ཆོས་ཉིད་ནམ་མཁའི་མཛོད་ལས༔ མཁའ་འགྲོ་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་བཻ་ཌཱུཪྻའི་དོ་ཤལ༔

From Dudjom Wiki
TTDL-ZABTER-11-DA-020
Wylie title chos nyid nam mkha'i mdzod las: mkha' 'gro khros ma nag mo'i dbang gi mtshams sbyor bai DUR+Ya'i do shal: TTDL-ZABTER-11-DA-020.pdf
Location bdud 'joms gling pa zab gter
Volume 11, Text 20, Pages 323-354 (Folios 1a1 to 16b5)
Author བྱ་བྲལ་སངས་རྒྱས་རྡོ་རྗེ་
Citation Chatral Rinpoche. Chos nyid nam mkha'i mdzod las mkha' 'gro khros ma nag mo'i dbang gi mtshams sbyor bai DUR+Ya'i do shal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 323-354. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mtshams sbyor   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur  ·  Procedural Outline for Rituals - mtshams sbyor
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon
  • Author colophon: ཅེས་པ་འདིའང་རང་ཉིད་ཀྱིས་ཆོས་འདིའི་བསྟན་པ་སྤེལ་བ་ལ་ཉེ་བར་མཁོ་བ་དང་སྐལ་མཉམ་གཞན་ལའང་ཕན་པའི་བློས། གསང་འཛིན་ལག་ན་རྡོ་རྗེའི་རྣམ་འཕྲུལ་གཏེར་སྲས་མི་འགྱུར་ལས་འཕྲོ་གླིང་པ་རྡོ་རྗེ་དགྲ་འདུལ་རྩལ་གྱི་འབངས་སུ་གྱུར་པའི་སྤོང་བ་པ་སངས་རྒྱས་རྡོ་རྗེས་གདན་ས་ཆེན་པོ་དཔལ་དྭགས་ལྷ་སྒམ་པོའི་དབེན་ཁྲོད་དུ་བགྱིས་པ་སྟེ། རྩ་བའི་དབང་ཚིག་ཧོར་ཁུངས་སུ་སྨོས་པ་རྣམས་འདི་ཁོ་ན་ལྟར་ལས་ཁ་བསྐངས་ཏེ་བཀླག་ཆོག་མར་དཀྱུས་སུ་འདྲི་བར་མི་བྱའོ།
  • Editor colophon: །སླར་ཡང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུས་དག་གིས་གཏན་ལ་ཕབ་སྟེ་རྩ་གཞུང་གླེགས་བམ་གྱི་ཁོངས་སུ་སྤར་དུ་བསྐྲུན་པ་སིདྡྷི་རསྟུ།།
  • Author colophon:ces pa 'di'ang rang nyid kyis chos 'di'i bstan pa spel ba la nye bar mkho ba dang skal mnyam gzhan la'ang phan pa'i blos/__gsang 'dzin lag na rdo rje'i rnam 'phrul gter sras mi 'gyur las 'phro gling pa rdo rje dgra 'dul rtsal gyi 'bangs su gyur pa'i spong ba pa sangs rgyas rdo rjes gdan sa chen po dpal dwags lha sgam po'i dben khrod du bgyis pa ste/__rtsa ba'i dbang tshig hor khungs su smos pa rnams 'di kho na ltar las kha bskangs te bklag chog mar dkyus su 'dri bar mi bya'o/
  • Editor colophon: slar yang 'jigs bral ye shes rdo rjes zhus dag gis gtan la phab ste rtsa gzhung glegs bam gyi khongs su spar du bskrun pa sid+d+hi rastu//
[edit]
༄༅། །ཆོས་ཉིད་ནམ་མཁའི་མཛོད་ལས༔ མཁའ་འགྲོ་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་བཻ་ཌཱུཪྻའི་དོ་ཤལ་ཞེས་བྱ་བ་བཞུགས་སོ༔


༄༅། །ན་མོ་གུ་རུ་བཛྲ་ཡོ་གི་ནི་ཀྲོ་དྷཱི་ཀ་ལི་ཡེ། བླ་མ་ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་ལ། །གུས་པས་བཏུད་དེ་གང་གི་དཀྱིལ་འཁོར་དུ། །སློབ་མ་གཞུག་པའི་ཆོ་གའི་མཚམས་སྦྱོར་འགོད། །དཔང་གྱུར་ཚོགས་ཀྱིས་གནང་བ་སྩལ་དུ་གསོལ། །དེ་ལ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་སློབ་དཔོན་གྱིས་སྣོད་ལྡན་སློབ་མ་རྗེས་སུ་འཛིན་པའི་ཚུལ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དབང་། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། མཁའ་འགྲོ་འདུ་བའི་གནས་སུ་ཡར་མར་གྱི་ཚེས་བཅུ་ལྟ་བུར། སྟེགས་བུའི་དབུས་སུ་དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་ཁྲིའུ་ལ་རྣམ་བུམ་དྲིའི་ཆབ་དང་སོ་ལྔའི་རྫས་ཀྱིས་བཀང་བ་མགུལ་ཆིངས་མཐིང་ག་ཁ་རྒྱན་གཟུངས་རྡོར་ལྡན་པ་འགོད། བུམ་པའི་ཁ་རྒྱན་གསེབ་བམ་མདུན་དུ་གཙོ་འཁོར་ཉེར་བརྒྱད་ཀྱི་ལྷ་ཙཀ་ཚང་བ། གཡས་གཡོན་རྣམས་སུ་དུར་ཁྲོད་ཆས་བརྒྱད། མི་ལྤགས། རྐང་གླིང་། ཌཱ་དྲིལ། ཅོག་པུ། གྲི་གུགབསྒྲལ་ཆས། ཚོགས་རྫས། ཧོམ་ཁུང་། འུར་རྡོ། བྷནྡྷ་ཆོས་སྨན་ཆང་སྦྱར་གྱིས་བཀང་བ། སྔགས་བྱང་། ཕྲེང་བ། སྐྲ་ཅོགཐོད་སྣོད། ཁ་ཊྭཱྃ། སྒོམ་ཐགདུང་ལུང་། རས་གཟན། ཨང་རགསྟག་པགས། རིག་ཙཀདགའ་འཁྱིལ་སྲོག་ཡིག་ཅན། རིགས་ལྔའི་ཕྱག་མཚན་བསྡོམས་པ། ཤེལ་རྡོ། མེ་ལོང་། འཇའ་ཐིགའོད་ལྔའི་ཐིག་ལེ་རྣམས་དངོས་དང་ཙཀླི་ཅི་རིགས། རྒྱབ་ཏུ་དབང་གཏོར་དཔེའུ་རིས་ལྟར་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། རྫས་བརྒྱད། རྟགས་བརྒྱད། སྣ་བདུན་བཅས་བཀོད། མདུན་དུ་སྨན་རཀ་གཏོར་གསུམ་དང་ཆུ་གཉིས་ཉེར་སྤྱོད་ལྔ་སྤྱི་ལྟར་བཤམ། གཞན་ཡང་སྔོན་