དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྒྲོལ་མའི་གསང་སྒྲུབ་བདེ་ཆེན་མྱུར་ལམ༔

From Dudjom Wiki
TTDL-ZABTER-15-BA-030
Wylie title dag snang ye shes drwa ba las: sgrol ma'i gsang sgrub bde chen myur lam: TTDL-ZABTER-15-BA-030.pdf
Location bdud 'joms gling pa zab gter
Volume 15, Text 30, Pages 163-178 (Folios 1a1 to 8b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las sgrol ma'i gsang sgrub bde chen myur lam. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 163-178. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang sgrub   Verso: bdud 'joms sgrol ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Sgrol ma
Colophon

ཞེས་པ་འདི་སྨོན་ལམ་ལས་སྐལ་གྱི་སྐྱེས་བུ་ཨོ་རྒྱན་རང་ཤར་གྱིས་བསྐུལ་བའི་ངོར་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་གསང་མཛོད་ཆེན་པོ་འདི་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ། སརྦ་མངྒ་ལཾ།།

zhes pa 'di smon lam las skal gyi skyes bu o rgyan rang shar gyis bskul ba'i ngor o rgyan mtsho skyes rdo rje'i gsang mdzod chen po 'di bdud 'joms rdo rjes nam mkha'i mdzod las bsgyur ba'i yi ge pa ni phun tshogs bkra shis so/_/dge'o/_/legs so/_sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྒྲོལ་མའི་གསང་སྒྲུབ་བདེ་ཆེན་མྱུར་ལམ་བཞུགས་སོ༔


༁ྃ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི༔ (བརྡ་ཡིག་) སྒྲོལ་མའི་གསང་སྒྲུབ་ཉམས་ལེན་ནི༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་སྟེང་༔ མེ་ཏོག་ཚོམ་བུ་རབ་བཀོད་ནས༔ སྒྲུབ་རྫས་གཏོར་མ་སྐུ་གཟུགས་དང་༔ འབྲལ་མེད་རྟེན་གསུམ་དུ་བཙུག་སྟེ༔ འབྱོར་ཚོགས་ཕྱི་ནང་གསང་མཆོད་བཤམས༔ དཀར་ཕྱོགས་སྐྱོང་ལ་དཀར་མཆོད་དང་༔ ནག་ཕྱོགས་སྐྱོང་ལ་དམར་མཆོད་འབུལ༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རིག་པ་སྐུ་གསུམ་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་སེམས་བསྐྱེད་ནི༔ ཧོཿ ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན༔ གདོད་མའི་དབྱིངས་སུ་མཉམ་གྲོལ་བའི༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ བསྐྱེད་དུ་མེད་དེ་མངོན་དུ་བྱ༔ ལན་གསུམ་བརྗོད་ཅིང་བགེགས་བསྐྲད་ནི༔ ཧཱུྃ༔ ང་ནི་ཡུམ་ཆེན་ཆོས་ཀྱི་སྐུ༔ ཉོན་ཅིག་གཟུང་དང་འཛིན་པའི་འདྲེ༔ སྲིད་པར་མངོན་ཞེན་འདོད་ཡོན་ཁྱེར༔ ཡུལ་མེད་ཟང་ཐལ་ཆེན་པོར་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ གདོད་ནས་འཁོར་འདས་ཡེ་སངས་རྒྱས༔ བདག་མེད་མཉམ་པ་ཉིད་ཀྱི་ངང་༔ སྐུ་དང་ཡེ་ཤེས་རོལ་པ་ཆེ༔ བགེགས་དང་བར་ཆད་མིང་ཡང་མེད༔ ཨོཾ་པྲཛྙཱ་ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ་བྷྲུཾ༔ དེ་ནས་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ལ༔ ཨཱཿམ་རིག་གཟུང་འཛིན་འཁྲུལ་པའི་བགཿབདག་མེད་ཆོས་ཉིད་མཐའ་རུ་གཏོར༔ ཤེས་རབ་ཡེ་ཤེས་མངོན་གྱུར་བའི༔ བརྡལ་ཁྱབ་རིག་པ་ཨེ་མ་ ཧོཿ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཀ་དག་སྤྲོས་བྲལ་གཞལ་ཡས་ན༔ སྐུ་གསུམ་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ མ་འགགས་ཐབས་ཀྱིས་སྐུར་བཞེངས་ལ༔ འདིར་གཤེགས་དབང་དང་བྱིན་ཆེན་ཕོབ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཧཱུྃ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་པ་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃཿསྣང་ཞིང་སྲིད་པའི་འཇིག་རྟེན་ན༔ འདོད་རྒུའི་དཔལ་ཡོན་མི་ཟད་གཏེར༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ཡིས༔ ཆོས་ཉིད་ནམ་མཁའ་མཛོད་དུ་སྤེལ༔ མ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ ཧོཿ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃཿསྣང་ཞིང་སྲིད་པ་ཐམས་ཅད་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་སྤྲོས་བྲལ་ཆེན་པོ་ཞིག༔ དེ་བཞིན་ཉིད་དབྱིངས་མངོན་དུ་བྱ༔ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཨཱ༔ ཀུན་ཁྱབ་ཡེ་ཤེས་ཆེན་པོ་ཡིས༔ འཁོར་འདས་དག་མཉམ་མངོན་དུ་བྱ༔ དེ་ནས་རྒྱུ་ཡི་ཏེང་འཛིན་ནི༔ ཧཱུྃཿམཁའ་ལས་འཇའ་ཚོན་ཤར་བ་ལྟར༔ རིག་པ་ཏཱྃ་ཡིག་ལྗང་གུར་ཤར༔ དེ་ནས་ཞིང་ཁམས་གསལ་བ་ནི༔ ཧཱུྃ༔ ཏཱྃ༔ ལས་འོད་འཕྲོས་རབ་འཁྲིགས་པའི༔ ནམ་མཁའི་གར་ཁྱབ་འོག་མིན་ཞིང་༔ འོད་ལས་གྲུབ་པའི་ས་གཞི་ལ༔ སྨན་གྱི་སྤང་རི་དྲི་བཟང་འཐུལ༔ ཁ་དོག་སྣ་ཚོགས་པད་མོ་བཞད༔ མནན་ན་ནེམ་ཞིང་གཏེགས་ན་སྤར༔ ངོས་འཇམ་ཁོད་སྙོམས་ཡིད་དུ་འོང་༔ ཡན་ལག་བརྒྱད་ལྡན་ཆུ་མཚོ་ལ༔ ནོར་བུའི་གྲམ་པ་གཡུའི་ནེའུ་སེང་༔ གསེར་གྱི་བྱེ་མ་འོད་འབར་བརྡལ༔ ཅང་ཤེས་གཟུགས་མཛེས་བྱ་རིགས་དང་༔ སྤུ་སྡུག་རྩེ་མཁས་རི་དྭགས་རིགསཿདག་བྱེད་བདུད་རྩིའི་ཆུ་མིག་འབབ༔ དཔག་བསམ་ལྗོན་ཤིང་ལོ་འབྲས་རྒྱས༔ ནམ་མཁར་འཇའ་ཚོན་དྲྭ་བ་འཁྲིགས༔ བར་སྣང་ལྷ་དང་ལྷ་མོ་ཡིས༔ མཆོད་སྤྲིན་སྤེལ་ཞིང་གླུ་གར་བྱེད༔ འདོད་ཡོན་ཡིད་ལ་དྲན་ལས་སྐྱེ༔ འཁོར་ཡུག་ཞིང་ཁམས་རབ་འབྱམས་ཀྱིས༔ གྲོང་པའི་ཚུལ་དུ་འཁོར་བའི་དབུས༔ དེ་ནས་གཞལ་ཡས་ཁང་བསྐྱེད་པ་ལ༔ ཏཱྃཿལས་བྷྲུྃ་ཡིག་འཕྲོས་པ་ལ༔ ཡེ་ཤེས་ལྔ་ཡི་རང་གདངས་ལས༔ བདེ་ཆེན་འབར་བའི་གཞལ་ཡས་ཁང་༔ ཤར་དཀར་ལྷོ་སེར་ནུབ་དམར་ཞིང་༔ བྱང་ལྗང་ཡ་ཕུབ་མཐིང་ནག་ངོམས༔ གྲུ་བཞི་སྒོ་བཞི་རྟ་བབས་ཅན༔ རིན་ཆེན་སྣ་ཚོགས་དྲྭ་ཕྱེད་མཛེས༔ ཡ་ཕུབ་རི་རབ་རིམ་གསུམ་སྟེང་༔ བུམ་པ་བྲེ་དང་ཆོས་འཁོར་གདུགས༔ ཉི་ཟླ་ནོར་བུའི་ཏོག་གིས་མཛེས༔ འཇའ་ཡི་འཕན་དང་རྒྱལ་མཚན་ཤར༔ དྲིལ་གཡེར་སྙན་པའི་ཐག་རྡང་འགུལ༔ དམ་པའི་ཆོས་ཀྱི་རང་སྒྲ་འབྱུང་༔ དེ་དབུས་རིན་ཆེན་ཁྲི་ཡི་ཁར༔ སྣ་ཚོགས་པདྨ་ཟླ་གདན་ལ༔ ཏཱྃ་བབ་དེ་ལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་བྱས༔ འཁོར་འདས་གཟི་བྱིན་དང་བཅས་པ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ དེ་ནས་བརྟེན་པ་ལྷ་བསྐྱེད་ལ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་མཙུན་འཕགས་མ་སྒྲོལ་མའི་སྐུ༔ ལྗང་སྔོན་ཞི་འཛུམ་མཚན་དཔེས་སྤྲས༔ བཅུ་དྲུག་གཞོན་ནུའི་ལང་ཚོ་ཅན༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཅན༔ གཡོན་པས་ཨུཏྤལ་ཐུགས་ཀར་བསྣམས༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་བཞུགས༔ རིན་ཆེན་སྣ་ཚོགས་རྒྱན་ཆ་དང་༔ དར་སྣ་ལྔ་ཡི་ན་བཟའ་དང་༔ མེ་ཏོག་ཕྲེང་བས་ཐོད་གདེངས་བྱས༔ འཇའ་དང་འོད་ཀྱི་སྐུ་རུ་བཞུགས༔ ཤར་དུ་སྒྲོལ་མ་དཀར་མོ་ནི༔ ཞི་འཛུམ་ལོ་བརྒྱད་གཞོན་ནུའི་ཚུལ༔ གཡས་བརྐྱང་གཡོན་བསྐུམ་པད་ཟླར་བཞུགས༔ ཕྱག་གཡས་བརྐྱང་ཞིང་ཚེ་བུམ་འཛིན༔ གཡོན་པས་ཨུཏྤལ་དཀར་པོ་བསྣམས༔ ཉ་རྒྱས་ཟླ་བར་སྐུ་རྒྱབ་བརྟེན༔ ལྷོ་རུ་འོད་ཟེར་ཅན་མ་སེར༔ གཡས་བརྐྱང་གཡོན་བསྐུམ་པད་ཟླར་བཞུགས༔ ཕྱག་གཡས་མཆོག་སྦྱིན་གཡོན་ཨུཏྤལ༔ སྣ་ཚོགས་དར་དང་རཏྣས་བརྒྱན༔ ནུབ་ཏུ་རིགས་བྱེད་ཆེན་མོ་དམར༔ ཕྱག་གཡས་མཆོག་སྦྱིན་གཡོན་ཨུཏྤལ༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་བཞུགས༔ བྱང་དུ་ནོར་བདག་ལྷ་མོ་ལྗང་༔ ཕྱག་གཡས་མཆོག་སྦྱིན་ནོར་བུ་དང་༔ གཡོན་པར་ཐུགས་ཀར་ཨུཏྤལ་བསྣམ༔ ཀུན་ཀྱང་གཞོན་ནུ་ལོ་བརྒྱད་ཚུལ༔ ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ ཡེ་ཤེས་འཇའ་འོད་ཀློང་དུ་གསལ༔ ཤར་སྒོར་འགུགས་བྱེད་ཆེན་མོ་ནི༔ དཀར་མོ་ལྕགས་ཀྱུ་པད་དཀར་བསྣམས༔ ལྷོ་སྒོར་འཆིང་བྱེད་ཆེན་མོ་སེར༔ ཕྱག་ན་ཞགས་པ་པདྨ་སེརཿནུབ་སྒོར་རྨོངས་བྱེད་ཆེན་མོ་དམར༔ ཕྱག་ན་ལྕགས་སྒྲོག་པདྨ་དམར༔ བྱང་སྒོར་མྱོས་བྱེད་ཆེན་མོ་ལྗང་༔ ཕྱག་ན་དྲིལ་བུ་པད་ལྗང་བསྣམས༔ ཀུན་ཀྱང་དར་དང་རིན་ཆེན་རྒྱན༔ ཞི་འཛུམ་བཞེངས་པའི་སྟབས་སུ་བཞུགས༔ འཇའ་དང་འོད་ཀྱི་ཀློང་དུ་གསལ༔ ཡེ་ཤེས་ལྔ་དང་ཚད་མེད་བཞིའི༔ རང་གདངས་ཡེ་ཤེས་ལྷ་མོའི་འཕྲུལ༔ སྤྲུལ་པ་རྣམ་འགྱུར་དཔག་ཏུ་མེད༔ ནམ་མཁས་གར་ཁྱབ་ཡོངས་སུ་གང་༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དུས་གསུམ་རྒྱལ་དང་སྲས༔ ཁྱད་པར་གཡུ་ལོ་བཀོད་པའི་ཞིང་༔ རྟེན་དང་བརྟེན་པ་མ་ལུས་ཀུན༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་གཞལ་ཡས་ནས༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ སྤྲུལ་བའི་ལྷ་མོ་ཉི་ཤུར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོན་ལ་གཤེགས་བཞུགས་མེ་མངའ་ཡང་༔ གདུལ་བྱ་ཐབས་ཀྱིས་འདུལ་པའི་ཕྱིར༔ དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ན་མོ་ཨཱཪྻ་ཏཱ་རེ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་པ་ནི༔ ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ སྤྲུལ་པའི་ལྷ་མོ་བསམ་ཡས་པ༔ ཡེ་ཤེས་དབྱིངས་ལས་སྐུར་བཞེངས་ལ༔ དམ་ཡེ་དབྱེར་མེད་ངོ་བོར་བཞུགས༔ ཨོཾ་ཨཱཪྻ་ཏཱ་རེ་སརྦ་ས་མ་ཡ་ཛ༔ ཏིཥྠ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཀ་དག་སྐྱེ་མེད་སྤྲོས་མཐའ་བྲལ༔ རང་བྱུང་ཡེ་ཤེས་རོལ་པའི་གདངས༔ འགྲོ་བའི་དོན་དུ་གཟུགས་སྐུར་ཤར༔ འཕགས་མ་སྒྲོལ་མ་ལ་ཕྱག་འཚལ༔ ཏཱྃ་ཨཱཪྻ་ཏཱ་རེ་ན་མོ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ གསང་བ་བླ་མེད་མཆོད་པའི་སྤྲིན༔ ཁམས་གསུམ་སྣང་སྲིད་སྲིད་པའི་ཆོས༔ རང་སྣང་སྤྲུལ་པའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་འབུལ་གྱིས་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ནས་ཤཔྡ་པཱུ་ཛ་ ཧོཿ མ་ཧཱ་རཱུ་པ་ཤཔྡ་སོགས་སྤཪྴེ་སརྦ་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ ཧོཿ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ ཆོས་ཉིད་ཀ་དག་སྤྲོས་པའི་མཐའ་དང་བྲལ༔ ལྷུན་གྲུབ་རོལ་པ་སྐུ་དང་ཡེ་ཤེས་མཛོད༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་དྲུག་གནས་ནས་འདྲེན༔ རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ཁྱེད་ལ་བསྟོད༔ སྣ་ཚོགས་ཐབས་ཀྱིས་གདུལ་དཀའ་འདུལ་བྱེད་པའི༔ སྤྲུལ་པའི་ལྷ་མོ་རིགས་བཞི་སྒོ་སྐྱོང་བཅས༔ ཡེ་ཤེས་ལྔ་ཡི་ངོ་བོར་ཕྱག་འཚལ་བསྟོད༔ གཞན་ཡང་རྒྱལ་ཡུམ་སྒྲོལ་མའི་ཐུགས་རྗེའི་གར༔ སྤྲུལ་པ་རྣམ་འགྱུར་མ་ངེས་ཅིར་ཡང་སྟོན༔ ཕྱོགས་བཅུའི་སངས་རྒྱས་ཞིང་བཀོད་བསམ་ཡས་འཕྲུལ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ ཧཱུྃ༔ རང་ཉིད་རྗེ་བཙུན་སྒྲོལ་མ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཀུན་ཏུ་བཟང་མོ་མཐིང་གསལ་མཛེས༔ སྐྱིལ་ཀྲུང་མཉམ་བཞག་འོད་ཕུང་འབར༔ ཐུགས་ཀར་ཉི་ཟླའི་གྭའུ་རུ༔ ཏཱཾཿཡིག་ལྗང་གུའི་མཐའ་བསྐོར་དུ༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་འཕྲོས་ཕྱོགས་་བཅུའི་རྒྱལ་དང་སྲས༔ མ་ལུས་འོད་ཀྱི་རྣམ་པ་རུ༔ སྤྱན་དྲང་ཐུགས་སྲོག་ལ་ཐིམ་པས༔ བྱིན་རླབས་གཟི་བརྗིད་འབར་བར་བསྒོམ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ༔ རང་ཉིད་རྗེ་བཙུན་སྒྲོལ་མ་ཡི༔ ཐུགས་སྲོག་ཏཱྃཿལས་འོད་འཕྲོས་པས༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་ཞིང་ཁམས་རྟེན་བརྟེན་པ༔ འོད་ལྔའི་སྤྲིན་ཕུང་ལྟ་བུ་ཡི༔ རྣམ་པར་བསྡུས་ཏེ་རང་ལ་བསྟིམ༔ བརྟན་གཡོའི་སྣང་བ་གནས་འགྱུར་ཏེ༔ དཀྱིལ་འཁོར་གསུམ་གྱི་རོལ་པར་གྱུར༔ ཨོཾ་ཏཱ་རེ་ཏུ་རེ་སྭཱ་ཧཱ༔ དེ་ནས་ལས་ལ་སྦྱོར་པ་ནི༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རྒྱལ་བ་སྲས་དང་བཅས་པ་རྣམས༔ འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ༔ བདག་གི་སྙིང་གར་ཐིམ་པ་ལས༔ ནད་གདོན་སྡིག་སྒྲིབ་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས༔ འཁོར་འདས་མ་ལུས་དབང་དུ་བསྡུས༔ དགྲ་བགེགས་ལོག་འདྲེན་ཐམས་ཅད་བསྒྲལ༔ དོན་གཉིས་ལྷུན་གྲུབ་དཔལ་ཐོབ་བསམ༔ ཨོཾ་ཏཱ་རེ་ཏུདྟ་རེ་ཏུ་རེ་སྭཱ་ཧཱ༔ བསྙེན་པ་འབུམ་ཕྲག་ཉེར་གཅིག་དང་༔ སྒྲུབ་པ་འབུམ་བཅུ་ལས་སྔགས་ལྔ༔ ཤེས་པ་གཞན་དུ་མ་ཡེངས་པར༔ བཟླས་པས་མཆོག་གི་དངོས་གྲུབ་ཐོབ༔ དེ་ནས་ཉམས་ཆག་བསྐང་བ་དང་༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་ནི༔ འབྱོར་ཚོགས་འདོད་ཡོན་ཅི་རིགས་པས༔ ཁམས་གསུམ་སྣང་ཞིང་སྲིད་པའི་ཆོས༔ བྱིན་རླབས་ཟག་མེད་བདུད་རྩི་ཡིས༔ རྡོ་རྗེ་གསུམ་གྱི་དབྱིངས་ཀུན་ཁྱབ༔ གཞན་ཡང་འདོད་པའི་ལོངས་སྤྱོད་དཔལ༔ ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར༔ ཨོཾ་ཨཱཿཧཱུྃཿབདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ གཟུང་དང་འཛིན་པའི་རྣམ་རྟོག་སྦྱངས༔ ཆོས་ཉིད་ནམ་མཁའི་མཛོད་ཀྱི་འཕྲུལ༔ འདོད་ཡོན་མི་ཟད་གཏེར་དུ་ཤར༔ ཨོཾ་ཨཱ་ཧཱུྃ༔ ལན་གསུམ༔ དེ་ནས་སྦྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་སྐུའི་གཞལ་ཡས་ནས༔ ཀུན་ཏུ་བཟང་མོ་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ རིགས་ལྔའི་ལྷ་མོ་གཤེགས་སུ་གསོལ༔ ཕྱོགས་མེད་ཐུགས་རྗེའི་གཞལ་ཡས་ནས༔ རྒྱལ་ཡུམ་འཕགས་མ་སྒྲོལ་མ་དང་༔ སྤྲུལ་པའི་ལྷ་མོ་ཉེར་གཅིག་བཅས༔ དད་དང་དམ་ཚིགས་སྒྱུད་བསྐུལ་ལོ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་པའི་གནས་མཆོག་དམ་པ་འདི༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་མཆོག་རྣལ་འབྱོར་ཕོ་མོ་རྣམས༔ དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས༔ སྒྲུབ་ཁང་གཞལ་ཡས་མཛེས་པ་རུ༔ བྱིན་གྱིས་རློབས་ཤིག་རྗེ་བཙུན་མ༔ དུས་ལ་བབ་པོ་ས་མ་ཡ༔ ན་མོ་ཨཱཪྻ་ཏཱ་རེ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་མཆོད་འབུལ་བ་ནི༔ ཧཱུྃཿཟག་མེད་བདེ་སྟོང་བདུད་རྩི་དང་༔ ཞལ་ཟས་རོ་བརྒྱའི་ཚོགས་མཆོད་འདིཿརྩ་བརྒྱུད་རིག་འཛིན་བླ་མ་དང་༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ སྤྲུལ་པ་སྒྱུ་འཕྲུལ་དཀྱིལ་འཁོར་ལཿཚོགས་གཉིས་རྫོགས་ཕྱིར་འབུལ་གྱིས་བཞེསཿན་མོ་ཨཱཪྻ་ཏཱ་རེ་སརྦ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདག་གིས་ཚེ་རབས་ཐམས་ཅད་དུ༔ སྒོ་གསུམ་བག་མེད་དབང་གྱུར་ཏེ༔ ཉམས་ཆགས་འགལ་འཁྲུལ་ཉེས་ལྟུང་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ་སོགས་སཏྭ་ཨཱ༔ དེ་ནས་བསྒྲལ་བ་ལ༔ ཧཱུྃ༔ མ་རིག་ལས་ཉོན་གཟུང་འཛིན་གྱིས༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་བགེགས༔ བདག་མེད་ཤེས་རབ་སྟོབས་ཀྱིས་བསྒྲལ༔ ཡུལ་མེད་ཟང་ཐལ་ངང་དུ་བསད༔ མ་ཏྲཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བསྟབས་པ་ནི༔ ཧཱུྃ༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ རྒྱུ་རྐྱེན་འབྲེལ་བའི་དགྲ་དང་བགེགས༔ མཉམ་པ་ཉིད་ཀྱི་ཞལ་དུ་བསྟབས༔ ཡེ་ཤེས་ཆེན་པོར་རྫོགས་སངས་རྒྱས༔ རཱུ་ཏྲ་ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི༔ དེ་ནས་ལྷག་མ་ནི༔ ཧཱུྃཿལྷག་ལ་དབང་བའི་ལྷག་སྐྱོང་ཚོགསཿདབང་ཕྱུག་འབར་མ་གིང་ལང་ཀ༔ དཀྱིལ་འཁོར་གཉན་པོའི་མཐའ་སྐྱོང་ཞིང་༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་རྣམས༔ ལྷག་མའི་ཞལ་ཆབ་གཏོར་མ་ལོངས༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ ས་མ་ཡ་ཨུཙྪིཥྟ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ༔ དུས་ལ་བབ་པོ་ས་མ་ཡ༔ དེ་ནས་ཆད་མདོ་བཏང་བ་ལ༔ ཧཱུྃ༔ རྒྱལ་བའི་བཀའ་གསང་གཉན་པོ་ཡི༔ བསྟན་པ་བསྲུང་བར་རང་དམ་བཅས༔ བརྒྱུད་འཛིན་ཐར་པའི་ལམ་ལ་གཟུད༔ བསྟན་དགྲའི་སྲོག་ལ་གཟས་པ་ཡི༔ ཆད་མདོ་དམ་ཅན་སྲུང་མ་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ སརྦ་དྷརྨ་པཱ་ལ༔ ཀྵེ་ཊ་པཱ་ལ༔ ལོ་ཀ་པཱ་ལ་ཨེ་དམ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བརྟན་མ་ནི༔ ཧཱུྃ༔ བརྟན་མ་ཆེན་མོ་བཅུ་གཉིས་དང་༔ སྨན་མོ་སྨན་ཕྲན་འབུམ་སྡེར་བཅས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ ཁས་བླང་དམ་བཅའ་དྲན་པར་མཛོད༔ བསྟན་དང་འགྲོ་པའི་དཔལ་ཡོན་བསྐྱེད༔ བརྒྱུད་འཛིན་སྐལ་བཟང་སྐྱེས་བུ་རྣམས༔ ལས་རྐྱེན་ངན་པའི་ལམ་ལས་བཟློག༔ བསམ་བློ་དམ་པའི་ཆོས་ལ་བསྒྱུར༔ བློ་ཕུག་གཏན་བདེའི་ས་རུ་བཟུང་༔ དམ་ལ་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་བྷྱོ་ཛ་ཨེ་དམ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་ནས༔ བདག་མེད་རོལ་པའི་བྲོ་བརྡུང་ངོ་༔ ཁམས་གསུམ་འཁོར་བའི་ལས་ཉོན་ཀུན༔ སྐུ་གསུམ་བདེ་བ་ཆེན་པོར་བྲུབ༔ ཆོས་ཉིད་རོལ་པའི་སྟོབས་ཀྱིས་མནན༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ན་ཤ་ཡ་ནན་ནན༔ དེ་ནས་དངོས་སྒྲུབ་བླང་པ་ནི༔ ཧཱུྃརྒྱལ་ཡུམ་འཕགས་མ་སྒྲོལ་མ་དང་༔ ཡེ་ཤེས་སྒྱུ་འཕྲུལ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཀཱ་ཡ་ཝཱག་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུཾ༔ རྗེ་མཙུན་འཕགས་མ་སྒྲོལ་མ་དང་༔ རྒྱལ་བ་སྲས་བཅས་དགོང་སུ་གསོལ༔ དུས་གསུམ་བསགས་པའི་སྡིག་ལྟུང་ཀུན༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཡི་གེ་བརྒྱ་བ་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གིས་དུས་གསུམ་བསགས་པའི་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཁམས་གསུམ་རྒྱུད་འཁྲུལ་སེམས་ཅན་ཀུན༔ རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཧཱུྃ༔ རྟེན་དང་བརྟེན་པའི་འཁོར་ལོ་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོར་ཞིག༔ ནམ་མཁའ་རྣམ་དག་མངོན་དུ་བྱ༔ ཨ་ཨ་ཨ༔ དེ་ནས་རྗེས་ཐོབ་སྒྱུ་མའི་ལྷ༔ ཧཱུྃ༔ སྐད་ཅིག་སྟོང་གསལ་ཆེན་པོ་ལས༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ རང་ཉིད་རྗེ་བཙུན་སྒྲོལ་མ་ནི༔ མཚན་དཔེས་ཆས་རྒྱན་རྫོགས་པར་གསལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་བརྗོད་པས་སྣང་བ་ཐམས་ཅད་སྒྱུ་མའི་དཔེ་བཅུ་ལྟ་བུར་ཤེས་པའི་ངང་ནས་སྤྱོད་ལམ་ལ་འཇུག་གོ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ ངོ་བོ་སྐྱེ་མེད་ཆོས་སྐུ་ཀུན་བཟང་མོ༔ རང་བཞིན་ལྷུན་གྲུབ་རྒྱལ་བའི་ཡུམ་ཆེན་མོ༔ ཐུགས་རྗེ་ཀུན་ཁྱབ་འཕགས་མ་སྒྲོལ་མའི་སྐུ༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་གང་ལགས་པ༔ དམ་པ་དེ་ཀྱང་དེང་འདིར་བདེ་ལེགས་ཤོག༔ དེ་ལྟར་ཆོས་ཉིད་ནམ་མཁའ་མཛོད་ཀྱི་བཅུད༔ གང་གི་ཉམས་སུ་ལེན་པའི་སྐྱེས་བུ་རྣམས༔ ལོ་གསུམ་ཟླ་གསུམ་ཞག་གསུམ་བར་མེད་དུ༔ ཤེས་པ་གཞན་དུ་མ་ཡེངས་ལྷར་སྣང་གསལ༔ མི་ཚིག་བར་མ་ཆོད་པར་སྔགས་རྒྱུན་བཟུང་༔ སྟན་གྱི་དྲོད་མི་ཡལ་བར་སྡོད་ས་བཟུང་༔ གནད་དེས་ཚེ་འདིར་གྲོལ་བ་མ་ཐོབ་ན༔ ཕ་ཡིས་བསླུས་སོ་ཕྱི་རབས་སྐྱེས་བུ་རྣམས༔ སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་རྣམས༔ སྒྲུབ་པ་ཀུན་གྱི་སྔོན་དུ་རྫོགས་པ་གལ༔ དེ་ལྟར་ཚུལ་བཞིན་ལྡན་པས་ཉམས་སུ་ལོངས༔ བཀའ་འདི་དབང་ཕྱུག་མ་ཧཱ་དཱེ་ཝར་གཏད༔ ཐུབ་པར་སྲུང་ཤིག་བཛྲ་ས་མ་ཡ༔ ས་མ་ཡ༔ བཀའ་རྒྱ༔ དགོངས་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སྨོན་ལམ་ལས་སྐལ་གྱི་སྐྱེས་བུ་ཨོ་རྒྱན་རང་ཤར་གྱིས་བསྐུལ་བའི་ངོར་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་གསང་མཛོད་ཆེན་པོ་འདི་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ། སརྦ་མངྒ་ལཾ།། །།