟུལ་མེད་པར་ལོ་གསུམ་གྱིས་རིག་འཛིན་དང་པོའི་ས་རུ་ཕེབས་པར་ངེས་པ་ནི་མི་འགྱུར་བའི་གཏན་ཚིགས་ཡིན༔ དེང་སང་རྫོགས་པ་ཆེན་པོའི་བསྟན་པ་རི་མོའི་མར་མེ་ལྟར་སོང་ནས་ཆོས་ལུགས་རྫོགས་ཆེན་དུ་བློ་བདེ་བ་ཙམ་ལས་ཤེས་རྒྱུད་རྫོགས་ཆེན་དུ་གྲོལ་བ་ཤིན་ཏུ་དཀོན་པས་འཆི་ཁ་ཐ་མལ་དུ་ལུས་པ་ཕུང་ཚབ་ཆེ་བར་སོམས་ཤིག༔ སྙིགས་མའི་དུས་ལ་བབས་ཚེ་བསྟན་པ་ཁ་བཤད་ཙམ་དུ་འགྲིབ་པ་ནི་ཉི་མ་ནུབ་པའི་ཤུལ་གྱི་འོད་ཐག་སྣང་བ་ཙམ་མོ༔ སྔོན་བསྐལ་པ་དང་པོའི་དུས་སུ་ཐོས་པ་རྒྱ་ཆེ་བས་ལམ་གྱི་གནད་དོན་ཤེས་ཤིང་༔ བསྒོམ་པ་གཏིང་ཟབ་མོས་རྣམ་མཁྱེན་གྱི་གོ་འཕང་ལ་བགྲོད་པ་ཡིན་པས་དེ་གཉིས་ཀ་འཛོམ་ན་ཆོད་ཆེ༔ གནད་གཉིས་ཀ་དང་ལྡན་ན་སྐལ་པ་རབ་དང་ལྡན་པ་ཡིན་ཏེ༔ མི་ལྡན་ནའང་སྒོམ་པ་ཟབ་མོའི་ཉམས་ལེན་ཞིག་མེད་ན་རྣམ་མཁྱེན་གྱི་ལམ་ལ་ཕྱོགས་ཙམ་ཉེ་བ་མ་ཡིན་པའི་ཚུལ་ཤེས་དགོས་པ་ནི་གནད་གལ་པོ་ཆེ་ཡིན༔ རྒྱུ་འབྲས་ངེས་དོན་དུ་རློམ་ནས་ས་ཕུག་དང་ལུང་སྟོང་སྤྱིལ་པོ་རྣམས་སུ་མི་ཚེ་སྡུག་ཟད་བྱེད་པའི་བླུན་པོ་ཁ་འགུལ་དང་༔ མཁས་རློམ་རང་མཐོང་གིས་རྒྱུད་ཁེངས་ཤིང་གྲོང་ཡུལ་ཀུན་ཏུ་ཁྱི་འཁྱམ་བཞིན་དུ་ཉུལ་ནས་ཁྱད་གསོད་ཀྱིས་སྡང་ཚིག་སྒྲོགས་པའི་ཅོལ་ཆུང་རྣམས་དང་༔ སེམས་ཀྱི་འཁྲུལ་འཁོར་ལ་བློ་ཡིད་ཀྱིས་བཅོས་བསྒྱུར་བྱེད་པའི་སྒོམ་ཆེན་དུ་རེ་བའི་མི་ཚེ་དེར་འདའ་བའི་དམུས་ལོང་རྣམས་ནི་ངེས་གསང་གི་སྐལ་བ་ཆད་པ་ཁོ་ནའོ༔ གཞན་ཡང་ཅོལ་ཆུང་བ་རྩ་ཁམས་ཡངས་པ་ལེ་ལོ་དང་རྣམ་གཡེངས་ཆེ་བ་རྣམས་ནི་ལམ་དུ་མི་ཚུད་པ་དང་ལམ་ལས་ལྡོག་པའི་སྐྱེས་བུ་ཡིན་པས་གྲོལ་བ་ཐོབ་པ་ནི་ཤིན་ཏུ་དཀོན་པ་ཡིན་ནོ༔ སྣོད་དང་གདམས་པའི་སྐྱོན་བསལ་བའི་ལེའུ་སྟེ་བཅུ་གཉིས་པའོ༔ གུ་ཧྱ༔ ཀྱེ་པདྨ་བདག་གི་བརྒྱུད་པ་འཛིན་ཅིང་ཆོས་འདིའི་སྣོད་མཆོག་ཏུ་གྱུར་པ་རྣམས་ཉོན་ཅིག༔ ལྟོས་ཤིག༔ རྟོགས་ཤིག༔ རང་བཞིན་ཐེག་མཆོག་རྒྱལ་པོ་འདི་ནི་ཁྱད་འཕགས་ཀྱི་ཆེ་བ་བདུན་དང་ལྡན་པ་ཡིན་ཏེ༔ བསྐྱེད་རིམ་གྱིས་ཡུལ་རང་རྒྱུད་པར་བལྟས་ནས་གྲོལ་ས་གཞན་དུ་རློམ་པ་རྣམས་རྒྱུ་སྒྲུབ་པས་འབྲས་བུ་ལ་རེ་སྨོན་ཙམ་ལས་ཤིན་ཏུ་ཐག་རིང་བ་ཡིན༔ ཐོད་རྒལ་གྱིས་རང་སྣང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་བྱེད་པས་ཁྱད་པར་དུ་འཕགས་པ་དང་༔ རྩ་རླུང་འཛིན་རྩོལ་ཅན་ཉམས་སུ་བླངས་པས་གེགས་དང་གོལ་ས་ཤིན་ཏུ་མང་བའི་སྐྱོན་ལ་མ་ཐོགས་ཀྱང་རྒྱུ་ལ་སྤྱོད་པས་འབྲས་བུ་ལ་རྒྱང་རིང་བའི་སྐྱོན་ཡོད་དེ༔ ཐོད་རྒལ་གྱིས་འཛིན་རྩོལ་དང་བྲལ་བའི་རྩ་རླུང་རང་དལ་བས་དུག་གསུམ་གྱི་ལས་རླུང་རང་མལ་དུ་གསོད་པས་ཁྱད་དུ་འཕགས་པ་དང་༔ ཁྲེགས་ཆོད་ཀྱིས་སྐྱོན་དང་ཡོན་ཏན་ལྐོག་ཏུ་གྱུར་པས་མི་མཐོང་བ་ལ༔ ཐོད་རྒལ་གྱིས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གདངས་མངོན་སུམ་དུ་མཐོང་བས་ཁྱད་དུ་འཕགས་པ་དང་༔ ཁྲེགས་ཆོད་ཀྱི་ལམ་བློ་དང་ཡིད་དཔྱོད་ཀྱི་ཡུལ་དུ་སོང་བས་ལམ་བགྲོད་འཕགས་ཤིན་ཏུ་བུལ་བ་ལ༔ ཐོད་རྒལ་དུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མ་བསྒོམ་རང་བྱུང་ལྷུན་གྱིས་གྲུབ་པའི་ངང་དུ་རང་ཡན་པས་ལམ་ཐམས་ཅད་གཅིག་ཆར་དུ་བརྒལ་བས་ཁྱད་དུ་འཕགས་པ་དང་༔ ཁྲེགས་ཆོད་དུ་བརྩོན་འགྲུས་དང་སྙིང་སྟོབས་དྲག་པོས་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་གྲོལ་བའི་ས་ལ་ཕེབས་ནའང་ལུས་རྡུལ་ཕྲན་དུ་དེངས་པ་ལས་འོད་གསལ་དུ་མི་སྨིན་པ་ལ༔ ཐོད་རྒལ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སྨིན་ཅིང་འཇའ་ལུས་འཕོ་བ་ཆེན་པོར་གྲོལ་བས་ཁྱད་དུ་འཕགས་པ་དང་༔ ཐེག་པ་གཞན་ཐམས་ཅད་སྐྱེ་བ་དུ་མར་ཚོགས་སྨོན་གྱི་སྟོབས་བསགས་པའི་འབྲས་བུས་རྣམ་པར་གྲོལ་བའི་ས་ལ་ཡིད་སྨོན་བྱེད་པ་ཙམ་ལས་ཚེ་གཅིག་ལུས་གཅིག་གིས་གྲོལ་བར་མི་འགྱུར་བ་ལ༔ ཐོད་རྒལ་དུ་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པས་ཚེ་གཅིག་ལུས་གཅིག་ཏུ་འཇའ་ལུས་ཆོས་ཀྱི་སྐུར་འཚང་རྒྱ་བས་ཁྱད་དུ་འཕགས་པ་དང་༔ ཐེག་པ་གཞན་རྣམས་ཀྱིས་གལ་ཏེ་དབང་པོ་རྣོ་ཞིང་བརྩོན་འགྲུས་ཆེ་བ་ཞིག་གྲོལ་བ་ཐོབ་སྲིད་ནའང་༔ གྲོལ་ས་དང་གྲོལ་མཁན་གཉིས་སུ་བྱས་ཏེ༔ དེར་ཡང་སྟོན་འཁོར་དུ་སྣང་བས་ཐེག་ཆེན་གྱི་ལམ་དུ་བགྲོད་དེ་ཡང་གྲོལ་གྱི་ས་རུ་བགྲོད་དགོས་པ་ལས༔ ཐོད་རྒལ་དུ་ཚེ་གཅིག་ལུས་གཅིག་གིས་རང་གྲོལ་གདོད་མའི་མགོན་པོ་འོད་མི་འགྱུར་བའི་ངང་དུ་འཚང་རྒྱ་བས་ཁྱད་དུ་འཕགས་པའོ༔ དེ་ལྟར་ཡོན་ཏན་ཀུན་དང་ལྡན་པའི་ཐེག་མཆོག་བླ་ན་མེད་པ་འདིའི་རྣམ་པར་ཐར་པ་ནི་སངས་རྒྱས་ཀྱི་ཡོན་ཏན་བཟང་པོས་བཅོས་སུ་མེད་དེ༔ ཡེ་སངས་རྒྱས་པ་ལ་ཡང་སངས་རྒྱས་བས་བསླད་མི་འཇུག་པ་དང་༔ སེམས་ཅན་ངན་པས་ངན་པར་མ་བསྒྱུར་ཏེ༔ ཡུལ་མེད་ཟང་ཐལ་ཆེན་པོ་ལ་ཡུལ་གཞན་གྱིས་བསྒྱུར་དུ་མི་བཏུབ༔ གདོད་ནས་རང་བྱུང་ཆེན་པོ་ལ་སྐྱེ་བའི་ཡུལ་བདག་མེད་པས་མ་སྐྱེས་པ༔ ཆོས་ཉིད་གདོད་ནས་སྟོང་པ་ལ་འགག་པའི་མཐའ་མེད་པས་མ་འགགས་པ༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ་དངོས་དང་བདག་པོ་མེད་པས་རྟག་པ་མ་ཡིན༔ ཆོས་ཉིད་བྱང་ཆུབ་ཆེན་པོ་ཅང་མེད་དུ་མ་གྱུར་པས་ཆད་པ་རུ་མ་སོང་༔ རང་བྱུང་བདེ་ཆེན་རྒྱལ་པོ་མཐའ་དབུས་དང་བྲལ་བས་འོང་བའི་ཡུལ་བདག་དང་བྲལ་བ༔ དུས་གསུམ་ཐོག་མཐའ་ལས་འདས་པའི་ཀ་དག་བརྡལ་ཁྱབ་ཆེན་པོ་འགྲོ་བའི་ཡུལ་དང་བྲལ་བ༔ ཡེ་ཤེས་ཡོན་ཏན་གྱི་སྐུ་མཆོག་མཐའ་གཅིག་ཏུ་མ་ངེས་པ༔ ལྷུན་གྲུབ་གཞོན་ནུ་བུམ་སྐུ་དོན་སོ་སོ་རུ་མ་སོང་བ༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ་མཐའ་དབུས་དང་ཕྱི་ནང་ཁས་ལེན་དང་ངོས་བཟུང་ཐམས་ཅད་ལས་འདས་པས་སྟོང་པ་ཉིད་དང་༔ ཚིག་གིས་མི་མཚོན་པ་དོན་གྱིས་ལ་མི་ཟློ་བ་དཔེ་ཡིས་ཚད་མི་ཐེབ་པས་མཚན་མ་དང་བྲལ་བ༔ རང་ཐོག་ཏུ་རང་གྲོལ་བ་ལས་རྒྱུ་འབྲས་གཞན་གྱིས་མི་གྲོལ་བས་ཡུལ་ལ་སྨོན་པ་མེད་པའོ༔ རྣམ་པར་ཤེས་པ་བདག་མེད་རང་སར་ཡན་པས་རྣམ་ཤེས་མཐའ་ཡས༔ རིག་པ་སྦྱངས་བགྲོད་ལས་འདས་པས་ཅུང་ཟད་མེད་པ༔ ཆོས་ཉིད་རྟག་ཆད་ལས་འདས་པས་ཡོད་མིན་མེད་མིན༔ ཁྱབ་བརྡལ་ཕྱོགས་མཐའ་ལས་འདས་པས་ནམ་མཁའ་མཐའ་ཡས༔ རིག་པ་སྦྱངས་བགྲོད་ལས་འདས་པས་ཅུང་ཟད་མེད་པའོ༔ ལྷུན་གྲུབ་ཀྱི་གདངས་ལ་ངོ་བོས་ལམ་བྱེད་པ་རྒྱུའི་ཐེག་བརྒྱད༔ སྐུ་གསུམ་དབྱེར་མེད་ཆིག་རྫོགས་ཀྱི་རོལ་པ་མངོན་དུ་བྱེད་པའི་འབྲས་བུའི་ཐེག་པའོ༔ མཚན་ཉིད་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ གུ་ཧྱ༔ སླར་ཡང་རང་ཐོག་ཏུ་ངོ་སྤྲོད་ཅིང་རང་དབང་སྦྱིན་པ་ནི༔ ཀྱཻ་ཆོས་ཉིད་རིག་པའི་སྐྱེས་བུ་ཉོན་ཅིག༔ ད་ལྟའི་ཤེས་པ་སྐྱེ་འགགས་ལས་འདས་པ་བློ་ཡིད་རྟོག་པས་མི་བཅོས་པར་རང་སར་ཞོག་དང་༔ ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེའི་འཆར་སྒོ་མ་འགག་པ་དེ་ཉིད་སྐུ་གསུམ་ཡེ་རྫོགས་ཀྱི་བདག་ཉིད་ཡིན་པས་ངོ་ཤེས་པའི་ངང་ལ་གདིང་བསྐྱེད་ཅིག༔ བཙན་ས་ཟུངས་ཤིག༔ ཨ་ཨ་ཨ་ཕཊ༔ སླར་ཡང་རང་སྣང་ཡེ་ཤེས་གསང་བའི་དཀྱིལ་འཁོར་ལ་ཤེས་རབ་ཀྱི་མིག་གིས་ལྟོས་དང་༔ མ་དག་སྙིགས་མའི་སྣང་སེམས་འོད་གསལ་སྒྲིབ་གཡོགས་དང་བྲལ་བའི་དབྱིངས་སུ་དེངས་ནས་ཆོས་ཉིད་ཡིད་དཔྱོད་ལས་འདས་པར་མངོན་སུམ་དུ་སྣང་བ་འདི་འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ༔ ད་ལྟའི་སངས་རྒྱས་རྣམས་ཀྱི་བཞུགས་ས༔ མ་འོངས་པའི་སངས་རྒྱས་རྣམས་ཀྱི་བགྲོད་པ་གཅིག་པུའི་ལམ་ཡིན་པས་ཁྱོད་ལ་རང་དབང་དུ་སྟེར་བ་ཡིན་ཏེ་ཟུངས་ཤིག༔ འཆོངས་ཤིག༔ སྤྱོད་ཅིག༔ འོད་གསལ་གྱི་སྣང་བ་དབྱིངས་དང་ཐིག་ལེ་རིག་པ་མི་འགྱུར་བ་འདི་ཀ་གདོད་མའི་ཡེ་གཞི་ཀ་ནས་དག་པའི་སངས་རྒྱས༔ རྣམ་གྲོལ་མྱུར་ལམ་སྙིང་པོའི་དམ་ཆོས༔ མི་ཕྱེད་གཉིས་མེད་དུ་འདུན་པ་དགེ་འདུན་ཡིན་ཏེ༔ དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན་པ་གནས་ལུགས་དོན་གྱི་སྐྱབས་འགྲོ་འདི་ཁོ་ན་ཡིན་པས་ཟུངས་ཤིག༔ སྲིད་པ་ལས་རབ་ཏུ་འཕགས་པའི་བླ་མ༔ བདག་རྟོག་དབྱིངས་སུ་གཞོམ་པའི་ཡི་དམ༔ འཁོར་འདས་དག་མཉམ་དུ་རོལ་པའི་མཁའ་འགྲོ༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྙིང་པོ་གཅིག་ཏུ་དྲིལ་ནས་བསྒྲུབ་པ་འདི་ཁོ་ན་ཡིན་པས་ཟུངས་ཤིག༔ འོད་གསལ་གྱི་བཀོད་པ་ཆེན་པོ་འདི་ཀ་སྒྲིབ་གཡོགས་བྲལ་བས་དཀར་པོ༔ ཡོན་ཏན་རྫོགས་པས་སེར་པོ༔ ཆགས་པ་བྲལ་བས་དམར་པོ༔ མ་བཙལ་རྫོགས་པས་ལྗང་གུ༔ རྟག་ཆད་ཀྱི་མཐར་མ་ལྷུང་བས་མཐིང་གའོ༔ འོད་གསལ་དེ་ཉིད་ངོ་བོ་ཀ་ནས་དག་པས་སངས་རྒྱས༔ དུས་གསུམ་འཕོ་འགྱུར་མེད་པས་རྡོ་རྗེ༔ སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས་པས་རིན་པོ་ཆེ༔ རང་བྱུང་བདེ་བ་ཆེན་པོ་མི་འགྱུར་བས་པདྨ་བྱ་རྩོལ་བྲལ་བས་མ་བསྒྲུབ་ལྷུན་གྲུབ་ཏུ་རྫོགས་པས་ལས་ཀྱི་རིགས་སོ༔ རིགས་ལྔ་རིགས་གཅིག་ཏུ་རྫོགས་པ་རིགས་ཀུན་གྱི་ཁྱབ་བདག་ཆེན་པོར་དོན་དམ་པའི་བསྒྲུབ་པ་ཡང་འདི་ཁོ་ནའོ༔ ད་སྐྱེས་བུ་ཁྱོད་ཀྱི་རང་སྣང་སྟོང་པ་སངས་རྒྱས་མཁའ་འགྲོ༔ རང་ལ་རང་གསལ་བ་རྡོ་རྗེ་མཁའ་འགྲོ༔ འོད་སྣང་ལྷུན་སྟུག་པ་རིན་ཆེན་མཁའ་འགྲོ༔ གསལ་བ་སྐྱོན་དང་བྲལ་བ་པདྨ་མཁའ་འགྲོ༔ ལྷུན་གྲུབ་ཀྱི་སྣང་བ་མ་བཙལ་རྫོགས་པ་ལས་ཀྱི་མཁའ་འགྲོ༔ མ་ངེས་སྣ་ཚོགས་སུ་སྣང་བ་སྣ་ཚོགས་མཁའ་འགྲོ༔ རང་ངོར་རང་དམ་ལྡན་པའི་རང་གྲོལ་བ་དེ་ལས་འདས་ན་འཁོར་བ་དང་ངན་སོང་གི་འཇིགས་ཆེན་མེ་ལྟ་བུས་ཚིག་པ་དེའི་དོན་གྱིས་དམ་ཚིག་གི་མཁའ་འགྲོ༔ སྣང་བ་ཐམས་ཅད་སྟོང་པ་ཆེན་པོར་རང་ཆས་སུ་ཡོད་པ་ཐམས་ཅད་མཁའ་འགྲོ་ཡིན་པས༔ འོད་གསལ་གྱི་སྣང་བ་ཆེན་པོ་མཐོང་ནས་ངོ་འཕྲོད་པ་ཙམ་གྱིས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྲོག་ལ་དབང་ཐོབ་པ་ཡིན་པས་ཡིད་ཆེས་པར་གྱིས་ཤིག༔ ཀྱཻ་རིགས་ཀྱི་བུ་ཁྱོད་རང་གི་སྣང་བའི་འོད་གསལ་རྒྱ་ཆེ་ལ་ལྷུན་འཐུག་པ་འོད་དང་ཐིག་ལེའི་ཕུང་པོ་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡིན་ཏེ༔ དེའི་ཞིང་དུ་ནམ་མཁའ་ལྡིང་གི་ལྟ་སྟངས་ཀྱིས་ལྟོས་ལ་སྟག་མོའི་མཆོང་སྟངས་ཀྱིས་མཆོངས་ཤིག༔ ཨ་ཨ་ཨ་ཕཊ༔ ཀྱཻ་རིགས་ཀྱི་བུ་འོད་སྣང་གོང་དུ་འཕེལ་ནས་སྣང་བ་ཐམས་ཅད་འོད་གསལ་དུ་སྨིན་ཏེ་སྲིད་པ་ཐིག་ལེའི་དཀྱིལ་འཁོར་དུ་དག་པ་དེ་ཀ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཅེས་བྱ་བ་ཡིན་ཏེ༔ དེའི་དྲུང་དུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ལ་ཁྱུང་ཆེན་འཕུར་སྟངས་ཀྱིས་འཕུར་ཅིག༔ ཨ་ཨ་ཨ་ཕཊ༔ ཀྱཻ་རིགས་ཀྱི་བུ་སྣང་བའི་འཕེལ་ཚད་རྫོགས་ནས་སྣང་སྲིད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་སྐུ་དང་ཚོམ་བུར་ཤར་བ་འདི་ཀ་ལོངས་སྤྱོད་རྫོགས་པའི་སྐུ་ཀུན་སྣང་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཡིན་ཏེ༔ དེར་སེངྒེའི་ལྟ་སྟངས་ཀྱིས་ལྟོས་ལ་གློག་དམར་འཁྱུག་སྟངས་ཀྱིས་སོངས་ཤིག༔ ཨ་ཨ་ཨ་ཕཊ༔ ཀྱཻ་རིགས་ཀྱི་བུ་ཁྱོད་ཀྱིས་བགྲོད་པ་གསུམ་གྱིས་ཕ་རོལ་ན་དངོས་མཚན་ཁ་དོག་དང་བྲལ་བ་ཆོས་དབྱིངས་ཀ་ནས་དག་པའི་ཀློང་ཆེན་པོ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དེ་ཀ་གཞིའི་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ཏེ་དེར་ཀུན་ཁྱབ་ཡེ་ཤེས་ཀྱིས་གཟིགས་ལ་ནམ་མཁའ་ཁྱབ་བརྡལ་དུ་ཡན་ཐོངས༔ ཨ་ཨ་ཨ་ཕཊ་ཀྱིས་ཕྱིར་མི་ལྡོག་པར་རྒྱས་གདབ༔ ཀྱཻ་ཆོས་དབང་མི་འགྱུར་དབང་ཕྱུག་ཆེན་པོ་ཁྱོད་ལ་ད་ནི་དུས་གསུམ་གྱི་རྒྱལ་བ་ཡབ་ཡུམ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་གི་ཆུ་བོ་ཐམས་ཅད་འདུས་པ་གདོད་མ་གཞིའི་རྒྱལ་པོའི་དབང་འདི་ཐོབ་པས་དབང་ཐམས་ཅད་གཅིག་ཅར་དུ་རྫོགས་ཤིང་ཐོབ་པ་ཡིན་པས་ཡིད་ཆེས་པར་གྱིས་ཤིག༔ ད་ནི་རྡོ་རྗེའི་བླ་མ་ལ་དམ་ཚིག་མ་ཉམས་ན་མི་ཚེ་འདིར་ཉམས་སུ་མ་ལོན་ཡང་སྐྱེ་བ་བདུན་ཚུན་ཆད་དུ་འཚང་རྒྱ་བ་རྡོ་རྗེ་འཆང་གི་བཀའ་ཚད་མ་ཡིན༔ རྒྱལ་བ་ཐམས་ཅད་ཀྱི་རྒྱལ་ཚབ་ཏུ་བསྔགས་སོ༔ འཇའ་ལུས་འཕོ་བ་ཆེན་པོའི་སྐལ་བ་རྒྱུད་ལ་བཞག་གོ༔ ཡེ་ཤེས་སྒྱུ་མའི་སྐུས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་དབང་བསྐུར་རོ༔ ཕཊ་ཕཊ་ཕཊ༔ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་དབང་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ༔ གུ་ཧྱ༔ འོད་གསལ་ཐོད་རྒལ་ཆེན་པོ་འཇའ་ལུས་འཕོ་ཆེན་གྱི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་དུས་སུ་སྣང་བ་བཞིའི་ཉམས་རྟོགས་ཡོན་ཏན་ཐམས་ཅད་གདོན་མི་ཟ་བར་འབྱུང་སྟེ༔ དང་པོ་ཆོས་ཉིད་མངོན་སུམ་གྱི་དུས་སུ་ལུས་ལ་ལྷོད་ཆགས་ཏེ་སྡོད་ཚུགས་ཤིང་འགུལ་སྙིང་མི་འདོད་པ་དང་༔ ངག་ལ་ལྷོད་ཆགས་པ་གཏམ་དང་བཟླས་བརྗོད་ཐམས་ཅད་སྨྲ་སྙིང་མི་འདོད་པ་དང་༔ སེམས་ལ་ལྷོད་ཆགས་པ་གར་གཏད་དུ་ལྷན་ནེར་གནས་པ་འདི་གསུམ་ནང་གི་རྟགས་སུ་མེད་ཐབས་མེད་པ་ཡིན༔ ཕྱིའི་རྟགས་སུ་འོད་གསལ་གྱི་སྣང་བ་མི་གཡོ་ཞིང་དབྱིངས་སྣང་མི་ཆེ་བ་མི་ཆུང་བ་གདོང་ཁེབས་པ་ཙམ་ལ་ཐིག་ལེའི་སྣང་བ་སྲན་མ་འཕོས་པ་ཙམ་ནས་མཐེབ་ཀོར་ཙམ་དུ་འཆར་རོ༔ རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་འགྲོ་འོང་གི་རྣམ་པ་ཅན་དུ་འཆར་རོ༔ འདི་དག་རེས་འགའ་རྨི་ལམ་དུའང་མཐོང་ནས་གནས་པ་འབྱུང་༔ ཕྱི་ནང་གི་རྟགས་འདི་རྣམས་མ་འཛོལ་བ་ཞིག་གལ་ཤིན་ཏུ་ཆེ་བས་སྒོ་འདི་ཉམས་སུ་ལེན་པ་རྣམས་ཀྱིས་རབ་ཏུ་ལྟོས་ཤིག༔ རྟོགས་ཤིག༔ ཁོང་དུ་ཆུབ་པར་གྱིས་ཤིག༔ ཚགས་སུ་ཚུད་པར་མཛོད་ཅིག༔ འདིའི་རྣམ་པར་ཐར་པ་ནི་ཡང་དག་དོན་གྱི་ཞི་གནས་ཡིན་ཏེ་རྣམ་པར་རྟོག་པ་ཕྲ་རགས་ཐམས་ཅད་གདོད་མ་གཞིའི་རྒྱ་མཚོར་ཞི་བས་ཞི༔ རིག་སྟོང་མི་གཡོ་བའི་ངང་དུ་གནས་པས་གནས་ཞེས་བྱའོ༔ བློ་ཡིད་འཛིན་སྟངས་ཀྱིས་མ་བསླད་པའི་རིག་པ་སྐྱོན་མེད་ལྷག་གེར་མཐོང་བས་ལྷག་མཐོང་༔ མི་བདེའི་སྡུག་བསྔལ་དང་བྲལ་བས་བདེ་བ༔ སེམས་སྣང་རིག་པར་སད་པས་གསལ་བ༔ མ་རིག་པའི་སེམས་རྟོག་རིག་པར་དྭངས་པས་མི་རྟོག་པ་དང་ལྡན་པའོ༔ སྔར་གྱི་ཆོས་ཉིད་ངོ་འཕྲོད་པ་དང་སླད་ཀྱི་ཉམས་རྟོགས་རྒྱུད་ལ་སྐྱེས་པ་གཞིར་བཞག་ནས་ཆོས་ཉིད་ཀྱི་གདིང་མངོན་སུམ་དུ་མཐོང་ནས་བརྟན་པ་ཐོབ་པ་འདི་དག་དུས་འཛོམ་པ་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན༔ གཞིའི་གནས་ལུགས་ཇི་ལྟ་བ་བཞིན་དུ་ངོ་འཕྲོད་ནས་ལམ་འདིར་ཞུགས་པའི་སྐྱེས་བུ་རྣམས་གནས་སྐབས་འདི་རུ་བབས་ཚེ་མ་དག་པའི་སྒོ་གསུམ་ལ་དག་པ་རྡོ་རྗེ་གསུམ་གྱིས་རྒྱས་ཐེབས་ནས་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལ་རེག་པ་ཡིན༔ ལམ་ངོ་མ་འཕྲོད་པ་དག་གིས་སྒོ་འདི་ཉམས་སུ་བླངས་པས་ཕྱི་རྟགས་རབ་རིབ་ལ་གསལ་སྣང་ཡོད་ཀྱང་ནང་རྟགས་མི་འབྱུང་བས་སྟོན་ནོ༔ ལམ་ངོ་འཕྲོད་ཀྱང་ཆོས་ཉིད་ཀྱི་གནས་ལུགས་ལ་གོམས་འདྲིས་མེད་ན་ཡུལ་གཟུང་འཛིན་དུ་གོལ་བས་ཁམས་གསུམ་ལས་མི་འཕགས་པར་དེར་འཆིང་བར་འགྱུར་བས་ཆོད་ཆུང་བ་ཡིན་པས་དེའི་དོན་རྟོགས་པར་མཛོད་ཅིག༔ ཕྱི་རྟགས་དབྱིངས་སྣང་བརྟན་ཅིང་ཐིག་ལེའི་རྟགས་ཚད་མེད་ན་ཁྲེགས་ཆོད་ཀྱི་སྣང་ཉམས་ལྷོད་འབོལ་ལེ་བ་དང་ནོར་ས་ཆེ་བས་དེའི་དོན་ཡང་ཤེས་པར་མཛོད༔ ཁྲེགས་ཆོད་ཀྱིས་སྣང་བ་སློང་ནས་ཉམས་སྣང་བན་མ་བུན་མ་ན་ཚ་དང་ཟུག་གཟེར་ཅན་ཤར་ཡང་ཕྱི་རྟགས་དང་མ་བསྟུན་ན་གོང་འཕེལ་དང་ནོར་ས་ཤིན་ཏུ་ཆེ་བས་ཕྱི་རྟགས་འོད་གསལ་གྱི་སྣང་བ་ལ་བརྟག་པ་ཤིན་ཏུ་གལ་ཆེ་བ་ཡིན༔ ཁྲེགས་ཆོད་ཀྱི་སྣང་ཉམས་ལ་དབྱིངས་དང་ཐིག་ལེ་ལ་མཉམ་གཞག་མ་བྱས་ཀྱི་བར་དུ་མི་གསལ་བ་དང་༔ ཐོད་རྒལ་ལ་སྣང་བ་ཐམས་ཅད་འོད་གསལ་གྱི་རོལ་པར་ཤར་ནས་ཁྲིག་གེར་གནས་པ་ཡིན༔ གང་ཟག་ལ་ལ་རྩ་ཁམས་ཀྱི་བྱེད་ལས་ཁོ་ནའི་དབང་གིས་དུས་མ་ཡིན་པར་ལྷ་སྐུའི་སྣང་ཉམས་ཤར་བ་ཡང་ཡོད་དེ་དེ་དག་ལ་ནང་རྟགས་ཀྱི་ཡོན་ཏན་ཚུལ་བཞིན་དུ་མི་འབྱུང་བ་དེས་ཤེས་པར་འགྱུར༔ དང་པོའི་གནས་སྐབས་ནས་ལྷ་སྐུའི་སྣང་ཉམས་འཆར་བའི་སྐྱེས་བུ་དེ་ནི་ཡང་དག་པའི་ཉམས་རྟོགས་ཀྱིས་ས་ལམ་བགྲོད་པ་ལ་ཅུང་ཟད་བང་བུལ་བ་ཡིན༔ ཁྲེགས་ཆོད་ཀྱི་སྣང་ཉམས་འུར་བ་དང་ཆབ་གཅིག་ཏུ་ཐོད་རྒལ་གྱི་སྣང་བ་དང་པོ་ཤར་ན་ཉམས་དེ་འཚོལ་བར་སོང་བས་འདིའི་དུས་སུ་བཤེས་གཉེན་དེ་ཤེས་རབ་རྣོ་ཞིང་མྱོང་བ་དང་ལྡན་པ་མ་གཏོགས་ཚོད་ཐེབ་པ་ཤིན་ཏུ་དཀའ་བ་ཡིན༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་དངོས་དང་ཉམས་ཀྱི་ནོར་ས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ གུ་ཧྱ༔ དད་བརྩོན་དམ་ཚིག་དང་ལྡན་པའི་སྐྱེས་བུ་མཆོག་གིས་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་བླངས་པས་འོད་གསལ་གྱི་སྣང་བ་དེ་ཉིད་གོང་ནས་གོང་དུ་འཕེལ་ཏེ་དང་པོ་དབྱིངས་ཀྱི་སྣང་བ་འཇའ་སྤྲིན་ལྟ་བུས་གདོང་རབ་ཏུ་ཁེབས་པར་འཆར་རོ༔ དེ་ནས་རེ་ལྡེ་ལྟ་བུ་དང་པདྨ་མཆོད་རྟེན་མདུང་རྩེ་རལ་གྲི་འཁོར་ལོ་གྲུ་ཆད་ཀྱི་རྣམ་པ་མ་ངེས་པར་འཆར་རོ༔ གནས་ཚུལ་ཡང་གྱེན་འགྲེང་དང་རྩིབས་ཤར་དུ་གནས་པ་དང་༔ མཆེད་ཚུལ་ཡང་སྟེང་དུ་མཆེད་པ་དང་ཐད་དྲང་དུ་མཆེད་པ་དང་འོག་ཏུ་མཆེད་པའི་རྣམ་པར་སྣང་ངོ་༔ འོད་གསལ་གྱི་སྣང་བ་དེ་ཉིད་གོང་འཕེལ་གྱི་ཚུལ་དུ་དང་པོ་མཉམ་བཞག་ཏུ་གསལ་བ༔ བར་དུ་རྗེས་ཐོབ་ཏུ་གསལ་བ༔ ཐ་མ་ཉམས་ཀྱི་རྩལ་རྫོགས་པའི་ཚེ་སྣང་བ་ཐམས་ཅད་འོད་གསལ་དུ་མཆེད་ནས་ཡུལ་སྣང་མི་མཐོང་བ་འབྱུང་༔ ཐིག་ལེའི་སྣང་བ་ཡང་སྲན་མ་འཕོས་པ་ཙམ་ནས་མཐེབ་ཀོར་ཙམ་དང་ཁམ་ཕོར་ཙམ་གྱི་བར་དུ་མཆེད་པ་དང་༔ རིག་གདངས་ཡང་གསེར་སྐུད་ཙམ་སྐར་མདའ་ལྟར་རྒྱུ་བ་དང་༔ ཉུང་ཀར་བསྟར་ལ་བརྒྱུས་པའི་ཕྲེང་བ་ལྟ་བུ་བུང་བ་མེ་ཏོག་ལ་འཁོར་བ་བཞིན་དུ་ཅུང་ཟད་དལ་བ་དང་༔ མུ་ཏིག་གི་ཕྲེང་བ་ལྟ་བུ་བྱ་རྒོད་ནམ་མཁར་དལ་བགྲོད་ཙམ་དང་༔ ཤེལ་ཕྲེང་ཆེ་བ་བརྒྱུས་པའི་དྲྭ་བ་འཕྱང་བ་ལྟར་གནས་པའི་བར་ཇེ་དལ་དུ་འགྲོ་བ་ཡིན༔ དེ་ནི་ཕྱིའི་སྣང་བ་འཕེལ་བའི་ཚད་ཡིན་ཏེ་ཤེས་པར་མཛོད་ཅིག༔ ནང་གི་རྟགས་སྒོ་གསུམ་ལ་འཆར་ཚུལ་ནི་འདི་ལྟ་སྟེ༔ འབྱུང་བ་སྙིགས་མའི་ལུས་དྭངས་མ་འོད་གསལ་གྱི་རོལ་པར་སྨིན་པའི་གནས་སྐབས་ཡིན་པས་ལུས་ལ་ན་ཚ་དང་ཟུག་རྔུ་མ་ངེས་པ་སོ་ཟིན་མེད་པར་འབྱུང་ངོ་༔ འདིའི་དུས་སུ་ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་ལོ་གཉིས་ལོན་པའི་བྱིས་པ་ལྟ་བུར་འགྱུར་བ་དང་༔ མ་དག་པའི་ངག་རླུང་ཐམས་ཅད་དག་པ་གསུང་གི་རོལ་པར་སྨིན་པའི་གནས་སྐབས་ཡིན་པས་གླུ་དབྱངས་མགུར་མ་ལ་སོགས་པའི་ཆོས་ཚིག་སྣ་ཚོགས་གང་ཤར་ཐམས་ཅད་དགག་བསྒྲུབ་མེད་པར་འཆོལ་བར་སྒྲོག་པ་དང་༔ དབུགས་མི་བདེ་བར་རླུང་གི་འབྱུང་འཇུག་ཆེར་མཆེད་པས་རྩ་ཁམས་ཐམས་ཅད་གང་ཞིང་འདར་འཕྲིགས་དང་འགུལ་བསྐྱོད་མང་བ་དང་༔ བ་སྤུ་གཡོ་ཞིང་ཟིལ་པ་འཁྲིགས་པ་འབྱུང་སྟེ༔ རླུང་གི་མཆེད་པ་དལ་ནས་སྟོབས་ཞན་པས་གྲང་བས་གདུང་ཞིང་གྲང་སྤུ་འཁྲིགས་པ་དང་༔ མགུལ་སྙིང་མི་འདོད་པ་དང་༔ དབུགས་མི་ཐོན་པར་བརྒྱལ་བ་སོགས་རྩ་རླུང་གི་འཕེལ་འགྲིབ་དང་གཡོ་བ་མ་ངེས་པར་འབྱུང་བ་ཡིན༔ མ་དག་པའི་སེམས་རྟོག་ཐམས་ཅད་དག་པ་ཆོས་ཉིད་མི་གཡོ་བ་ཐུགས་ཀྱི་རྡོ་རྗེར་སྨིན་པའི་གནས་སྐབས་ཡིན་པས་སེམས་རྟོག་དགག་སྒྲུབ་དང་བྲལ་བ་སྨྱོན་པ་འུར་ལངས་པ་ལྟ་བུར་གཏད་མེད་བྱུང་རྒྱལ་དུ་ཡན་པ་དང་༔ ཉམས་ཀྱི་འབྱུང་ཚུལ་ཡང་འདི་ལྟ་སྟེ༔ རེས་འགའ་ནི་དགའ་བ་དང་བདེ་བ་ཆེན་པོས་རྒྱུད་ཁེངས་ནས་ང་རྒྱལ་དང་རང་རྩིས་འཕེལ་བ་དང་༔ རེས་འགའ་ནི་མཐོང་ཚོར་གྱི་སྐྱེ་འགྲོ་ཐམས་ཅད་གནོད་བྱེད་དུ་མངོན་ནས་མི་མཐོང་བའི་སར་འགྲོ་བར་འདོད་པ་དང་༔ རེས་འགའ་ནི་མཐོང་ཚོར་ཐམས་ཅད་གྲོགས་དང་བདེ་བ་རུ་ཤར་ནས་མཐུན་པར་བསྒྲུབ་སྙམ་པ་དང་༔ རེས་འགའ་ནི་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་ཁེངས་ནས་ཅིས་ཀྱང་དགོས་མེད་ཀྱི་བསམ་སྤྱོད་བྱེད་པ་སོགས་མ་ངེས་པའི་སྤྱོད་པ་སྣ་ཚོགས་བྱེད་པ་ཡིན༔ རེས་འགའ་ནི་ལྷར་སྣང་འདྲེར་སྣང་མངོན་ཤེས་ཕྲ་མོ་བྱུང་ནས་རེ་དོགས་སྐྱེ་བ་སོགས་རྩ་ཁམས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མ་ངེས་ཚད་གཅིག་ཏུ་མི་གཞོལ་བས་འདིའི་གནད་ལ་ཤིན་ཏུ་མཁས་པའི་བཤེས་གཉེན་ཞིག་གལ་ཆེ་བ་ཡིན༔ ཕྱི་རྟགས་སྣང་བའི་འོད་གསལ་དང་ནང་རྟགས་སྒོ་གསུམ་ལ་ཤར་བ་རྣམས་ནི་ཀུན་ལ་ཐུན་མོང་དུ་འབྱུང་བར་འགྱུར་རོ༔ དེང་སང་གསང་ཆེན་མྱུར་ལམ་ཟབ་མོ་འདིའི་བསྟན་པ་ཤིན་ཏུ་ཉམས་དམའ་བས་ཉམས་རྟོགས་ཀྱི་ས་ལམ་བརྒལ་བ་ཉུང་བའི་སྐྱོན་གྱིས་ས་མཚམས་འདིའི་སྐབས་ལ་བབས་ཚེ་དམུས་ལོང་འགའ་ཞིག་གིས་འདྲེ་དང་གདོན་དུ་ངོས་བཟུང་ཞིང་མིང་བཏགས་ནས་བསླུ༔ ལ་ལས་ནི་ནད་རང་རྒྱུད་ཅན་དུ་མིང་དོན་གྱིས་སྟོན་ཅིང་བསླུ༔ ལ་ལས་ནི་ཉམས་སུ་མིང་བཏགས་ཤིང་བློ་ཡིད་ཀྱིས་བཅོས་བསྒྱུར་སློབ་ནས་བསླུ་བ་དང་༔ ལ་ལས་ནི་ཁྱོད་རང་གི་སྒོམ་ལམ་ལོག་ཏུ་སོང་བས་མ་ལེགས་ཏེ་ད་ནི་ཉམས་སུ་མ་ལེན་ཞེས་སྨྲ་བ་འབྱུང་སྟེ༔ དེ་དག་རྣམས་ནི་བདུད་ཕོ་མིའི་གཟུགས་སུ་བརྫུས་ཏེ་འཁོར་བར་ཁ་དྲངས་ནས་ངེས་པར་བསླུ་བ་ཡིན༔ འདིིའི་དུས་སུ་མོ་རྩིས་དང་རྨི་ལམ་སྨན་དཔྱད་ཐམས་ཅད་འཁྲུག་ཅིང་ལྟས་མཚན་ངན་པ་ཡང་འབྱུང་སྲིད་དེ༔ དེ་དག་ལ་རེ་དོགས་མེད་པར་ཉམས་སྣང་རྫུན་པོ་ཆེའི་མཚང་དུ་རིག་ནས་རང་བབས་སུ་བཞག་པས་ངེས་པར་གོལ་འཕྱུགས་ནོར་གསུམ་ལས་གྲོལ་ནས་མཐར་རང་ཡལ་དུ་འགྲོ་བར་གདོན་མི་ཟ་བའོ༔ འདིའི་དུས་སུ་བགེགས་ཡི་དམ་དུ་བརྫུས་ནས་ལུང་སྟོན་པ་དང་༔ ཞལ་ངོམས་ནས་ལོག་ལམ་སྟོན་པ་དང་༔ དངོས་གྲུབ་ཀྱི་པྲ་ལྟས་སྟོན་པ་སོགས་འབྱུང་ངོ་༔ བདུད་སྙིང་ལ་ཞུགས་ནས་ལོག་སྤྱོད་ཀྱི་ལམ་དུ་ཁ་དྲངས་ནས་བསླུ་བ་དང་༔ མ་དག་སྲིད་པའི་ཁམས་སུ་གནས་ཤིང་རྒྱུ་བའི་མཁའ་འགྲོ་མ་རྣམས་ཡེ་ཤེས་ཀྱི་མ་མོ་དང་མཁའ་འགྲོ་མར་བརྫུས་ནས་ལོག་པའི་ལུང་བསྟན་བྱེད་པ་དང་༔ ཤ་ཟ་དང་མ་བདུད་ཀྱི་སྡེ་ཚོགས་བུད་མེད་ཀྱི་གཟུགས་སུ་བརྫུས་ནས་བསླུ་བ་དང་༔ ཕོ་བདུད་མི་སྲུན་གྱི་སྡེ་ཚོགས་སྐྱེ་བོའི་སྙིང་ལ་ཞུགས་ཏེ་ལམ་འདིར་ཞུགས་པའི་མོ་བཙུན་ཐམས་ཅད་བསླུ་ཞིང་བཟློག་པར་འགྱུར༔ འདིའི་དུས་སུ་སྣང་སྲིད་རང་སྣང་ལས་མི་གཞན་པར་སྒྱུ་མ་ལྟ་བུ་དང་༔ ཁྱད་པར་དུ་ཉམས་དང་རྨི་ལམ་རྫུན་པོ་ཆེ་འདི་བྱུང་གནས་འགྲོ་གསུམ་གྱི་ཡུལ་དང་བདག་པོ་མེད་པའི་ཕུག་རྡིབ༔ མེད་བཞིན་འཁྲུལ་སྣང་ལས་ཀྱང་ཉིང་འཁྲུལ་མདོ་མེད་སྙིང་པོ་མེད་པ་འདི་ཧེ་ཧེ༔ སྔོན་ཡང་རྨི་ལམ་ཙམ་ཡང་བདེན་པར་བཟུང་ནས་འཁྲུལ༔ ད་ལྟ་ཡང་འདི་དག་གི་དབང་དུ་སོང་ཚད་འཁོར་བ་སྡུག་བསྔལ་གྱི་ཁྲི་མུན་དུ་ཐར་མེད་ཀྱི་ཞགས་པས་འཆིང་ངེས་པ་ཡིན༔ ཞེས་བསམ་ཞིང་ངང་ཚུལ་ཤེས་ནས་གནོད་བྱེད་དུ་ཡང་མི་སེམས༔ དབང་དུ་ཡང་མི་བཏང་༔ ཁ་ལ་ཡང་མི་ཉན་པར་རང་སར་བཞག་པས་རང་ཡལ་དུ་འགྲོ་ཞིང་ཡུལ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་ནས་ཐར་པའི་གྲོགས་སུ་འགྱུར་བ་ཡིན༔ དེ་དོན་བདུད་བགེགས་དང་མཁའ་འགྲོ་ཐམས་ཅད་རང་རྩལ་ཚོགས་བརྒྱད་ཀྱི་འཕྲུལ་ལས་མ་འདས་ཤིང་ཡུལ་རང་རྒྱུད་པར་བལྟས་ན་བསླུ་བ་དང་༔ བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཤུགས་དང་ལྡན་ན་རང་སར་གྲོལ་བ་ལས་འོས་མེད༔ འདི་དུས་བཤེས་གཉེན་དམ་པ་དང་བྲལ་ན་ལོང་བ་བཤེས་མེད་དུ་ལུས་པ་ལྟ་བུར་གྱུར་ནས༔ ལ་ལ་ནི་སྲོག་དང་བྲལ་ཞིང་༔ ལ་ལ་ནི་འཁོར་བར་ཕྱིར་ལྡོག་བྱེད་པ་དང་༔ ལ་ལ་ནི་བདག་མེད་སྨྱོན་པ་ལྟ་བུ་དང་༔ ལ་ལ་ནི་གྲོང་ཆོག་འདྲེ་བརྡུང་མཁན་དུ་འཆོལ་བ་དང་༔ ཡུལ་གཞན་བགྲོད་ནས་བཤེས་གཉེན་གཞན་གྱི་འབངས་སུ་འཁོད་ཀྱང་ཉམས་རྟོགས་ལ་ཡར་སྐྱེད་མི་ཐོན་པའི་སྐྱོན་འབྱུང་བས་གནད་འདི་མཆོག་ཏུ་ཤེས་པར་མཛོད༔ འདྲེ་དང་གདོན་གྱིས་བརླབས་པའི་སྐྱེས་བུ་ལྟར་རང་དབང་དང་བྲལ་བ་ནི་མ་ཡིན༔ འདི་དུས་ཕ་རོལ་གྱི་ཤེས་རྒྱུད་མཁྱེན་པའི་སྣང་བ་ཤར་ན་བདུད་ཀྱིས་བསླུ་བ་ཡིན་ཏེ་ཤེས་དགོས༔ སྤྲུལ་བསྒྱུར་ལ་རང་དབང་ཐོབ་ཡོད་སྙམ་ནའང་བདུད་ཀྱིས་བསླུས་པ་ཡིན༔ དེ་དུས་མེ་ལོང་དུ་བལྟས་པས་གཟུགས་བརྙན་གཉིས་སུ་སྣང་བ་དང་༔ ཉི་ཟླ་མེ་གསུམ་གྱི་གསལ་ལམ་དུ་གྲིབ་མའང་གཉིས་སུ་འཆར༔ དེའི་དུས་སུ་ལུས་དམ་རྫས་སྣ་ཚོགས་ཀྱི་ཆུས་བཀྲུས༔ གུ་གུལ་སོགས་རྫས་རྒོད་ཀྱིས་བདུག་སྟེ་བར་ཆད་སེལ་བའི་དྲག་སྔགས་དུ་མ་བརྗོད༔ ཡི་དམ་གྱི་སྒོམ་བཟླས་ལ་བརྩོན་པས་ངེས་པར་ཐུབ་བོ༔ དེ་ལྟར་སྣང་བ་འོད་གསལ་དུ་སྨིན་ནས་མངོན་སུམ་གྱི་སྣང་བ་ནས་གོང་ནས་གོང་དུ་འཕེལ་ཏེ་སྣང་བ་ཐམས་ཅད་འོད་གསལ་གྱི་རོལ་པར་ཤར་ནས་ཁྲིག་གེར་གནས་པའི་ཚེ་འཕེལ་བའི་ཚད་རྫོགས་པ་ཡིན་པས་ཤེས་པར་མཛོད༔ འདིའི་དུས་སུ་འཁོར་བར་སྐྱེ་འཆིའི་འགྱུར་ལྡོག་ལས་འདས་ནས་ཆོས་ཉིད་སྐྱེ་འགག་ལས་འདས་པ་ལ་དབང་འབྱོར་བའི་ཕྱིར་ཚེ་དབང་རིག་འཛིན་གྱི་ས་ལ་རེག་པ་ཡིན༔ གོང་འཕེལ་གྱི་ངོ་བོ་བསྟན་པ་དང་གོལ་འཕྱུགས་ཀྱི་གེགས་བསལ་བའི་ལེའུ་སྟེ་བཅུ་དྲུག་པའོ༔ གུ་ཧྱ༔ དེ་ནས་རིག་པ་བཅུད་དུ་སྨིན་པ་ཚད་ཕེབས་ཀྱི་སྣང་བ་ནི༔ དང་པོ་འོད་གསལ་རྒྱ་ཆེ་ལ་ལྷུན་འཐུག་པའི་ཀློང་དུ་ཐིག་ལེ་ལྔ་ཚོམ་དུ་ཤར་བའི་ནང་དུ་སྐུ་ཡར་ཕྱེད་དང་གདོང་མར་ཕྱེད་དུ་སྣང་ངོ་༔ བར་དུ་སྐུ་ཡབ་རྐྱང་ཚང་བར་འཆར་བ་ནི་རྡོ་རྗེ་སེམས་དཔའ་དང་༔ རྣམ་པར་སྣང་མཛད་དང་༔ རིན་ཆེན་འབྱུང་ལྡན་དང་༔ སྣང་བ་མཐའ་ཡས་དང་༔ དོན་ཡོད་གྲུབ་པ་རྣམས་སྐུ་མཛེས་ཤིང་སྐྱེ་མཆེད་རྫོགས་པའོ༔ ཐ་མར་སྨིན་པའི་ཚད་རྫོགས་པའི་དུས་སུ་དབྱིངས་ཀྱི་སྣང་བ་གཞལ་ཡས་ཁང་དང་མཁར་ཐབས་ལ་སོགས་པར་གསལ་བའི་ཀློང་དུ༔ ཐིག་ལེ་བསེ་ཕུབ་ཙམ་གྱི་ནང་ཐིག་ཕྲན་ལྔ་ཚོམ་གྱི་ནང་དུ་སྐུ་ཡབ་ཡུམ་ཟུང་འབྲེལ་དུ་ཤར་ནས་འཁོར་གྱི་རྣམ་པ་དང་བཅས་པར་སྣང་བ་ནི་རིག་པ་ཚད་ཕེབས་ཀྱི་སྨིན་ཚད་རྫོགས་པའོ༔ ནང་རྟགས་མི་འགྱུར་བ་སྒོ་གསུམ་ལ་འཆར་བ་ནི་འདི་ལྟ་སྟེ༔ ལུས་ཀྱི་གདོས་བཅས་འོད་གསལ་དུ་དག་ནས་རི་བྲག་དང་ཁང་ཁྱིམ་ཐོག་རེག་ཐམས་ཅད་དུ་ཟང་ཐལ་བར་རྒྱུ་ནུས་པ་དང་༔ ངག་གི་སྒྲ་གྲགས་པ་ཆོས་ཉིད་རང་སྒྲར་དག་ནས་སྨྲས་ཚད་གཞན་གྱི་ཡིད་ལ་འཇུག་ཅིང་དེའི་སྣང་བ་དབང་དུ་བསྒྱུར་ཏེ་རྒྱུད་ལ་ཕན་ཐོགས་པ་དང་༔ ཆོས་ཚིག་སྣ་ཚོགས་དང་སྒྲ་དང་གཏམ་རྒྱུད་དབྱངས་དང་མགུར་མ་ལ་སོགས་པ་རང་རྡོལ་དུ་འབྱུང་བར་གདོན་མི་ཟའོ༔ སེམས་རྟོག་རིག་པར་འཕོས་ཏེ་རིག་པ་ལ་རང་དབང་བསྒྱུར་ནས་ཆོས་ཉིད་ཀྱི་ཁོར་ཡུག་ཏུ་སྣང་སེམས་དབྱེར་མེད་དུ་འདྲེས་ཤིང་དག་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བཀྲ་བ་ལྟར་གསལ་སྒྲིབ་མེད་པར་གཟིགས་པའི་ཤེས་རབ་ཐོབ༔ ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད་པས་ཐོགས་བཅས་དང་ཐོགས་མེད་ཐམས་ཅད་མངོན་ནས་དེ་དག་གི་ཤེས་རྒྱུད་ཐམས་ཅད་ཀྱང་མཉམ་བརྡལ་དུ་མཁྱེན་པ་དང་མིན་ཀྱང་གང་ལ་གཏད་ཚད་ཐམས་ཅད་མཁྱེན་པ་ཡིན༔ སྣང་བ་འོད་གསལ་གྱི་རོལ་པར་སྨིན་ཅིང་རིག་པ་བཅུད་དུ་སྨིན་ཏེ་མ་དག་པའི་སྣང་ཞེན་ཐམས་ཅད་དབྱིངས་སུ་དེངས་ནས་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བའི་གནས་སྐབས་ཡིན༔ རླུང་སེམས་གཉིས་ལ་རང་དབང་བསྒྱུར་ཏེ་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཕྱེས་ནས་ཡུལ་དང་རྐྱེན་ལ་མི་ལྟོས་པར་ས་ལམ་རང་སྟོབས་ཀྱིས་བརྒལ་བ་དང་༔ སྣང་བ་ལ་རང་དབང་བསྒྱུར་ནས་འབྱུང་བཞི་དང་ཡུལ་སྣང་ཐམས་ཅད་གནས་སུ་བསྒྱུར་བའི་སྟོབས་དང་ལྡན་པ་དང་༔ སྒྲོལ་བ་ལ་རང་དབང་ཐོབ་ནས་མཚམས་མེད་ཀྱི་ལས་ལ་སྤྱོད་པའི་སེམས་ཅན་སྡིག་པོ་ཆེ་ལ་ཡང་རིག་པ་གཏད་པ་ཙམ་གྱིས་རྣམ་པར་གྲོལ་བའི་ས་ལ་སྒྲོལ་ནུས་པ་དང་༔ སྦྱོར་བ་ལ་རང་དབང་བསྒྱུར་ནས་མ་དག་པ་འཁོར་བའི་སྒོ་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་མཁའ་རུ་སྦྱོར་བའི་ནུས་པ་ཐོབ༔ ཆོས་ཉིད་ལ་རང་དབང་ཐོབ་པས་ཐེག་བརྒྱད་བློའི་གྲུབ་མཐའ་ཐམས་ཅད་ཆོས་ཉིད་གཅིག་ཏུ་ཟླུམ་ཞིང་རང་གྲོལ་བའི་གདིང་ཆེན་པོ་ཐོབ་ཅིང་དགོངས་རྒྱུད་ཀྱི་བྱིན་རླབས་གདུལ་བྱའི་རྒྱུད་ལ་འབེབས་པའི་ཕྲིན་ལས་ལ་དབང་འབྱོར༔ སྐྱེ་བ་ལ་རང་དབང་ཐོབ་ནས་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པས་སྤྲུལ་སྐུ་སུམ་སྟོང་འབྱུང་ནས་འགྲོ་བའི་དོན་བྱེད་ནུས་པ་དང་༔ འཕོ་འཇུག་གཉིས་ལ་རང་དབང་ཐོབ་ནས་གྲོང་འཕོ་གྲོང་འཇུག་གི་ནུས་པ་དང་ལྡན་པའོ༔ མི་འགྱུར་བ་གསང་བའི་གྲུབ་རྟགས་ལུས་ལ་གཞོན་ཤ་ཆགས་ཤིང་ལང་ཚོ་རྒྱས་པ༔ རིགས་ལྔའི་ཕྱག་རྒྱ་བཀྲ་བ༔ སྐྲ་དཀར་ནག་པོར་འགྱུར་བ༔ སོའུ་སྐྱེ་བ༔ སྐྱེ་མཆེད་དྭངས་པ༔ ལུས་ཤིང་བལ་ལྟར་ཡང་བ་དང་༔ ཕྱི་ནང་གི་སྲིན་བུ་ཐམས་ཅད་གྲོལ་བའི་ལྟས་སུ་ཤིག་སྲོ་མི་འབྱུང་བའོ༔ རང་སྣང་དབང་དུ་སྡུད་ཅིང་གཞན་སྣང་ཟིལ་གྱིས་གནོན་པ༔ འཁོར་བའི་བྱ་བ་ལ་མི་འཇུག་ཅིང་ཡུལ་ལ་ཞེན་ཆགས་དང་བྲལ་བའོ༔ མྱུར་ལམ་གསང་བ་ཆེན་པོའི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ནི་ཆོས་ཉིད་མངོན་སུམ་གྱི་དུས་སུ་འཆི་བའི་དབང་དུ་གྱུར་ན་སྐྱེ་བ་སྤྲུལ་སྐུར་དབང་འབྱོར་བ་དང་༔ ཞིང་ཁམས་རྣམ་དག་ཡིད་ལ་བྱས་ན་རང་བཞིན་སྤྲུལ་པའི་ཞིང་ཁམས་ཆེན་པོར་དབུགས་འབྱིན་པ་ཡིིན༔ ཉམས་སྣང་གོང་འཕེལ་གྱི་དུས་སུ་འཆི་བའི་དུས་བྱས་ན་ཆོས་ཉིད་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ༔ རིག་པ་ཚད་ཕེབས་ཀྱི་དུས་སུ་འཆི་བའི་དུས་བྱས་ན་བར་དོ་མེད་པར་རང་ཐོག་ཏུ་སྐད་ཅིག་ཉིད་ལ་རང་གྲོལ་ནས་འཚང་རྒྱ་བ་ཡིན༔ མངོན་སུམ་དང་གོང་འཕེལ་གྱི་དུས་སུ་ཡུལ་གཞན་གྱི་དབང་དུ་གྱུར་ཏེ་མཚམས་ཆད་ནས་འཁོར་བ་མཐའ་ཅན་ཙམ་ལས་གྲོལ་བ་ཤིན་ཏུ་ཉུང་བ་ཡིན༔ ཅིའི་ཕྱིར་ན་ཉམས་རྟོགས་ཀྱི་དྲོད་དང་མ་བྲལ་བའི་དུས་སུ་གྲོལ་བའི་སྟོབས་ཡོད་དེ༔ འཁོར་བའི་སྣང་ཞེན་དུ་ཕྱིར་ལོག་ནས་ཉམས་རྟོགས་ཀྱི་གདིང་ལས་འདས་ཕན་ཆད་གྲོལ་བའི་སྟོབས་དང་བྲལ་བ་ཡིན༔ རིག་པ་ཚད་ལ་ཕེབས་པའི་སྐྱེས་བུ་རྣམས་ནི་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟར་འཁོར་བར་བསྐྱར་ཀྱང་མི་འཇུག་པ་ཡིན་ཏེ༔ མི་འཇུག་པའི་གདིང་ཐོབ་པའི་སྐྱེས་བུ་དེ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་བསྔགས་པ་འདི་བརྗོད་ཅིང་མངོན་པར་བསྟོད་པར་བྱེད༔ ཨེ་མ༔ སངས་རྒྱས་ཀུན་གྱི་སྲས་མཆོག་བླ་ན་མེད༔ བདག་རྟོག་མུན་པ་སྲིད་པའི་ཨ་ཕྱི་མའི༔ མངལ་རྒྱར་དུབ་པའི་སེམས་སྣང་རྨི་ཁམས་སུ༔ ཐོག་མའི་ཚད་ལས་འདས་པར་འཐུམ་པ་ཡིས༔ སྟོབས་མེད་དབང་པོ་ཟུམ་པའི་ཉམས་ཕྲ་བ༔ བདེ་སྟོང་དྲོད་རླན་ཤུགས་ཀྱིས་སྟོབས་བསྐྱེད་དེ༔ ཐབས་ཤེས་མཉམ་སྦྱོར་རླུང་ཆེན་དཔལ་གྱིས་བཙས༔ ཤེས་རབ་མཐོང་བྱེད་དབང་པོ་ཕྱེས་པ་ལ༔ ཡེ་ཤེས་མེ་ཆེན་འོད་ཀྱི་རབ་གསལ་བྱེད༔ དེ་དང་དེ་ཉིད་མི་གཉིས་རོ་གཅིག་པར༔ རྩལ་ཆེན་སྟོབས་རྙེད་བརྒལ་བའི་ཤུགས་ཐོབ་ནས༔ དང་པོའི་ས་ནས་ལྔ་པར་ངལ་གསོས་ཤིང་༔ ས་བརྒྱད་ཕྱིར་མི་ལྡོག་པར་བརྒལ་བ་ཁྱོད༔ ད་ནི་ཐར་པ་ཆེན་པོ་འདི་ན་སྟེ༔ སྲིད་པའི་རྩེ་ལས་ཅུང་ཟད་འཕགས་པ་འདིར༔ ངལ་གསོས་ཁམས་སུ་གདུལ་བྱ་དབུགས་དབྱུང་ནས༔ སྟོན་འཁོར་དབྱེར་མེད་མཉམ་སྒྲོལ་མཉམ་ཉིད་ཆེར༔ ས་བཅུར་ངལ་གསོས་བདེན་བཞིའི་ལམ་སྤངས་ནས༔ འདས་འཕྲལ་བདག་ཐོབ་རྒྱུ་འབྲས་བཟང་ངན་གྱི༔ ཁུར་བོར་ཡེ་ཡིན་ངང་དུ་འབྱམས་ཀླས་པའི༔ ཁྱབ་བདག་མགོན་པོ་ཁྱོད་ལ་མངོན་པར་བསྟོད༔ ཅེས་བསྟོད་ཅིང་བསྔགས་པར་འགྱུར་རོ༔ རིག་པ་ཚད་ཕེབས་ཀྱི་ཡོན་ཏན་བཤད་པའི་ལེའུ་སྟེ་བཅུ་བདུན་པའོ༔ གུ་ཧྱ༔ རིག་པ་ཚད་ལ་ཕེབས་པའི་མཐའ་དཔྱད་ཀྱི་ཚད་བསྟན་པ་ནི༔ རིག་པ་ལ་རང་དབང་བསྒྱུར་ནས་སྐྱེ་འཆི་དང་བསྒྲེས་རྒུད་ལ་རང་དབང་ཐོབ་ནས་ཚེ་ཚད་ལ་མི་ལྟོས༔ འཕྲུལ་པ་ལ་རང་དབང་ཐོབ་ནས་ལས་དབང་ལ་མི་ལྟོས་པར་ལོངས་སྤྱོད་ཀྱི་དཔལ་དང་འབྱོར་པ་བསམ་གྱིས་མི་ཁྱབ་པ་སྤེལ་ནུས༔ སྨོན་ལམ་ལ་རང་དབང་ཐོབ་ནས་ལས་ངན་པའི་རྣམ་པར་སྨིན་པ་ཡང་སྨོན་ལམ་གྱི་སྟོབས་ཆེན་པོས་བསྒྱུར་ནུས་པའོ༔ བཀོད་པ་ལ་རང་དབང་བསྒྱུར་ཞིང་ཡེ་ཤེས་དང་ཤེས་རབ་ཀྱི་སྤྱན་ཐོབ་པས་རང་གི་བ་སྤུ་རེ་རེའི་ཁོང་དུ་སངས་རྒྱས་ཀྱི་ཞིང་ཁམས་དང་བཀོད་པ་བསམ་གྱིས་མི་ཁྱབ་པ་འཆར་ཞིང་སེམས་ཅན་གྱི་ཁམས་ཀྱང་དཔག་མེད་བསམ་གྱིས་མི་ཁྱབ་པ་སྣང་སྟེ༔ སྤྲུལ་པ་ལ་རང་དབང་བསྒྱུར་ནས་སྐད་ཅིག་དེ་ཉིད་ལ་རྒྱལ་དང་རྒྱལ་སྲས་དཔག་ཏུ་མེད་པ་ལ་མཆོད་པ་ཕུལ་ཞིང་དབང་ནོད་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པར་འབྱེད༔ སེམས་ཅན་གྱི་ཁམས་ཀྱང་དཔག་མེད་བསམ་གྱིས་མི་ཁྱབ་པ་ལ་གང་འདུལ་གྱི་ཆོས་སྟོན་ཅིང་རྣམ་པར་གྲོལ་བའི་ས་ལ་འགོད་པར་བྱེད་དོ༔ དོན་གཉིས་བསྒྲུབ་པ་དེ་ཡང་དཔེར་ན་རྨི་ལམ་གྱི་སྣང་ངོར་གཞན་དོན་བསྒྲུབ་པ་རྨི་ཡང་གཞན་ངོས་ལ་ཕན་བཏགས་པ་སྤུ་ཙམ་མེད་པ་ལྟ་བུ་ཡིན༔ ལམ་ངོ་མ་འཕྲོད་པ་དག་ལ་ཕྱིའི་ཉམས་སྣང་རབ་རིབ་ཤར་ཡང་ནང་གི་ཡོན་ཏན་རྣམས་མི་འབྱུང་བས་ཆོད་ཤིན་ཏུ་ཆུང་བ་དང་༔ རྫུན་མ་རང་བསླུ་བ་དག་གིས་ལམ་འདི་རུ་ཁས་ལེན་པ་འབྱུང་ཡང་འདི་ནི་ཕྱག་རྒྱའི་རིག་འཛིན་གྱི་ས་ཡིན་པས་སྤྲུལ་པ་དང་གཞན་འཕྲུལ་ལ་མངའ་བརྙེས་པ་དེ་མེད་ཐབས་མེད་པས་ཤེས་པར་མཛོད༔ ཀྱཻ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་སྨོན་ལས་འཕྲོ་འཛོམ་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གནད་ཀྱི་ཡང་གཅེས་དམ་པ་འདིར་ལྟོས་ཤིག༔ བརྟག་ཅིག༔ ཉིན་ལན་གསུམ་དུ་འཆི་བ་སྦྱངས་པའི་གདམས་པ་འདི་ཉམས་སུ་ལོངས་ཤིག༔ ལུས་སེངྒེ་ཉལ་སྟབས་སུ་འདུག་ཅིང་མིག་བར་སྣང་ལ་གཏད་ནས༔ ད་ང་འཆི་བའི་དུས་ལ་བབས་པ་ཡིན་པས་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་མྱ་ངན་ལས་འདའོ་བསམ་ཞིང་བར་སྣང་ལམ་དུ་བྱེད་ཅིང་ཅུང་ཟད་འདུག་པ་དང་༔ ཡང་དེ་ལྟར་འདུག་ཅིང་ང་འཆི་བའི་དུས་ལ་བབས་པ་ཡིན་ཏེ་སྤྲོ་བསྡུ་མེད་པའི་ངང་དུ་མྱ་ངན་ལས་འདའོ་བསམ་ཞིང་འོད་སྣང་ལམ་དུ་བྱའོ༔ དེ་ཚེ་དབྱིངས་དང་རིག་པ་མི་འགྱུར་བའི་གདིང་ཞིག་ཡོད་ན་བར་དོ་མེད་པར་སངས་རྒྱས༔ གཉིད་དུ་འགྲོ་ཁར་ཡང་ལུས་འོད་ཀྱི་ཕུང་པོར་གསལ་བའི་དབུས་སུ་རྩ་དབུ་མ་ཤེལ་དཀར་གྱི་ཀྭ་བ་བཙུག་པ་ལྟ་བུར་གསལ་བའི་ནང་སྙིང་གའི་ཐད་དུ་ཨ་དཀར་ཟླ་བའི་མདངས་ལྟར་འབར་བ་ལ་སེམས་བསྲེས་ཏེ་གཉིད་པ་དང་༔ སྲོད་ལ་ལུས་ཀྱི་དབུས་སུ་རྩ་ཨ་ཝ་དྷུ་ཏིའི་ནང་ལྟེ་བར་ཚིག་གིས་བཅད་པའི་སྟེང་དུ་མ་ལས་ཐོབ་པའི་རཀྟ་དམར་ཆ་ཨ་ཐུང་གི་རྣམ་པར་གནས་པ་ལས་མེ་འབར༔ སྤྱི་བོར་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཧཾ་ཡིག་གི་རྣམ་པར་གནས་པ་ལས་བདུད་རྩི་བབས་པས་མེའི་གསོས་བྱས་ནས་བདེ་སྟོང་གི་ཉམས་རྒྱས༔ མེ་དང་བདུད་རྩི་ཆེར་མཆེད་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་འོད་ཀྱི་ངང་དུ་བསྲེགས་ཏེ་སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བསྲེགས་ཤིང་སྦྱངས་པར་བསམ་ཤིང་དེ་ལ་ལམ་བྱས་ནས་ཉལ༔ ཐོ་རངས་ཡར་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་བ་གསུམ་འཕངས་པས་ནད་གདོན་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བསམ༔ མཐར་རང་གི་སྙིང་ཁར་ཨ་ཡིག་དཀར་པོ་གསལ་འཚེར་ལས་ཨ་གཉིས་པ་ཞིག་ཆད་ནས་སྨིན་མཚམས་ཐད་ཀྱི་ནམ་མཁར་གནས་པ་ལ་ཤེས་པ་གཏད་ནས་སེངྒེའི་འདུག་སྟངས་ཀྱིས་སྡོད་པ་འབྱུང་ཁམས་དག་སྦྱོར་གྱི་མན་ངག་ཡིན༔ རིག་པ་ཚད་ལ་མ་ཕེབས་ཀྱི་བར་དུ་གདམས་པ་འདི་དག་གནད་དུ་བསྣུན་པ་གནད་གལ་པོ་ཆེ་ཡིན་ནོ༔ འདི་ལྟ་བུའི་མན་ངག་ཟབ་ཁྱད་ཅན་ནི་སྣང་སྲིད་ཀྱི་ཁམས་སུ་ཡོད་པ་མ་ཡིན་ཏེ་ཡིད་ཆེས་ཤིང་ངང་བརྟན་པས་ཉམས་སུ་ལོངས་དང་༔ ཚེ་འདིར་གྲོལ་བ་མ་ཐོབ་ན་པདྨ་བདག་གིས་བརྒྱུད་འཛིན་གྱི་སྐྱེས་བུ་དེ་བསླུས་པ་ཡིན༔ འདི་ནི་མི་འགྱུར་བའི་གཏན་ཚིག་གོ༔ མ་འོངས་དུས་སྙིགས་མ་ལྔ་བདོ་བའི་ཚེ་གདམས་པ་འདི་ཉམས་སུ་ལེན་པའི་བུ་མཆོག་སྐལ་པ་བཟང་པོ་ཉིན་མོའི་སྐར་མ་ཙམ་སྲིད་ན་དེ་ལ་ཁ་ཆེམ་དུ་གདམས་པ་ཡིན་པས་ཉོན་ལ་ཟུངས་ཤིག༔ དེང་སང་གི་སྣང་སེམས་འདི་ཇི་ལྟ་བུ་ཞིག་ཡིན་ཡང་མ་འོངས་པ་ན་ཡང་དེ་ལྟ་བུ་ཡིན་པས་གྲོལ་དང་མི་གྲོལ་རང་གི་ད་ལྟའི་སྣང་སེམས་འདི་ལ་ལྟོས་ཤིག༔ བརྟག་ཅིག༔ ད་ལྟ་ཇི་ལྟར་འཁྲུལ་ན་ཕྱིས་ཀྱང་དེ་ལྟར་འཁྲུལ༔ ད་ལྟ་ཇི་ལྟར་གྲོལ་ན་ཕྱི་མར་ཡང་དེ་ལྟར་གྲོལ་བ་ཡིན༔ རྨི་ལམ་གྱི་སྣང་བ་ལ་ཡང་ལྟོས་དང་ཚད་གསུམ་རྟགས་སུ་མཆིས་ཏེ༔ རབ་ཀྱིས་རྨི་ལམ་དབྱིངས་སུ་ནུབ་སྟེ་འོད་གསལ་གྱི་རོལ་པར་འབྱམས་ཀླས༔ འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས་ནས་རང་རྒྱུད་དང་བདེན་ཞེན་མེད་པར་སྤྲུལ་བསྒྱུར་སོགས་ལ་དབང་བྱེད༔ ཐ་མས་མ་འོངས་པའི་དུས་རྣམས་སུ་ལས་དང་ལུས་ངན་པའི་འཕྲོ་རྒྱུན་ཆད་ནས་གོང་ནས་གོང་དུ་འཕགས་པའི་ལྟས་སུ་བག་ཆགས་ངན་པའི་རྨི་ལམ་དབྱིངས་སུ་ཟད་ནས་བཟང་པོ་ཤ་སྟག་རྨི་བ་ཡིན༔ རིག་པ་ཚད་ཕེབས་ཀྱི་མཐའ་དཔྱད་གདམས་པའི་རྣོ་བསྐྱེད་ཚད་དང་བཅས་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ གུ་ཧྱ༔ དེ་ལྟར་སྣང་བ་གསུམ་པོ་རིམ་གྱིས་འབྱུང་བ་དང་དང་པོའི་གནས་སྐབས་ནས་གཉིས་པ་དང་གསུམ་པའི་རིམ་པ་ལ་མི་ལྟོས་པར་ཟད་པའི་ས་རུ་བརྒལ་བ་ཡང་ཡོད་དེ་རྩ་ཁམས་དང་དབང་པོ་དང་ལས་ཀྱི་བྱེད་ལས་ཁོ་ནས་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཡོད་པས་མཐའ་གཅིག་ཏུ་མ་ངེས་སོ༔ ཆོས་ཉིད་ཟད་པའི་སྣང་བ་ལ་ཡང་གཅིག་ཅར་དུ་ཟད་པ་དང་རིམ་གྱིས་ཟད་པ་གཉིས་ཡོད་པ་ལས་གཅིག་ཅར་དུ་ཟད་པ་ནི་བརྒལ་བ་ལ་བྱའོ༔ རིམ་གྱིས་ཟད་པ་ནི་ཕྱིའི་སྣང་བའི་འོད་གསལ་དང་ཚོམ་བུ་རྣམས་ཇེ་ཉུང་དུ་འགྲོ་སྟེ༔ མཐར་ནི་དབྱིངས་སྣང་ཐམས་ཅད་ཚངས་བུག་ནས་མཆེད་དེ་སྟེང་གི་ནམ་མཁར་འོད་ཀྱི་ཐིག་ལེ་དཀར་པོའི་ཀློང་དུ་རྣམ་པར་སྣང་མཛད་ཡབ་ཡུམ་འཁོར་རིགས་བཞི་ཡུམ་དང་བཅས་པ་ཚོམ་བུའི་རྣམ་པར་བཀོད་པའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་ཕྲེང་ལྟ་བུས་བསྐོར་ཞིང་དྲྭ་བ་འཕྱང་བའི་རྣམ་པར་འཆར་རོ༔ དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་ཟླ་བའི་ཁ་དོག་ལྟ་བུ་སྨིན་མཚམས་སུ་ཟུག་པའི་སྟེང་དུ་ཐིག་ལེ་དཀར་པོ་ཤེལ་དཀར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུར་བརྩེགས་མས་བརྒྱན་པ་འཆར་ཏེ༔ འདིའི་དུས་སུ་ཉོན་མོངས་པ་གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་གནས་དག༔ གཟུགས་ཀྱི་ཕུང་པོ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཟད་ཅིང་མི་འགྱུར་བ་སྐུའི་དབང་ནོད་དེ་སྤྱི་བོར་ཐིམ༔ སླར་ཡང་མགྲིན་པ་ནས་མཆེད་པའི་ཚུལ་དུ་ལོངས་སྤྱོད་འཁོར་ལོའི་བཀོད་པ་འོད་སྣང་དམར་པོའི་རྣམ་པར་ཤར་བའི་ནང་དུ་སྣང་མཐའ་རིགས་ལྔའི་ཚོམ་བུ་བཀོད་པའི་གོ་མཚམས་དང་མཐའ་མར་རྡོ་རྗེ་ལུ་གུ་རྒྱུད་དམར་པོ་བྱེ་རུའི་ཕྲེང་བ་ལྟ་བུར་དྲྭ་བ་དྲྭ་ཕྱེད་ཀྱིས་བསྐོར་བའི་རྣམ་པར་འཆར་རོ༔ དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་མགྲིན་པར་བརྐྱང་ཞིང་ཟུག་པའི་སྟེང་དུ་པདྨ་རཱ་གའི་ཕོར་པ་ཁ་སྦུབས་པ་ལྟ་བུར་བརྩེགས་མའི་རྣམ་པར་འཆར་རོ༔ འདིའི་དུས་སུ་མི་འགག་པ་གསུང་རྡོ་རྗེའི་དབང་ནོད་ཅིང་༔ འདོད་ཆགས་སོར་རྟོག་ཡེ་ཤེས་ཀྱི་རོལ་པར་གནས་སུ་དག༔ འདུ་ཤེས་ཀྱི་ཕུང་པོ་ཆགས་བྲལ་བདེ་ཆེན་རྒྱལ་པོའི་དབྱིངས་སུ་ཟད་ཅིང་སྣང་བ་དེ་ཡང་ངག་ལ་ཐིམ༔ ཆོས་ཀྱི་འཁོར་ལོའི་བཀོད་པ་འོད་གསལ་གྱི་སྣང་བའི་རྣམ་པར་མཆེད་དེ་འོད་ཐིག་མཐིང་གའི་ཀློང་དུ་རྡོ་རྗེ་མི་བསྐྱོད་པ་གཙོ་བོར་བཞུགས་པའི་ལྔ་ཚོམ་གྱི་ཐུགས་ཀའི་འོད་ཐིག་མཐིང་གའི་སྣམ་བུ་བཻ་ཌཱུཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་མཐིང་གས་བརྒྱན་པ་སྙིང་གར་ཟུག་པའི་རྣམ་པར་འཆར་ཏེ་མི་འགྱུར་བ་ཆོས་ཉིད་ཀྱི་རྡོ་རྗེའི་དབང་ནོད་ཅིང་༔ ཞེ་སྡང་གི་རྟོག་པ་མེ་ལོང་ཡེ་ཤེས་ཀྱི་རོལ་པར་ཞི༔ རྣམ་པར་ཤེས་པའི་ཕུང་པོ་རྣམ་མཁྱེན་ཡེ་ཤེས་རྡོ་རྗེའི་དབྱིངས་སུ་ཟད་ཅིང་མཉམ་སྦྱོར་གྱི་རོལ་པར་གཉིས་མེད་དུ་ཡལ༔ སྤྲུལ་པའི་འཁོར་ལོའི་བཀོད་པ་ཐམས་ཅད་འོད་གསལ་གྱི་སྣང་བའི་རྣམ་པར་མཆེད་པའི་ཀློང་དུ་རིན་ཆེན་འབྱུང་ལྡན་གཙོ་བོར་བཞུགས་པའི་ལྔ་ཚོམ་དུ་ཤར་བའི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་སེར་པོ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེས་བརྒྱན་པ་ལྟེ་བར་ཟུག་ཅིང་ཀུན་གཟིགས་ཡེ་ཤེས་ཀྱི་དབང་ནོད་པས་ང་རྒྱལ་གྱི་རྟོག་པ་མཉམ་པ་ཉིད་དུ་གྲོལ༔ ཚོར་བའི་ཕུང་པོ་ལྷུན་འཐུག་རིན་ཆེན་རྒྱལ་པོའི་དབྱིངས་སུ་ཟད་ཅིང་གཉིས་མེད་ཀྱི་རོལ་པར་ཡལ༔ གསང་གནས་བདེ་སྐྱོང་གི་འཁོར་ལོའི་བཀོད་པ་ཐམས་ཅད་འོད་གསལ་གྱི་རོལ་པར་མཆེད་ནས་མདུན་མཁར་འོད་སྣང་ལྗང་གུའི་ཀློང་དུ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པར་དོན་གྲུབ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་བཞི་དང་བཅས་པ་འཆར་རོ༔ སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་ལྗང་གུ་གཡུའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེས་བརྒྱན་པ་རང་གི་གསང་བར་ཟུག་པའི་རྣམ་པར་སྣང་ངོ་༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་དབང་ནོད་ཅིང་༔ ཕྲག་དོག་གི་རྟོག་པ་བྱ་གྲུབ་ཡེ་ཤེས་སུ་གནས་དག༔ འདུ་བྱེད་ཀྱི་ཕུང་པོ་བྱ་རྩོལ་དང་བྲལ་བ་ལྷུན་རྫོགས་ཀྱི་རྒྱལ་པོར་ཟད་པ་ཡིན༔ ཀུན་ལ་ཡང་རྡོ་རྗེ་ལུ་གུ་རྒྱུད་རང་མདོག་གིས་མཐའ་བསྐོར་དུ་འཁྱུད་པ་དང་གོ་མཚམས་སུ་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ༔ འདི་དག་གི་དུས་སུ་སྔར་གྱི་འོད་སྣང་ཐམས་ཅད་ཇེ་ཆུང་དུ་སོང་ནས་ཚོམ་བུའི་སྣང་བ་དེ་ཙམ་ལས་མི་སྣང་བ་དང་༔ དེ་མཐར་དུང་ཁང་གི་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྟེང་ཕྱོགས་ཀྱི་རྣམ་པར་མཆེད་དེ་མཐོང་བའི་ཐ་མར་རང་ལ་ཐིམ་པས་འཕར་བ་འདར་བ་དང་༔ གཡོ་བ་སྣ་ཚོགས་འབྱུང་བ་ཡིན༔ འདིའི་དུས་སུ་འཁོར་བ་བག་ཆགས་ཀྱི་བསྐལ་པ་སྐུ་དང་ཡེ་ཤེས་ཀྱི་དབྱིངས་སུ་འཇུག་པའི་དང་པོ་ཡིན༔ དེ་ནས་ཕྱིའི་སྐུ་དང་ཐིག་ལེའི་སྣང་བ་ཐམས་ཅད་རིམ་གྱིས་ཟད་ནས་གནམ་སྟོངས་ཀྱི་ཟླ་བ་དབྱིངས་སུ་ནུབ་པ་ལྟར་ཡལ༔ ནང་གི་རྟགས་ནི་ལུས་མི་རོ་རྟོག་མེད་ལྟ་བུར་གཅེས་འཛིན་དབྱིངས་སུ་ཟད་པ་དང་༔ ངག་བྲག་ཅ་ལྟ་བུར་གཞན་གྱི་རྗེས་སུ་ཟློ་བ་དང་༔ སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་ཟད་ནས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་འབྱམས་ཀླས་པའོ༔ མ་རིག་པ་གཞི་ལ་དྭངས་ནས་ཡེ་ཤེས་ཀྱི་མཐོང་ཕྱེས༔ ངར་འཛིན་གྱི་འཕྱང་བ་ཟད་ནས་མཐའ་བྲལ་གྱི་དབྱིངས་ཐོབ༔ ཡུལ་འཛིན་གྱི་ཞེན་པ་ཟད་ནས་གཉིས་མེད་དུ་དག་མཉམ༔ གཟུང་འཛིན་གྱི་དྲྭ་བ་ཐད་ཀར་ཆད་ནས་སྣང་སེམས་ཀྱི་ཞེན་འཛིན་བྲལ་བ་ཡིན༔ མ་དག་པ་འཁོར་བའི་སྒོ་དག་པ་ལྷུན་གྲུབ་ཀྱི་རོལ་པར་ཐིམ་པའི་སྐབས་ཡིན་པས་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཆོས་ཉིད་དུ་དེངས་སྐབས་ཡིན་པས་འདི་དུས་དབྱིངས་ལས་འོད་འཁྱུག་པ་ལྟ་བུ་བདེ་སྣང་ཤར་བ་ལ་རྐྱེན་བྱས་ཏེ་ཤེས་པ་སྐར་མདའ་རྒྱུ་བའི་ཡུན་ཙམ་དུ་ཤར་ནས་སྣང་སེམས་ཀྱི་སྐབས་འབྱེད་པ་འོད་ཀྱི་དྲྭ་བའི་དབྱིངས་སུ་རང་ལུས་ལག་སོར་བཀྲམ་པ་ཙམ་ཆུ་ལས་ཆུ་ལྦུར་རྡོལ་བ་རང་སར་ཐིམ་པ་ལྟར་སྐབས་རེར་སྣང་ནས་ཡལ༔ འདི་དུས་ཤེས་རྒྱུད་ཡང་དག་ཏུ་བཅོས་པའི་ཆོས་དང་ལམ་དང་མན་ངག་འཛིན་བྱེད་ཀྱི་བློ་དང་བཅས་པ་ཟད་ཅིང་ནུབ་པའོ༔ དེ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་དབྱངས་གཅིག་དང་དགོངས་པ་རོ་གཅིག་གིས་འདི་སྐད་དོ༔ ཨེ་མ་ཧོཿ ཆོས་ཅན་སྣང་བ་ཆོས་ཉིད་དུ༔ ཞིག་པ་ཆོས་ཟད་བློ་འདས་ཁྱོད༔ རང་ཐོག་རང་སངས་རྒྱས་པ་ལས༔ མྱང་འདས་ཐོབ་བྱར་མི་རེའི་གདིང་༔ གང་གིས་ཕན་དང་གནོད་པའི་ཡུལ༔ བྲལ་བའི་དོན་ལ་དབང་ཐོབ་ནས༔ རྒྱུ་དང་འབྲས་བུ་རྣམ་སྨིན་ལ༔ མི་རེ་རེ་ས་མེད་པའི་གདིང་༔ རང་ཉིད་རང་བྱུང་སངས་རྒྱས་ཕྱིར༔ ཡུལ་གྱི་ཞིང་དང་བཀོད་པ་དང་༔ རྒྱལ་དང་རྒྱལ་སྲས་མང་པོ་ལ༔ དད་དང་གུས་པ་མེད་པའི་གདིང་༔ རང་ངོ་འཁྲུལ་མི་ཤེས་པ་རུ༔ ཕེབས་ནས་འཁོར་བའི་ས་བོན་སྟོངས༔ ངན་སོང་འཁོར་བའི་སྡུག་བསྔལ་ལ༔ མི་དོགས་འཇིགས་དང་བྲལ་བའི་གདིང་༔ གང་གིས་མ་བཅོས་གང་ལ་ཐོབ༔ དག་དང་མ་དག་ཆོས་སོ་ཅོག༔ ཁྱོད་ཀྱིས་མ་བསྒྲལ་ཁྱོད་ངང་གྲོལ༔ བྱང་ཆུབ་ཆེན་པོ་ཆོས་ཉིད་ཆེ༔ རྒྱལ་བ་རྣམས་ནི་བདུད་ལས་རྒྱལ༔ བཅོམ་ལྡན་དཔའ་བོས་དགྲ་རྣམས་བཅོམ༔ ཐར་པ་ཆེན་པོ་རྣམ་མཁྱེན་བདག༔ དཔལ་ཆེན་འཁོར་བཅས་དཔལ་ཆེན་པོར༔ ཡེ་ཡིན་དབང་ཐོབ་ཁྱོད་ཕྱག་འཚལ༔ མཆོག་དང་གྲགས་དགས་མངོན་པར་བསྟོད༔ ཅེས་བསྟོད་ཅིང་བཀུར་བར་བྱེད་དོ༔ ཆོས་ཟད་བློ་འདས་ཆེན་པོའི་རྣམ་པར་ཐར་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ༔ གུ་ཧྱ༔ ཆོས་ཟད་བློ་འདས་ཀྱི་སྣང་བ་དེ་ཡང་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་ནས་དབྱིངས་དང་དབྱིངས་འདྲེས་པ་ལྟ་བུ་སྟེ༔ མཉམ་བརྡལ་ཆོས་ཉིད་ཀྱི་དབྱིངས་སུ་ཕེབས་ཀྱང་ཤེས་སྒྲིབ་ཕྲ་བའི་བག་ཆགས་ཀྱི་དྲི་མ་ཙམ་ཡོད་པས་མཁའ་ལ་ནམ་ལངས་ཀྱང་ཉི་མ་མ་ཤར་བ་ལྟ་བུར་སྐུ་དང་ཡེ་ཤེས་ཀྱི་ངང་མདངས་མ་གསལ་བའོ༔ དེ་ནས་ཆོས་ཉིད་ཟད་པའི་སྣང་བ་དེ་ཉིད་ལྷུན་གྲུབ་གཞོན་ནུ་བུམ་སྐུར་སངས་རྒྱས་པ་ནི་དཔེར་ན་ནམ་ལངས་པའི་ཐོག་ཏུ་ཉི་མ་ཤར་བ་ལྟ་བུའོ༔ འདིའི་དུས་སུ་ཆོས་སྐུ་ནམ་མཁའ་ལྟ་བུ་བརྡལ་ཁྱབ་སྤྲོས་པ་དང་བྲལ་བ་ཆོས་ཉིད་ཀྱི་དབྱིངས་གཡོ་མི་ཤེས་པའི་ངང་དུ་འབྱམས་ཀླས་པ་དང་༔ གཏིང་མདངས་ཀྱི་ཡེ་ཤེས་ངང་མདངས་སུ་རྒྱས་ཤིང་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་རྣམས་དོན་ཕྱོགས་ཆད་དུ་མ་སོང་བར་ཆོས་ཉིད་དེ་ལས་དོན་མི་གཉིས་ངང་མི་གཞན་པར་གདོད་ནས་རང་ཆས་སུ་རྫོགས་པ་མངོན་དུ་གྱུར་པ་ཡིན༔ དེ་ལ་ཡོན་ཏན་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ༔ སྐྱེ་འཆི་དང་བསྒྲེས་རྒུད་ཐམས་ཅད་ལས་འདས་པས་གཞོན་ནུ༔ ངང་ཉིད་ཡེ་ཤེས་ཀྱི་ཕུང་པོ་ལས་ཕྱི་རྒྱ་མ་རལ་བས་བུམ་པ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པས་སྐུ་ཡང་དག་པའོ༔ དེར་གཉིས་འཛིན་མེད་པས་སངས་རྒྱས་དང་སངས་རྒྱས་ཀྱི་ཡུལ་ཐ་དད་པ་ཐམས་ཅད་ཡུལ་མེད་དུ་སྟོང་༔ སེམས་ཅན་དང་སེམས་ཅན་གྱི་གནས་རིགས་ཐ་དད་པ་ཐམས་ཅད་ཀྱང་ཡུལ་མེད་དུ་དེངས་ནས་སྟོང་སྟེ་འཁོར་འདས་དག་མཉམ་གྱི་རོལ་པར་ཕྱམ་བརྡལ༔ མ་རིག་པ་གཞི་ལ་སངས་ནས་ཡེ་ཤེས་ཡོན་ཏན་གྱི་ཕུང་པོ་རྒྱས་པའོ༔ འདིའི་དུས་སུ་འགའ་ཞིག་ཚེ་ཚད་ཀྱི་རིམ་པ་ལ་མི་ལྟོས་པར་ཁྱབ་བརྡལ་ནམ་མཁའ་ལྟ་བུར་འབྱམས་ཀླས་པ་དང་༔ འགའ་ཞིག་འཆི་བའི་དུས་ལ་བབས་ཚེ་འཇའ་དང་འོད་ཕུང་གི་རོལ་པར་ལྷག་མ་མེད་པར་ཡལ་བ་སྟེ༔ དེ་ནི་འཕོ་བ་ཆེན་པོ་དང་འཇའ་ལུས་ཆེན་པོ་ཞེས་བྱ་བ་ཡིན༔ འགའ་ཞིག་ལུས་སེམས་བྲལ་བའི་རྗེས་སུ་ནམ་མཁར་འོད་དང་འཇའ་ཚོན་གྱི་སྤྲིན་ཕུང་འཁྲིགས་པར་ལུས་ལན་ཚྭ་ཆུར་ཞུ་བ་ལྟར་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་ལྷག་མེད་དུ་ཡལ་བ་འཇའ་ལུས་ཆུང་ངུ་ཞེས་བྱའོ༔ འགའ་ཞིག་གི་ལུས་ལ་འོད་ཀྱི་དཀྲིས་ཤིང་གདོས་པ་ཇེ་ཆུང་དུ་སོང་ནས་སྐྲ་སེན་ཙམ་སྙིགས་མར་ལུས་པ་དང་༔ འགའ་ཞིག་ལུས་ཀྱི་གདོས་པ་ཇེ་ཆུང་དུ་སོང་ནས་ཕྱེད་ཆ་དང་བཞི་ཆ་དང་བརྒྱད་ཆ་ཙམ་ལས་མེད་པར་ཡལ་བའོ༔ སྔ་མ་ནི་ཆོས་སྐུ་རང་ཐོག་ཏུ་འཕོ་བ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུར་དག་པ་དང་གྲོལ་བ་དུས་མཉམ་དུ་བྱུང་བ་ཡིན༔ ཕྱི་མ་ནི་མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་དབྱིངས་སུ་འཕོ་བ་འོད་ཕུང་འོད་ཕུང་ལ་ཐིམ་ནས་ནམ་མཁར་ཡལ་བ་ལྟ་བུའོ༔ སྔ་མ་ནི་དག་གྲོལ་མཉམ་རྫོགས་ཀྱི་ཆོས་སྐུ་དང་༔ ཕྱི་མ་ཟུང་འཇུག་དབྱིངས་གྲོལ་གྱི་ཆོས་སྐུ་ཡིན་ཏེ༔ གདོད་ནས་འཁྲུལ་མི་ཤེས་པའི་དབྱིངས་སུ་རང་གྲོལ་བས་རང་དོན་ཆོས་སྐུ་དང་༔ ཆོས་ཉིད་ཀྱི་རླབས་ཀྱིས་ཆོས་ཅན་སྣང་བའི་སྣོད་བཅུད་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པའམ་རྨི་ལམ་དབྱིངས་སུ་སད་པ་ལྟར་དུས་མཉམ་དུ་མ་བསྒྲལ་མཉམ་གྲོལ་གྱི་ཤུགས་ཆེན་པོ་དང་ལྡན་པས་གཞན་དོན་གཟུགས་ཀྱི་སྐུ་མངོན་དུ་གྱུར་པའོ༔ ཕྱི་མ་གཉིས་ནི་ལུས་ཀྱི་འཛིན་ཞེན་བདག་མེད་དུ་གྲོལ་བའི་སྟོབས་ཤུགས་ཀྱིས་ལུས་འཇའ་སྤྲིན་དེངས་པ་བཞིན་དུ་རིམ་གྱིས་ཡལ་བ་ཡིན༔ འདི་ནི་དབང་པོ་རབ་ཏུ་གྱུར་པ་རྣམས་ལ་རིག་པ་ཚད་ཕེབས་ཡན་ཆད་དུ་འབྱུང་བ་ཡིན༔ ལུས་སེམས་དབྱེར་མེད་དུ་གྲོལ་བ་འདི་དག་ནི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ༔ སྐུ་མངོན་པར་རྫོགས་པའི་སངས་རྒྱས་པ་ནི་བརྩོན་འགྲུས་དང་སྙིང་སྟོབས་མཆོག་ཏུ་གྲུབ་པའི་སྐྱེས་བུ་དེ་ཉིད་མྱ་ངན་ལས་འདས་པ་ཆེན་པོའི་དབྱིངས་སུ་གཤེགས་པའི་ཚེ༔ ཕྱིའི་རྟགས་སུ་ས་ཆེན་པོ་འདི་རྣམ་པར་གཡོ་བ་དང་༔ རབ་ཏུ་གཡོ་བ་དང་༔ སྒྲ་ཆེན་པོ་འུར་བ་དང་༔ རབ་ཏུ་འུར་བ་དང་༔ འོད་དང་འཇའ་སྤྲིན་ཆེན་པོ་འཐིབས་པ་དང་༔ ཉི་ཟླ་སྒྲ་གཅན་གྱི་ཁར་འཇུག་པ་རྣམས་འབྱུང་བ་དང་༔ ནང་རྟགས་སུ་གདུང་དང་རིང་བསྲེལ་ལ་སོགས་མི་ཤིགས་པའི་རྟེན་གསུམ་དུ་གྲུབ་པ་གདུལ་བྱའི་ལྷག་མ་རྣམ་པར་སྒྲོལ་བའི་ཆེད་དུ་སྤྲུལ་པའོ༔ འདི་དག་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པས་དབྱངས་གཅིག་དང་དགོངས་པ་རོ་གཅིག་གི་ངང་ནས་མངོན་པར་བསྟོད་པ་འདི་བརྗོད་དོ༔ ཨེ་མ་སངས་རྒྱས་ཨེ་སངས་རྒྱས༔ ཨེ་མ་རྫོགས་པའི་སངས་རྒྱས་ལགས༔ གདོད་མའི་དབྱིངས་སུ་དབྱིངས་ཞུགས་པས༔ མཉམ་ཉིད་རོལ་པ་ཆོས་ཀྱི་སྐུ༔ དུས་གསུམ་འཕོ་འགྱུར་བྲལ་བའི་ངང་༔ ཁྱབ་བདག་དཔལ་ལ་མངོན་པར་བསྟོད༔ ལྷུན་གྲུབ་གདངས་ལ་གདངས་ཞུགས་པས༔ སྐུ་དང་ཡེ་ཤེས་ཡོན་ཏན་ཆེ༔ ཕུན་སུམ་ཚོགས་པ་རང་བྱུང་བ༔ ལོངས་སྤྱོད་རྫོགས་པའི་དཔལ་ལ་བསྟོད༔ ཤེས་རབ་རྩལ་ལ་རྩལ་ཞུགས་པས༔ ཡེ་ཤེས་ཆེན་པོ་མངོན་དུ་གྱུར༔ རྣམ་པར་གཟིགས་དང་མཁྱེན་པའི་དབྱངས༔ སྤྲུལ་པའི་སྐུ་ལ་མངོན་པར་བསྟོད༔ སྐུ་གསུམ་ལྷུན་གྲུབ་སངས་རྒྱས་ཏེ༔ ངང་ལས་སྦྱང་བགྲོད་ས་ལམ་མེད༔ ཉིད་ལས་ཐོབ་པའི་འབྲས་བུ་མེད༔ གཤིས་ལས་སོ་མའི་ཡེ་ཤེས་མེད༔ སྔར་ལས་འཕྲལ་སངས་རྒྱས་པ་མེད༔ གནས་ལས་གནས་སུ་བགྲོད་པ་མེད༔ དབྱིངས་ལས་དབྱིངས་སུ་གཤེགས་པ་མེད༔ ཡེ་ཡིན་པ་ལས་འཕོ་འཕགས་མེད༔ ཀ་དག་ཡེ་རྫོགས་ཆེན་པོར་བསྟོད༔ བདག་མེད་ཡུལ་ཡང་བྲལ་བ་ལ༔ གཞན་མེད་གདུལ་བྱ་འདུལ་བྱེད་མེད༔ གཡོ་མེད་སྤྲོས་མཐའ་བྲལ་བ་ལ༔ བྱ་བྱེད་སྤྲོས་བསྡུ་ཀུན་ལས་འདས༔ དོན་དམ་མི་འགྱུར་དབྱིངས་ལ་བསྟོད༔ དེར་མ་གྲོལ་བའི་སེམས་ཡིད་བློ༔ བཅོས་པའི་ས་ལམ་འབྲས་ཡུལ་བསྟན༔ དེ་ཡང་དེ་ཡི་རྫུ་འཕྲུལ་གྱིས༔ དེ་ལ་དེར་སྣང་འཕྲུལ་ཡང་དཔག༔ ལམ་ནས་ལམ་དུ་བགྲོད་པ་བསྟན༔ ས་ནས་ས་རུ་འཕགས་པར་བྱས༔ དེ་ཡང་ཆོས་ཉིད་སྒྱུ་མའི་འཕྲུལ༔ ཀུན་རྫོབ་བདེན་པ་དེ་ལ་བསྟོད༔ རྫོགས་སངས་རྒྱས་ནས་འགྲོ་བའི་དོན༔ གཞན་ཕྱིར་བྱ་བ་མི་བྱེད་ཀྱང་༔ མཛད་པའི་ཚུལ་གྱིས་ཁ་དྲངས་པ༔ རྨོངས་པའི་མུན་ཡུལ་དེས་གསལ་བྱེད༔ དེ་ཡང་བདེན་དང་རྫུན་པ་མེད༔ ཐམས་ཅད་འདུས་ཤིང་ཐམས་ཅད་རྫོགས༔ ཆོས་ཉིད་བདེ་གཤེགས་ཀློང་ལ་བསྟོད༔ ཅེས་མངོན་པར་བསྟོད་ཅིང་བསྔགས་པར་བྱེད་དོ༔ ལྷུན་གྲུབ་གཞོན་ནུ་བུམ་སྐུའི་ཚུལ་བསྟན་པ་དང་དེའི་མཐའ་བརྟེན་མངོན་པར་བསྟོད་པ་དང་བཅས་པའི་ལེའུ་སྟེ་ཉི་ཤུ་པའོ༔ གུ་ཧྱ༔ ལམ་གྱི་ལམ་མཆོག་དམ་པ་འཕྲད་ཚད་རྣམ་པར་གྲོལ་བའི་གདམས་ངག་ཟབ་མོ་འདི་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཡོངས་འདུས་ཀྱི་བདག་ཉིད་ཆེན་པོ༔ རིག་འཛིན་བླ་མ་འདུས་པའི་སྙིང་ཐིག༔ མཁའ་འགྲོ་དམ་ཅན་ཡོངས་ཀྱི་སྲོག་རྩ་ཡིན་ཏེ༔ ཆོས་སྐྱོང་བའི་རྒྱལ་པོ་ལེགས་ལྡན་ནག་པོ༔ དཔལ་ལྡན་སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊཱི༔ གནོད་སྦྱིན་ཤན་པ་ཆེན་པོ༔ དྲང་སྲོང་གཟའ་བདུད་རྒྱལ་པོ་ལ་སོགས་པའི་རྫོགས་པ་ཆེན་པོའི་སྲུང་མ་དམ་པ་མྱུར་མགྱོགས་མཐུ་རྩལ་གྱི་བདག་པོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་གཏད་དོ༔ གཉེར་རོ༔ བཅོལ་ལོ༔ བཀའ་འདིའི་སྣོད་མཆོག་ཏུ་གྱུར་པའི་སྐྱེས་བུ་དམ་པ་རྣམས་ལ་སྤྲོད་ཅིག༔ ས་ལམ་གྱི་བར་ཆད་ངན་པ་ཐམས་ཅད་བཟློག་ཅིང་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་བསྐྱེད་ལ་ཕྲིན་ལས་རབ་འབྱམས་ཐམས་ཅད་སྒྲུབས་ཤིག༔ སྣོད་མ་ཡིན་པ་རྣམས་ཀྱི་ལག་ཏུ་མ་བཏང་ཞིག༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བཀའ་གཙིགས་ཀྱི་ཕྱག་རྒྱས་བཏབ་པའི་ལེའུ་སྟེ་ཉེར་གཅིག་པའོ༔ གུ་ཧྱ༔ ཞེས་པ་འདི་ནི་རང་སློབ་དམ་པ་རྟོགས་ལྡན་བློ་གྲོས་དབང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ།། །།