འགྲོ་བཀའ་སྲུང་སྤྱི་དང་སྲོག་བདག་རྣམ་བཞི་གཟའ་བཅས་ཀྱི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན། བགེགས་གཏོར་གླུད་གཟུགས་མ། ལས་བུམ། མིག་དར་མེ་ཏོག་སོགས་མཁོ་བའི་ཆས་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། ཕྱག་བཞེས་བཞིན་ལས་བྱང་ཆེ་འབྲིང་གཉིས་གང་ཡང་རུང་བའི་གཞུང་བསྲང་ལ་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པས་སྒྲུབ་པའམ། རྟོགས་པས་མི་ཆུན་ན་བཟླས་པའི་འགོར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཞེས་པས་འཛབ་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་དམིགས་ཏེ་བསྙེན་པའི་བཟླས་པ་ཇི་ཙམ་ནུས་པ་དང་། སྒྲུབ་དང་ལས་སྦྱོར་གྱི་བཟླས་པའང་ཅི་རིགས་མཐར། རྣམ་རྒྱལ་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ནང་དུ་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་ཉི་ཟླ་བམ་རོའི་གདན་ལ་བཅོམ་ལྡན་འདས་མ་ཁྲོས་མ་ནག་མོ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་མཐའ་སྐོར་དུ་ཉི་མ་དང་ཟེར་གྱི་ཚུལ་དུ་རང་རྩལ་སྤྲུལ་པའི་འཁོར་ཚོགས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་པར་བསམ་ལ། བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་དམ་ཡེ་དབྱེར་མེད་དུ་བསྟིམ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལྷུན་གྲུབ་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་གང་འདུལ་སྤྲུལ་པའི་སྐུ་རུ་ཤར༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཟུངས་ཐག་བླངས་ཏེ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་གཟུངས་ཐག་ལ་བརྒྱུད་དེ་མདུན་བསྐྱེད་བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་ལས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་ཚུར་འདུས་བུམ་པའི་ཆུ་ལ་ཐིམ་པར་བསམ་ལ། སྙིང་པོ་གང་འགྲུབ་བཟླ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་འདོད་གསོལ་མཆོད་བསྟོད་དང་བུམ་བསྟོད་ཤློ་ཀ་བཅས་བྱས་ལ་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ཏེ། ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འོད་དུ་ཞུ་བ་བུམ་ཆུའི་རྣམ་པར་གྱུར་པར་མོས། ལས་བུམ་སྭ་བྷཱ་ཝས་བསང་སྦྱངས། ལས་ཀྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པའི་སྐུར་གསལ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དག་བྱེད་ཀྱི་ཆུ་ནུས་པ་ལྡན་པར་གྱུར༔ ཞེས་དམིགས་ལ། ཧཱུྃ་བཛྲ་ཨ་མྲྀ་ཏ་ཨུཏྟ་ཀ་ཧཱུྃ་ཕཊ༔ ཅེས་བརྒྱའམ་ཉེར་གཅིག་ཙམ་བཟླས་མཐར། ཉེར་སྤྱོད་སྔགས་ཙམ་གྱིས་མཆོད། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཧེ་རུ་ཀ༔ སྒྲིབ་གཉིས་དྲི་མ་སྦྱོང་མཛད་པ༔ བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་མོས། སྲོག་བདག་རྣམ་བཞི་དང་གཟའི་གཏོར་འབུལ། བཤགས་པ་ཡེ་ཤེས་འོད་ཟེར་རམ་ཉམས་ཆག་སྐོང་བའི་ལུང་བྱང་། ཚོགས་མཆོད་གནམ་ཕུད་ཡན་བྱས་ལ། འོག་ཏུ་སློབ་མ་ལ་བྱ་བ་བཞིན་ཏིང་ངེ་འཛིན་གསལ་པོས་བདག་འཇུག་རྫོགས་པར་ལེན་པའམ་རིག་པའི་མེ་ཏོག་དོར་བ་ཙམ་དང་། སློབ་མ་གཞུག་པར་གནང་བ་ཞུ། དབང་དངོས་ལ་དམ་ཚིག་ཐུབ་ངེས་པའི་སློབ་མ་བདུན་སོགས་ལས་ཧ་ཅང་མང་པོ་མ་ཡིན་པ་རྣམས་སྒོའི་ཕྱི་རོལ་དུ་འཚོགས་པ་ལ། ཧཱུྃ་ཧྲཱིཿ བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས༔ སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ༔ གནས་པའི་ཉེས་སྐྱོན་དྲི་མའི་ཚོགས་བཅས་ཀུན༔ བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག༔ ཅེས་དང་ཡིག་བརྒྱ་བཟླས་པས་ཁྲུས་བྱ། གྲལ་དུ་འཁོད་པ་ལ། བགེགས་གཏོར་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨ་ཀཱ་རོས་བརླབས། ཨོཾ་སརྦ་བིགྷྣཱན་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མགྲོན་དགུག ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་གྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། དོན་དམ་ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་མ་ཅིག་ཁྲོས་མ་ནག་མོ་དབྱིངས་ཀྱི་ཡུམ་ཆེན་ལྔ་ལས་མཛད་མ་བཞི་གདོང་མོ་རྣམ་བཞི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ། བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གླུད་གཏོར་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་དེངས་ཤིགགལ་ཏེ་མི་འགྲོ་ན་བདག་ཉིད་ཁྲོས་མའི་སྐུའི་གནས་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་རང་རྩལ་གཅིག་ལས་དུ་མར་འཕྲུལ་པ་ཁྲོ་ཆུང་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཤིང་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས་པས་ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར་ཏ་རེ། སུམྦྷའི་དྲག་སྔགས་སྤོས་ཡུངས་རོལ་མོ་དང་བཅས་པས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་མོས། མེ་ཏོག་བཀྲམ་བསྡུ་བྱས་ལ། འོནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་དབང་པོ་དང་སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པར་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་དབྱེ་བའི་སྒོ་ནས་ཐེག་པ་རིམ་པ་དགུར་གནས་ཀྱང་། བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ། དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་རྒྱུའི་ཐེག་པ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཀྱང་ཐབས་ཀྱིས་ཟིན་མ་ཟིན་ལས་ཕན་གནོད་ཀྱི་བྱ་བ་བྱེད་པར་ཤེས་ནས་ཀུན་རྫོབ་ཙམ་རྫས་ཡོད་དུ་ཤེས་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟས་ནས་སྤོང་བའི་ཐབས་ལ་བརྟེན་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ལྟ་བ་མ་རྨོངས་པ། སྒོམ་པ་ཐབས་མང་བ། སྤྱོད་པ་དཀའ་བ་མེད་པ། གང་ཟག་དབང་པོ་རྣོན་པོ་སོགས་ཀྱིས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་ཡིན། དེ་ལའང་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པའི་ཡོད་པ་མི་འགོག་པས་སྒྱུར་བའི་ཐབས་ལ་བརྟེན་པ་ཀྲི་ཡོག་སྡེ་གསུམ་དང་། ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ནས། དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་གོམས་པར་བྱས་པས་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། རྙིང་མ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱད་གཏེར་མ། ཟབ་མོ་དག་སྣང་སྟེ་བརྒྱུད་པའི་བཀའ་སྲོལ་གསུམ་དུ་ཡོད་པ་ལས། འདིར་བཀའ་མ་ལས། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་བརྒྱུད་པའི་ཁྱད་པར་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང་གང་ལ་གང་འདུལ་གྱི་དུས་དང་འཚམས་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་འཕགས་པ་ལས་འཕྲོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་རྒྱ་ཆེ་བ་ས་ཡི་གཏེར་དང་། ཟབ་མོ་དགོངས་པའི་གཏེར་གཉིས་ལས་འདིར་ཕྱི་མ། སྤྱིར་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་གྲགས་པ་ལས་འདི་ནི་ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་ཆོས་སྡེར་གཏོགས་པ་ཟབ་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་བླ་ན་མེད་པ་གཉིས་སུ་མེད་པའི་རྒྱུད་ཀྱི་སྙིང་པོའི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རྒྱལ་བ་ཀུན་ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོའི་སྐོར་ཡིན། དེ་ལའང་ཐོག་མར་ངེས་ཤེས་འདྲེན་པ་ལོ་རྒྱུས་ཀྱི་དབང་དུ་བྱས་ན། གསུང་རྡོ་རྗེ་བདེ་བ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨཱ་ཀ་ར་དེ་ཉིད་ལ་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་འབུམ་པ་ཕྱག་ཏུ་ཕུལ། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་ཁྲོས་མ་ནག་མོའི་ཐུགས་སྒྲུབ་ནི་སྙན་བརྒྱུད་ཀྱི་ཚུལ་དུ་གསུངས་པས་སྒྲུབ་ཐབས་ཀུན་ལས་འདི་ཉིད་གཉན་ཅིང་ཟབ་པར་དགོངས་ཏེ་ཐུགས་ཀྱི་ཀློང་དུ་སྦས་པ་ཕྱིས་བོད་ཡུལ་དུ་སྐུ་དངོས་ཀྱིས་བྱོན་ཚེ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་ལ་མཁའ་འགྲོ་སྡེ་ལྔས་བསྐུལ་མ་བྱུང་ནས། སློབ་དཔོན་ལ་གསོལ་བ་བཏབ་པས་ཆོས་འདིའི་བཀའ་ལུང་མན་ངག་རྫོགས་པར་གནང་ནས་སྐལ་ལྡན་རྣམས་སྨིན་གྲོལ་ལ་བཀོད། ཕྱི་རབས་ཀྱི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ། ཇི་སྐད་དུ། རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ འགྲོ་བའི་སྡུག་བསྔལ་བསལ་བ་དང་༔ ཚེ་གཅིག་ཐར་ལམ་སྟོན་པའི་ཕྱིར༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ཞེས་གསུངས་པ་ལྟར་གཞུང་ཕལ་ཆེ་བོད་ཡུལ་གྱི་གཏེར་གནས་སོ་སོར་སྦས་པ་ཉིད་ཕྱིས་གདུལ་བྱ་དུས་སུ་བབས་པ་ན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་སོགས་སྔོན་གྱི་ལོ་པཎ་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པ་རྣམས་གང་འདུལ་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་རྒྱུད་ལུང་མན་ངག་གི་བཅུད་རྣམས་རིམ་པར་ཞལ་ཕྱེས་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་གོ་འཕང་ལ་མཆོག་ཏུ་དབུགས་དབྱུང་སྩལ་བ་ལས། འདི་ནི་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་སློབ་དཔོན་སངས་རྒྱས་གཉིས་པས་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་ཀློང་ཆེན་ཐུགས་ཀྱི་སྒྲོམ་བུར་སྨོན་ལམ་ཟབ་མོའི་རྒྱས་བཏབ་པ་ཉིད་ཕྱི་མའི་དུས་འདིར། རང་གཏེར་ལས། མ་འོངས་དུས་ཀྱི་སྙིགས་མ་ལ༔ ང་དང་མི་གཉིས་ངའི་སྤྲུལ་པ༔ སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ༔ ཆོས་ཉིད་བདེན་པ་མངོན་གཟིགས་ཤིང་༔ ཆོས་ཀུན་ཀློང་བརྡོལ་གཏེར་གསུམ་འདོམས༔ ལྷུན་གྲུབ་རིག་འཛིན་སྒྱུ་འཕྲུལ་རོལ༔ ཁྲག་འཐུང་རྡོ་རྗེ་གྲོ་བོ་ལོད༔ པདྨའི་གསང་མཛོད་བདག་པོ་འབྱུང་༔ ཞེས་དང་། གཞན་ཡང་གཏེར་ཆེན་ཆོས་རྗེ་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་ཀྱི་ལུང་གིས་གསལ་བར་ཟིན་པ་ལྟར་འབྲོག་བན་ཡང་སྲིད་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཀློང་གྲོལ་རྡོ་རྗེ་མི་འགྱུར་རམ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་ཞེས་ཉི་འོག་ན་ཡོངས་སུ་གྲགས་པ་བརྟན་པ་དེ་ཉིད་ལ་སྤྱིར་བོད་ཆེན་པོའི་ཡུལ་གྱི་རྫོང་ཆེན་བརྒྱད་དང་རྩེ་མོ་བཅུ་གསུམ་ནས་བར་ཆད་མེད་པར་སྤྱན་དྲངས་པ། ཟབ་ཆོས་པདྨའི་སྙིང་ཐིགརིག་འཛིན་ཐུགས་ཀྱི་ཐིག་ལེ། མཁའ་འགྲོ་གསང་བའི་གབ་ཐིག་སྟེ་རྒྱ་ཆེ་བ་ས་གཏེར་སྐོར་གསུམ་དང་། མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་བརྡོལ། དག་སྣང་ཡེ་ཤེས་དྲྭ་བ། ཆོས་ཉིད་ནམ་མཁའི་ཀློང་མཛོད་སྟེ་ཤིན་ཏུ་ཟབ་པ་དགོངས་གཏེར་སྐོར་གསུམ་བཞུགས་པ་ལས། ད་ལམ་སྐབས་སུ་བབས་པ་འདི་ནི་རྩ་བ་རྡོ་རྗེའི་གསུང་ལས། གྲུབ་པའི་དབང་ཕྱུག་ས་ར་ཧ༔ མཁའ་འགྲོའི་གསང་མཛོད་བདག་པོ་ངས༔ སྙིང་གི་དྭངས་མའི་ཡང་ཐིག་འདི༔ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་དུ༔ ཁྲག་འཐུང་ཆེན་པོ་ཁྱོད་ལ་གདམས༔ ཞེས་པ་ལྟར་རྗེ་གཏེར་ཆེན་དེ་ཉིད་ཀྱི་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པར་གཟིགས་ངོར་གྲུབ་བརྒྱའི་སྤྱི་མེས་དཔལ་ས་ར་ཧ་དང་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་གཅིག་ཉིད་ཐ་དད་ཀྱི་ཟློས་གར་མིག་འཕྲུལ་གྱི་བཀོད་པ་ལྟར་བསྒྱུར་ནས་མངོན་སུམ་བྱིན་གྱིས་བརླབས་ཤིང་བརྡ་ཐབས་བསྟན་པ་ལ་བརྟེན་ནས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་སྒྲོམ་རང་བྱུང་རིག་པའི་ཆོ་འཕྲུལ་གྱིས་རྒྱ་བཀྲོལ་ཏེ་འཛད་དུ་མེད་པའི་ཐུགས་གཏེར་ཆེན་པོ་བརྡོལ་བའི་ཡང་ཞུན་ཏེ་ལས་དང་དངོས་གྲུབ་སྒྲུབ་པ་ལ་མི་བསླུ་ཞིང་བཀའ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དང་གུ་རུ་པདྨའི་གཏེར་གཅོད་མཐའ་དག་གི་ལམ་གནད་ཚང་བ། ཁྱད་པར་འོད་གསལ་གསང་བ་ཆེན་པོ་མྱུར་ལམ་ཐོད་རྒལ་སྣང་བཞིའི་ཉམས་ལེན་ལ་བརྟེན་ནས་ཟག་བཅས་ཟག་མེད་དུ་བསྒྲུབས་ནས་ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུར་གྲོལ་བའི་མན་ངག་ཟབ་ལ་འདྲིལ་བ་བཅས་དོན་གྱི་ཆ་ནས་གསང་རྒྱུད་མཐའ་དག་གི་སྙིང་པོ་འདུས་པ་ལས། ཚིག་གི་ཆ་རྒྱས་བསྡུས་འཚམས་པས་མཁས་བླུན་བར་མའི་འགྲོ་བ་སུས་ཀྱང་ཁྱེར་བདེ་ཞིང་ཕན་ཐོགས་དང་ཕྲིན་ལས་རྒྱ་ཆེ་བ་འབྲས་བུ་ཕྱི་དུས་ལ་མི་ལྟོས་པའི་ཚུལ། རྩ་བ་ལས། ཁྱོད་སློབ་སྐྱེས་མཆོག་བཅུ་གསུམ་ནི༔ རིམ་གཉིས་མཐར་ཕྱིན་ཚེ་འདི་ལ༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ ཞེས་པ་ལྟར་གཏེར་ཆེན་འདིའི་དངོས་སློབ་ཆོས་ཀྱི་བདག་པོ་བཅུ་གསུམ་རྟེན་དེར་འོད་ལུས་སུ་དེངས་པས་མཚོན་ལམ་འདིར་འཇུག་ཅིང་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ལ་རྩེ་གཅིག་བརྩོན་པར་ལྡན་ན་རབ་ཚེ་འདི་འབྲིང་བར་དོ་ཐ་མ་སྐྱེ་བ་ཕྱི་མ་ལ་གྲོལ་བ་ཐོབ་པ་བསླུ་མེད་རྡོ་རྗེའི་ཚིག་གིས་གྲུབ་སྟེ། གཞུང་རྩ་བ་ལས། མ་འོངས་ལས་ཅན་སྐལ་ལྡན་རྣམས༔ སྒྲུབ་པའི་དཀྱིལ་འཁོར་འདིར་ཞུགས་ནས༔ མཚན་མའི་སྒྲུབ་པ་བསྒོམ་བཟླས་དང་༔ མཚན་མ་མེད་པ་ཐིག་ལེའི་གནད༔ འདི་ལས་གཞན་དུ་ཡེངས་མེད་ངང་༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འཐོབ༔ གྲུབ་པ་བརྒྱད་ལ་མངའ་བརྙེས་འགྱུར༔ ཞེས་གསུངས་པའི་དོན་འབྲེལ་ཚད་རྣམ་གྲོལ་མཆོག་ལ་སྦྱོར་བའི་ཟབ་ཆོས་འདི་ཡང་། གཏེར་སྟོན་ཉིད་ཀྱིས་ཐོག་མར་མདོ་ཁམས་སྨྲར་ཤོད་ཀྱི་རྡོ་རྗེའི་གནས་མཁའ་འགྲོའི་འདུ་གླིང་གི་ཀེའུ་ཚང་དུ་ལུང་ཟིན་ཐུགས་སྲས་རྣམས་ལ་གནང་བ་ནས་བཟུང་བདག་ཅག་གི་བླ་མ་དམ་པའི་བར་རིམ་པར་སེལ་མེད་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་། རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རིམ་པ་དང་། སྨིན་ཟིན་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལའང་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། འདིར་དབང་ཆོག་ཆོས་ཉིད་སྤྲིན་ཕུང་ལ་སྤྲོས་བཅས་ལྷ་དབང་ཆེན་མོ་སོགས་ཀྱིས་བརྒྱན་པ་ལམ་རྒྱས་པ་ལྟར་བསྒྲུབ་པ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་འོས་དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་དབང་ལྡན་དུ་བྱ་བ་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ལས། འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཕྱི་འཇུག་གི་ཡན་ལགགཞུང་ལས། ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ ཞེས་གསུངས་པའི་ཁྲུས་དང་བགེགས་བསལ་བ་སོང་ནས། འདིར་དབང་གི་སྣོད་དུ་རུང་བ་ལ་ཐོག་མར་རྒྱུད་རྣམ་པར་དག་པ་གལ་ཆེ་བས་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་བསླབ་པའི་གཞི་རྟེན་སྐྱབས་སུ་འགྲོ་དགོས་པས་དེའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པ་སྤྲུལ་སྐུ་ཁྲོས་མ་ནག་མོ། དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་ཕག་མོ། དེའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་མོ་རྣམས་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད༔ ཕཊ༔ ཨཱ༔ ངོ་བོ་ཀ་དག་སོགས་རྩ་སྒྲུབ་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་འཁོར་བའི་བཙོན་རར་སྡུག་བསྔལ་གསུམ་གྱིས་ཉོན་མོངས་པ་མཐའ་དག་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་ཆེད་དུ་བདག་ཉིད་སྐུ་གསུམ་མཁའ་འགྲོའི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དབང་བསྐུར་ཟབ་མོ་ཞུ་བ་དང་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཕཊ༔ ཀྱཻ༔ སྡུག་བསྔལ་གསུམ་གྱི་སོགས་ལན་གསུམ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད༔ བྱས་ལ་སློབ་མས་མཎྜལ་ཕུལ། དེ་ལྟར་ཕུལ་ནས་ཆས་སུ་འཇུག་པ་འོག་ཏུ་གསུངས་ནའང་འབྲེལ་བསྡེབས་ནས་སྐབས་འདིར་མཛད་པ་ཕྱག་ལེན་ཡིན་པས། ཁྱེད་རང་རྣམས་སྔོན་ཆད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དུ་གདོང་གཡོགས་དམར་པོ་འཆིང་བར་མོས་མཛོད། ཨོཾ་ཙཀྵུཿབྷན་དྷ༴ སོགས་ཀྱིས་མིག་དར་བཅིང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་ཐོགས་པའི་མོས་པ་མཛོད། ཨ་ཁཾ་སོགས་ཀྱིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་ཐ་མལ་དུ་མ་ཡིན་པར་དག་པ་རབ་འབྱམས་ཨོ་རྒྱན་རང་བྱུང་གི་ཞིང་ཁམས་སུ། སློབ་དཔོན་ཉིད་རྒྱལ་ཀུན་བསྐྱེད་ཡུམ་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་རྗེ་བཙུན་ཁྲོས་མ་ནག་མོའི་རྣམ་པར་བཞུགས་པ་ལ། མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ རིགས་དང་དཀྱིལ་འཁོར་སོགས་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་ལན་སྦྱིན་ཅིང་ནུས་པ་འདྲི་བ་འདི་ལ་གསན་པས་ཁྱབ་སྟེ། ཧོཿ སྐལ་ལྡན་བུ་རྣམས་སོགས། ཞེས་དྲིས་པ་ལ་ལན་བཏབ་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད༔ ཀྱཻ༔ བླ་མ་དཀྱིལ་འཁོར་སོགས། དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་སྡོམ་པ་མ་ལུས་པ་ཡོངས་སུ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཧོཿ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སོ་སོར་ཐར་པའི་འདུལ་བ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་དང་། །རིག་འཛིན་གསང་སྔགས་སྡོམ་པའི་ཚོགས། །ཚུལ་བཞིན་བཟུང་ཞིང་བསྲུང་བར་བགྱི། །ལན་གསུམ། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི། རྡོ་རྗེའི་དམ་ཚིག་ཆུ་སྦྱིན་པ་འདི་ཉིད་སྙིང་ལ་གནས་ནས་དམ་ཚིག་བསྲུང་ན་མགོན་སྐྱོབ་བྱེད་པའི་ལྷ་ཡེ་ཤེས་སེམས་དཔའ་འགྱུར་ལ། ཉམས་ན་རྡོ་རྗེ་གནོད་སྦྱིན་དུ་འགྱུར་ནས་སྙིང་ཁྲག་གཞིབ་པར་འགྱུར་བའི་དོན་གོ་བར་གྱིས་ཤིག བུམ་པའི་ཆུ་དུང་ཆུས་སུ་བླུགས་པའམ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བྱིན་ལ། ཧཱུྃ༔ རྡོ་རྗེ་ཅན་སོགས། རྡོ་རྗེ་འཛིན་པས་ཇི་སྐད་བསྒོས་པའི་དམ་ཚིག་གཉན་པོ་ལས་འདའ་བར་མི་བགྱིད་དོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ན་ར་ཀན། ཅེས་བསྐྱལ་གཞུག དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང་། ངག་རླུང་འཆིངས། སེམས་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་མཛོད། ཧཱུྃ༔ བདག་ཉིད་མ་ཅིག་ཁྲོས་མ་ནག་མོ་སོགས། སློབ་མ་ལ་ལས་བུམ་གྱི་བསང་ཆུས་གཏོར། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་དབང་བསྡུས་ལྟར་བརྡ་སྦྱར་ལ། སྤོས་རོལ་དབྱངས་དང་བཅས་ཁྲོས་འབྲིང་སྤྱན་འདྲེན་མཐར་སྙིང་པོ་ལ་ར་ཙ་ཧྲཱི་ཡ་སོགས་བཏགས་པ་དྲག་ཏུ་བཟླ་ཞིང་དབབ། དེ་ལྟར་བྱིན་ཕེབས་པའི་ཡེ་ཤེས་པ་རྣམས་བརྟན་པར་གྱུར་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ༔ ཞེས་བརྗོད། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་བཅོམ་ལྡན་འདས་མ་ཐུགས་རྗེ་ཁྲོས་མའི་དཀྱིལ་འཁོར་ལྷ་ཚོགས་བཞུགས་པ་ཡིན་པས་ངོ་བོ་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྟོས་པ་མེད་པར་དོར་མཛོད༔ འགྲིམ་དཀྱིལ་བཀོད་ལ། ཧཱུྃ༔ བླ་མ་ཡི་དམ་སོགས་ཀྱིས་དོར་གཞུགགསང་མཚན་སོ་སོའམ། སྤྱི་ཙམ་དུ། མེ་ཏོག་གཙོ་མོའི་རིགས་སུ་ངེས་པས་གསང་བའི་མཚན་ཐུགས་རྗེ་ཁྲོས་མ་རྩལ་ཅེས་བྱ་བ་ཡིན་པས་མ་བརྗེད་པར་གྱིས་ཤིགདེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད༔ ཧཱུྃ༔ བུ་ཁྱོད་མ་རིག་སོགས་ཀྱིས་མིག་དར་བཀྲོལ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ་བརྟེན་ནས། ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཆེན་པོའི་གནས་ལུགས་བཞུགས་ཚུལ། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རང་རིག་ལྷའི་ངོ་བོར་རྫོགས་པ། གསང་བ་རང་རིག་གདོད་མའི་གཤིས་ལུགས་འཕོ་འགྱུར་བསལ་བཞག་བྲི་གང་དང་བྲལ་བ་མཚོན་བྱ་དོན་དམ་རང་བྱུང་རིག་པའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ལྟར་རྒྱལ་ཡུམ་རྡོ་རྗེ་ཁྲོས་མའི་ཕྱི་ནང་གསང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཐུས་སྒྲིབ་མེད་གཅེར་མཐོང་དུ་ལྷག་གེར་མཇལ་བའི་མོས་པས་དད་གུས་སྤྲོ་དགའ་རྒྱ་ཆེན་པོ་བསྐྱེད་མཛོད། སྤྲོ་ན་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་རྒྱས་པར་བཤད་ལ་བརྡ་སྤྲད། དེ་དག་གིས་འཇུག་པའི་རིམ་པ་རྣམས་གྲུབ་ནས་ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཅེས་སློབ་མས་མཎྜལ་ཕུལ། དབང་བསྐུར་དངོས་ལ་བུམ་པ་གསང་བ་ཤེས་རབ་བཞི་པ་རྗེས་འབྲེལ་མཐའ་རྟེན་དང་བཅས་པ་རྣམས་སུ་བཞུགས་པའི་དང་པོ་བུམ་པའི་དབང་གི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ་ནང་ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་རབ་འཇིགས་དུར་ཁྲོད་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་རྗེ་བཙུན་རྡོ་རྗེ་ཁྲོས་མ་ནག་མོ་ལ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུས་བསྐོར་བ་མངོན་སུམ་དུ་བཞུགས་པ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དང་སྨིན་མཚམས་ནས་ཨོཾ་དཀར་པོ་འོད་ཟེར་དང་བཅས་པ་སྐྱ་ནར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་། ལུས་རྩ་ཡི་སྒྲིབ་པ་དགབསྐྱེད་རིམ་ལྷ་ཡི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པའི་མོས་པ་མཛོད། རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ བུམ་ནི་སྙིང་པོ་སོགས། མཐར་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་གདོས་བཅས་ཀྱི་འཛིན་པ་རྣམ་པར་དག་ནས་སྐུ་གསུམ་མཁའ་འགྲོ་རིག་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པར་ལམ་གྱིས་གསལ་བར་གྱུར་པ་ལ། དེ་ཉིད་བརྟན་པར་བྱ་བའི་སླད་དུ་བུམ་དབང་གི་རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སོགས། རྡོ་རྗེ་སྐུའི་རང་བཞིན་དུ་འཕོས་པར་སྒོམས་ཤིག སོ་སོའི་ལྷ་ཙཀ་རྣམས་སྤྱི་བོར་བཞག་ལ། ཧཱུྃ༔ ངོ་བོ་སྐྱེ་མེད་སོགས། ལྷ་དབང་ཡོངས་རྫོགས་གྲུབ་པའི་མཇུག་ཏུ། དེ་ལྟར་ལྷ་དབང་ཡོངས་རྫོགས་བསྐུར་བས་ཁྱེད་རང་རྣམས་ཐུགས་རྗེ་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མི་ཕྱེད་པར་གྱུར་པ་ལ་དུར་ཁྲོད་ཆས་བརྒྱད་སོགས་བརྟུལ་ཞུགས་ཀྱི་ཆས་རྣམས་ཀྱིས་མངའ་གསོལ་བའི་མོས་པ་མཛོད། དབང་རྫས་རྣམས་གནས་སོ་སོར་སྦྱིན་ལ། ཧཱུྃ༔ དུར་ཁྲོད་ཆས་བརྒྱད་སོགས་ནས་འུར་རྡོའི་བར་དུ་སོང་མཐར། དེས་ལུས་ལ་བུམ་པའི་དབང་ཐོབ། ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་དགསྣང་སྟོང་ལྷའི་འཁོར་ལོ་བསྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་ནོན། སྤྲུལ་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་གསང་བའི་དབང་བསྐུར་ལ་དམིགས་པ་འདི་བཞིན་དུ་མཛོད། མཚན་ཉིད་དང་ལྡན་པའི་རང་བྱུང་བྷནྡྷའི་ནང་དུ་མཁའ་འགྲོ་འདུས་པའི་གསུང་གི་བཅུད་བདུད་རྩི་དམར་གསལ་ཨཱ་ལི་ཀཱ་ལིའི་རང་སྒྲ་གྲགས་པ་ལྕེ་ལ་བཞག་པ་ཙམ་གྱིས་ངག་རླུང་གི་སྒྲིབ་པ་དགབཟླས་པ་སྔགས་ཀྱི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་ཐོགས་ལ། ཨ༔ ཆོས་དབྱིངས་རྣམ་དག་སོགས་ཀྱིས། བདུད་རྩི་བྱིན་པ་མྱང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སོགས། ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིགདེའི་རྗེས་འབྲེལ་དུ་སྙིང་པོའི་བཟླས་ལུང་འབོག་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་ཞལ་གྱི་སྒོ་ནས་བྱུང་སྟེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛོད། བྱས་ལ་བསྙེན་སྒྲུབ་ལས་སྔགས་རྣམས་རྗེས་ཟློས་བྱར་གཞུག སྔགས་བྱང་དང་ཕྲེང་བ་གཏད་པས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ གསང་བའི་སྙིང་པོ་སོགས། དེ་ནས་རྣལ་འབྱོར་སྤྱོད་པའི་ཆས་གོས་དང་ཡོ་བྱད་རྣམས་ཀྱིས་མངའ་གསོལ་བ་ཡིན་པས་སོ་སོའི་ཚིག་དོན་དང་མཐུན་པའི་དོན་གྱི་དགོངས་པ་གསལ་འདེབས་པར་མཛོད། ཆས་རྣམས་གནས་སོ་སོར་གཏད་ལ། ཧཱུྃ༔ རལ་པ་ལྕང་ལོ་སོགས་ནས། སྡེར་ཆགས་ཀྱི་ལྤགས་པའི་བར་དུ་སོང་མཐར། དེ་ལྟར་བརྟུལ་ཞུགས་མཆོག་གི་རྫས་རྣམས་ཀྱིས་མངའ་གསོལ་བས་རང་དོན་ཉམས་རྟོགས་ཀྱི་བོགས་དོན་དང་དངོས་མེད་ལྷ་འདྲེ་གཙོ་བོར་གྱུར་པའི་གཞན་དོན་དུ་ཉམས་མྱོང་གི་དྲོད་རྟགས་ཐོན་པར་བྱས་ཏེ་དབང་བསྒྱུར་གྱི་སྤྱོད་པས་གཉན་ས་དུར་ཁྲོད་སོགས་ཡུལ་གྲུ་མ་ངེས་པ་དུ་མར་དཔའ་བོ་རྣལ་འབྱོར་མ་རྣམས་དང་སྤྱོད་ཡུལ་མཉམ་པར་རྒྱུ་ཞིང་གང་ལའང་འཇིགས་པ་མེད་པས་ཡུམ་དོན་གཅོད་ཡུལ་གྱི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ་མཛོད། དེས་ངག་ལ་གསང་བའི་དབང་ཐོབ། སྲོག་རྩོལ་འཕོ་བཅས་ཀྱི་དྲི་མ་དགགྲགས་སྟོང་རྡོ་རྗེའི་བཟླས་བརྗོད་བྱེད་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་ནོན། ལོངས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་གྱི་སྐུར་གནས་གྱུར་པ་ལ་ལྷན་སྐྱེས་མཛེས་མའི་རང་བཞིན་རང་རིགས་ཀྱི་ཕྱག་རྒྱ་མཚན་ཉིད་རྫོགས་པ་ཞིག་གཏད་པས་འདུ་ཤེས་གསུམ་ལྡན་གྱི་རིག་མ་དང་སྙོམས་པར་ཞུགས་ཏེ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞིའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེ་བའི་དབང་བསྐུར་ཐོབ་པའི་མོས་པ་མཛོད། རིག་ཙཀ་གཏད་ལ། ཧཱུྃ༔ ཤེས་རབ་ཡེ་ཤེས་སོགས། དེའི་རྗེས་འབྲེལ་དུ་ཐུགས་ཀྱི་དབང་བསྐུར་བ་འདི་ལ་གསན་པས་ཁྱབ་པར་གདའ། སྲོག་ཡིག་ཐོགས་ལ༔ ཧཱུྃ༔ འཁོར་འདས་འུབ་ཆུབ་སོགས་ཀྱིས་སྙིང་གར་བཞག༔ ཡེ་ཤེས་མཁའ་འགྲོ་འདུས་པའི་སོགས། སྐལ་པ་ཐོབ་པར་མོས་ཤིག ཕྱག་མཚན་རྣམ་ལྔ་ཐོགས་ལ། ཧཱུྃ༔ བདེ་གཤེགས་སྙིང་པོ་སོགས། མཐར། དེས་ཡིད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྣམ་ཤེས་ཚོགས་བརྒྱད་ཀྱི་འཁྲུལ་རྟོག་གི་དྲི་མ་དགབདེ་སྟོང་ཐབས་གྲོལ་གྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཕྱག་རྒྱའི་རིག་འཛིན་གྱི་ས་ནོན། ཆོས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཞུགས་པས་ཉོན་ཤེས་ཀུན་གཞིའི་བག་ཆགས་ཕྲ་བ་དང་བཅས་པ་དགཟུང་འཇུག་ལྷན་སྐྱེས་གཉུག་མའི་དབང་བསྐུར་ཇི་བཞིན་ཐོབ་པའི་མོས་པ་མཛོད། ཤེལ་རྡོ་ཐོགས་ལ། ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་སོགས། དབྱིངས་ཀ་དག་གི་ངོ་བོ་མེ་ལོང་ལྟར་དྭངས་པ་ལ་རིག་གདངས་ལྷུན་གྲུབ་སྣང་བ་རྣམ་བཞི་འཇའ་དང་ཐིག་ལེ་ལྟར་ཤར་བ། དེ་གཉིས་གདོད་ནས་དབྱེར་མེད་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་རྩལ་མ་འགགས་ཅིར་ཡང་སྣང་བ་རང་རིག་བདེ་གཤེགས་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ངོ་ཤེས་པར་མཛོད། མེ་ལོང་ཐོགས་ལ། ཧཱུྃ༔ བདེ་གཤེགས་སྙིང་པོ་སོགས་དང་། འབྲས་བུ་བླ་ན་མེད་སོགས། དེ་ནས་རིག་པ་རྩལ་གྱིས་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་ལ་མོས་གུས་དྲག་པོ་བྱས་པས་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་མདངས་འོད་ལྔའི་ཐིག་ལེ་བྱུང་བ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་ཚིག་ལས་འདས་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ངོ་ཤེས་པར་བྱེད་པ་དབང་བཞིའི་མཐར་ཐུག་རིག་པ་རྩལ་གྱི་དབང་ཐོབ་པའི་མོས་འདུན་མཛོད། འོད་ཐིག་ཐོགས་ལ། ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་སོགས་དང་། མཐར། ཕཊ༔ དྲག་པོ་ཞིག་བྱས་ལ་ཉམས་བཤིག་སྟེ་དར་གཅིག་མཉམ་པར་བཞག༔ དེས་སྒོ་གསུམ་ལ་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཉོན་ཤེས་བག་ཆགས་ཀྱི་རྩ་བ་ལྷན་སྐྱེས་ཀུན་གཞིའི་དྲི་མ་དགརིག་སྟོང་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་ནོན། ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་མཐའ་རྟེན་གཏོར་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ལས་ཕྱག་རྒྱ་འོད་ཟེར་བདུད་རྩིའི་རྒྱུན་བར་མ་ཆད་པ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེ་བཞིའི་དབང་བྱིན་དངོས་གྲུབ་མ་ལུས་པ་གཅིག་ཅར་དུ་ཐོབ་ནས་རིགས་དང་དཀྱིལ་འཁོར་ཐམས་ཅད་ལ་དབང་བསྒྱུར་བའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་རྣམ་དག་སོགས་ཀྱིས་གནས་ལྔར་བཞག གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིགདེ་ལྟར་དབང་བསྐུར་རྫོགས་པར་ཐོབ་པའི་མཐའ་རྟེན་དུ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་ཕུལ་ཏེ་མངའ་གསོལ་བའི་མོས་པ་མཛོད། རྫས་བརྒྱད་ཐོགས་ལ། ཧཱུྃ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ ངང་དུ་དགེ་ལེགས་དཔལ་ཐོབ་ཕྱིར༔ བཀྲ་ཤིས་རྫས་བརྒྱད་འདི་གཏད་པས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོགམངྒ་ལཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ རྟགས་བརྒྱད་ཐོགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་༔ གཟུགས་སྐུའི་གདུལ་བྱ་འདུལ་བའི་ཕྱིར༔ མཚན་དཔེའི་བཀྲ་ཤིས་རྟགས་བརྒྱད་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ སྣ་བདུན་ཐོགས་ལ། ཧཱུྃ༔ རང་རིག་ཆོས་སྐུའི་རྒྱལ་སྲིད་འདི༔ སྐལ་ལྡན་བུ་ལ་གཏད་པར་བྱ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་གི་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཞེས་གཏད། སླར་ཡང་བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་དང་། ནམ་མཁའི་དབྱིངས་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་སིལ་མ་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་སྔར་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་རྒྱས་བརྟན་པར་བྱས་པའི་མོས་འདུན་མཛོད། ཅེས་བྱས་ལ་ལས་བྱང་གང་ཡིན་གྱི་བཀྲ་ཤིས་དང་གཞན་ཡང་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་དགོངས་གཏེར་ཁྲོས་མ་ནག་མོའི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ལ། དེའང་གསང་སྔགས་ཀྱི་རྩ་བ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིགདམ་ཚིག་དེ་ཡང་རྩ་བ་ཡན་ལག་དང་བཅས་པ་གསང་སྔགས་ནང་པ་སྤྱི་ལྟར་དང་། བྱེ་བྲག་ཏུ་རྒྱུད་ལས། སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །གདུག་ཅིང་རྩུབ་པའི་སྤྱོད་པ་བྱ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །དངོས་པོ་ཀུན་ལ་མ་ཆགས་སྦྱིན། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །སྨྲ་ཞིང་ཤེས་རབ་བསྟེན་པར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། །བདུད་རྩི་ལྔ་ལ་སྤྱད་པར་བྱ། །འདུས་པའི་དམ་ཚིག་རྣམ་གསུམ་སྟེ། །སྣང་བའི་ཡུལ་ལ་མི་ཕོད་རྫི། །འཁྲི་བ་ཟས་དང་ནོར་ལ་བཅད། །ཞེན་པ་འཁོར་དང་གཡོག་ལ་ལོག། ཅེས་རིགས་ལྔའི་མཁའ་འགྲོ་སྤྱི་སྒོས་ཀྱི་དམ་ཚིག་རྣམས་དང་། ཁྱད་པར་གསང་བ་རྒྱལ་པོ་བསྲུང་མཚམས་ལས་འདས་པ་ཀ་དག་དང་ལྷུན་གྲུབ་ཀྱི་དམ་ཚིག་མེད་པ་གཅིག་པུ་ཕྱལ་བ་ལྷུན་གྱིས་གྲུབ་པ་རྣམས་ཀྱང་ལྟ་སྒོམ་ལ་བཟླ་བའི་སྒོ་ནས་ཅི་ནུས་སུ་འབད་འཚལ། དེ་ལྟར་དམ་ཚིག་ཕྲ་རགས་ཐམས་ཅད་ཉམས་པ་མེད་པར་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་མཆོག་དང་། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བ་འདིས་མཚོན་ཏེ་རང་གཞན་ནམ་མཁའ་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་ཀྱང་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གསུང་ཞིང་ཆོས་འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་ཅི་རིགས་པ་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །གསུམ་པ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་གཏོར་བཏང་། བསྐུལ་ཆད་བརྟན་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ཆེ་འབྲིང་གང་ལ་བརྟེན་པ་དེ་ལས་ཇི་སྐད་བཤད་པ་རྣམས་ལྷག་ཆད་མེད་པར་བྱའོ། །བདག་སོགས་འགྲོ་ཀུན་རྗེ་བཙུན་རྣལ་འབྱོར་མའི། །བྱིན་བརྒྱུད་ཡེ་ཤེས་རྩལ་གྱིས་རྟོགས་གྲོལ་ནས། །འོག་མིན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་། །ཡོངས་སུ་བཟུང་ནས་ཁམས་གསུམ་སྒྲོལ་བྱེད་ཤོགཅེས་པ་འདིའང་རང་ཉིད་ཀྱིས་ཆོས་འདིའི་བསྟན་པ་སྤེལ་བ་ལ་ཉེ་བར་མཁོ་བ་དང་སྐལ་མཉམ་གཞན་ལའང་ཕན་པའི་བློས། གསང་འཛིན་ལག་ན་རྡོ་རྗེའི་རྣམ་འཕྲུལ་གཏེར་སྲས་མི་འགྱུར་ལས་འཕྲོ་གླིང་པ་རྡོ་རྗེ་དགྲ་འདུལ་རྩལ་གྱི་འབངས་སུ་གྱུར་པའི་སྤོང་བ་པ་སངས་རྒྱས་རྡོ་རྗེས་གདན་ས་ཆེན་པོ་དཔལ་དྭགས་ལྷ་སྒམ་པོའི་དབེན་ཁྲོད་དུ་བགྱིས་པ་སྟེ། རྩ་བའི་དབང་ཚིག་ཧོར་ཁུངས་སུ་སྨོས་པ་རྣམས་འདི་ཁོ་ན་ལྟར་ལས་ཁ་བསྐངས་ཏེ་བཀླག་ཆོག་མར་དཀྱུས་སུ་འདྲི་བར་མི་བྱའོ། །སླར་ཡང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུས་དག་གིས་གཏན་ལ་ཕབ་སྟེ་རྩ་གཞུང་གླེགས་བམ་གྱི་ཁོངས་སུ་སྤར་དུ་བསྐྲུན་པ་སིདྡྷི་རསྟུ།། །།