DJYD-SUNGTHORBU-01-AA-018: Difference between revisions

From Dudjom Wiki
DJYD-SUNGTHORBU-01-AA-018
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|volumeLetter=AA
|volumeLetter=AA
|pdflink=File:DJYD-SUNGTHORBU-01-AA-018.pdf
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
}}
}}

Latest revision as of 21:17, 9 November 2026

Wylie title snga 'gyur bka' ma sogs chos sde khag gi dbu phyogs dang par byang phyogs bsdus
Location bdud 'joms rin po che'i gsung thor bu
Volume 1, Text 18, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Snga 'gyur bka' ma sogs chos sde khag gi dbu phyogs dang par byang phyogs bsdus. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །སྔ་འགྱུར་བཀའ་མ་སོགས་ཆོས་སྡེ་ཁག་གི་དབུ་ཕྱོགས་དང་པར་བྱང་ཕྱོགས་བསྡུས་བཞུགས་སོ།།

གངས་ཅན་བསྟན་པའི་ཕྱི་མོ་སྔ་འགྱུར་བའི། །ཆོས་མཛོད་རིང་བརྒྱུད་མ་ཉམས་བཀའ་མའི་གཞུང༌། ། ༈ །རིག་འཛིན་སྡེ་སྣོད་རྒྱལ་བའི་དགོངས་པའི་བཅུད། །རིག་འཛིན་བརྒྱུད་པ་མ་ཉམས་བཀའ་མའི་གཞུང༌། །རིག་འཛིན་མྱུ་གུས་སྤར་དུ་བཏབ་སྤེལ་དགེས། །རིག་འཛིན་ཚོམ་བུས་ས་སྟེང་མཛེས་བྱེད་ཤོག ། ༈ །རིག་འཛིན་པདྨ་གླིང་པ་ཡི། །ཟབ་གཏེར་ཆོས་མཛོད་རིན་པོ་ཆེ། །རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་ཐུགས་བསྐྱེད་ལས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་པད་གླིང་གི །ཟབ་གཏེར་བསྟན་པ་མི་ནུབ་ཡུན་གནས་ཕྱིར། །འཕྲུལ་ཆེན་སྤར་གྱི་ཆོས་སྦྱིན་ཡང་དག་སྤེལ། །ཞེས་ཛྙཱ་ནས་སོ།། །། ༈ །པདྨའི་རྣམ་རོལ་བདུད་འཇོམས་གླིང་པའི་སྲོལ། །ཉེ་བརྒྱུད་ཟབ་གཏེར་ཆོས་མཛོད་རིན་པོ་ཆེ། ། ༈ །གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །རིག་འཛིན་དབང་མོས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག ། ༈ །བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཡི། །གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་མཛོད། ། ༈ །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང༌། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ །མཚོ་རྒྱལ་དངོས་སྣང་བདེ་སྐྱོང་དབང་མོ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་རིན་པོ་ཆེ། ། ༈ །མཚུངས་མེད་ཌཱ་ཀི་བདེ་སྐྱོང་དབང་མོ་ཡི། །ཟབ་གཏེར་མཁའ་འགྲོའི་གསང་མཛོད་ཆོས་སྡེའི་གཞུང༌། །རིག་འཛིན་དབང་མོས་སྤར་དུ་བཏབ་སྤེལ་མཐུས། །ཟབ་ཆོས་ཕྲིན་ལས་མི་ནུབ་མཐར་རྒྱས་ཤོག ། ༈ །སྤྲུལ་པའི་གཏེར་ཆེན་རྡོ་རྗེ་ཐོགས་མེད་ཀྱི། །ཟབ་གཏེར་ཆོས་མཛོད་ཡིད་བཞིན་འོད་འཕྲོའི་སྐོར། །རིག་འཛིན་དབང་མོས་སྤར་དུ་བཏབ་སྤེལ་དགེས། །ལམ་འདིའི་བསྟན་པ་མི་ནུབ་དཔལ་དུ་ཤོག ། ༈ །གཡུ་སྒྲའི་རྣམ་རོལ་སློབ་དཔོན་ཐུགས་ཀྱི་སྲས། །རིག་འཛིན་ཨོ་རྒྱན་རྡོ་རྗེ་ཐོགས་མེད་ཀྱི། །ཟབ་གཏེར་ཡིད་བཞིན་འོད་འཕྲོའི་གདམས་སྲོལ་མཆོག །སྲིད་པའི་མཐར་ཡང་མི་ནུབ་དར་རྒྱས་ཤོག། །། ༈ །རྩ་གསུམ་དགོངས་འདུས་ཀྱི་པར་བྱང༌། ཕུལ་བྱུང་ཟབ་ལམ་བཅུད་བསྡུས་བླ་སྒྲུབ་གང༌། །རང་གཞན་དོན་གཉིས་བསྒྲུབ་པའི་ཆ་རྐྱེན་དུ། །བསྐུལ་བ་པོ་ཡིས་སྤར་དུ་བསྐྲུན་པའི་དགེས། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་ཛྙཱ་ནས་སོ།། །། ༈ །བཏགས་གྲོལ་པར་བྱང༌། སྤར་འདི་ཚེ་བསོད་མིང་གིས་བསྒྲུབས། །དགེ་བས་འགྲོ་ཕན་མཐའ་ཡས་ཤོག །། ༈ །སྭསྟི། ལྟ་ངན་དུས་ཀྱི་མུན་རུམ་སྟུག་པོའི་ཁྲོད། །ངེས་དོན་བདུད་རྩིའི་འོད་དཀར་སྤྲོ་བའི་གཉེན། །ངོ་མཚར་ཀླུ་དབང་གཉིས་པའི་ཟླ་གཞོན་ཞིག །དྲི་མེད་ཐུབ་བསྟན་མཁའ་ལ་དེང་འདིར་ཤར། །ཆོས་མིག་རྡུལ་དང་བྲལ་བའི་རྣམ་དཔྱོད་ཀྱིས། །ཆོས་ཉིད་གཏན་ལ་འབེབས་པའི་རྡོ་རྗེའི་ཚིག །སྔོན་མེད་ལེགས་པར་བཤད་པའི་ཆ་ཤས་རེས། །སྔོན་དུས་གྲུབ་མཐའི་སྲོག་ཤིང་སློང་བར་བྱས། །དེ་ཚུལ་མཚོན་བྱེད་ཆོས་ཀྱི་རིང་བསྲེལ་དུ། །བསྒྲུབས་པའི་བསོད་ནམས་འདི་ལས་ཡིད་ཅན་ཀུན། །སྲིད་ཞི་སྒྱུ་མའི་གྲོང་ཁྱེར་ལས་འདས་པའི། །གནས་ལུགས་དབུ་མའི་བདེན་དོན་མངོན་བྱེད་ཤོག །ཅེསཔའང་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དང་བའི་བློས་ཆེད་དུ་བརྗོད་པ་ཛཡནྟུ།། །།སླར་ཡང་སྨོན་པ། ལེགས་བཤད་ག་བུར་རྡུལ་འཛག་འཛུམ་ཟེར་ནི། །ཀུན་རྨོངས་སྨག་ལ་འཁུ་བའི་ངང་ཚུལ་གྱིས། །འཕྲུལ་སྤར་ཡར་ངོའི་ཕྱོགས་སུ་དྲངས་འདིས་ཀྱང། །རྒྱལ་བསྟན་ཀུན་དའི་དགའ་ཚལ་འཕེལ་བྱེད་ཤོག། །།སརྦ་མངྒ་ལ་བྷབནྟུ།། །། ཧོར་ཁང་པས་བོད་དུ་པར་པ་དང་ཀ་སྤུངས་སུ་ལྕགས་འབྲུ་པར་མ་ལ་གནང་བ། ༈ །སྔ་འགྱུར་བཤད་སྒྲུབ་འདོད་འཇོ་གླིང་ནས་ཕྱག་དཔེ་པར་བསྐྲུན་ཞུ་རྒྱུ་ཁག་གི་ཆེད་དུ་གནང་བ། དམ་ཆོས་བདུད་རྩིའི་དགའ་སྟོན་སྤྲོ་བའི་སྐྱེས། །རྒྱལ་བསྟན་མི་ནུབ་བསོད་ནམས་དཔལ་གྱུར་ནས། །ཚུལ་འདིར་འབྲེལ་བས་བསྡུས་བཅས་སྐྱེ་བོ་ཀུན། །ཚོགས་གཉིས་འབྲས་བཟང་སྨིན་ཐོབ་བཀྲ་ཤིས་ཤོག །ཅེས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། ༈ །སྭ་སྟི། །མཆོག་ཏུ་གསང་ཆེན་སྔགས་རྒྱུད་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་སྙིང་པོའི་མཐར་ཐུག་བླ་མེད་དོན། །དོན་རབ་གསལ་བྱེད་ཀུན་མཁྱེན་མཁྱེན་བརྩེའི་ཡེ་ཤེས་ལས་ཤར་ཤར་སོགས་ཕྱོགས་བཅུའི་འཇིག་རྟེན་ཀུན། །ཀུན་རྨོངས་མུན་སེལ་ཉི་ཟླ་ཟླ་བྲལ་ལེགས་བཤད་འོད་སྟོང་སྟོང་གསུམ་ཁྱོན་མཛེས་སྲིད་པའི་རྒྱན། །རྒྱན་མཆོག་ཡིད་བཞིན་ནོར་མཚུངས་མཚུངས་མེད་ཀུན་བཟང་དགོངས་ཀློང་ཀློང་ཆེན་ནམ་མཁར་སྤྱོད་ལས་བསྟན། །བསྟན་པའི་མཆོག་རབ་ཆེས་ཟབ་ཟབ་དོན་བཤད་སྒྲུབ་རྒྱན་གང་གང་ཟག་རྒྱུད་ལ་ངེས་འཇོག་ཕྱིར། །ཕྱིར་མི་ལྡོག་པའི་སྙིང་སྟོབས་སྟོབས་ལྡན་ཕུན་ཚོགས་ལྷག་བསམ་བསམ་ཡས་ཡོངས་མངའ་དམ་པའི་ཕུལ། །ཕུལ་བྱུང་ཀུན་ཏུ་རབ་དགའ་དགའ་བས་ཆོས་སྦྱིན་འདི་སྤེལ་སྤེལ་བའི་བསོད་ནམས་ཟད་མི་ཤེས། །ཤེས་རབ་གསུམ་གྱིས་ཡང་དག་དག་པའི་གནས་ལུགས་མངོན་བྱེད་བྱེད་རྩོལ་ཡི་གེའི་སྦྱོར་བས་སོ། །སོ་མ་རང་བབ་གཉུག་མ་མ་འཁྲུལ་གཞི་རྒྱུད་འོད་གསལ་གསལ་སྟོང་འགྱུར་མེད་ཆོས་ཀྱི་དབྱིངས། །དབྱིངས་ཡེ་གཉིས་མེད་དོན་དམ་དམ་པ་ལམ་རྒྱུད་ཐབས་གྲོལ་གྲོལ་བྱེད་རྨད་བྱུང་འཇུག་སྒོས་མཚོན། །མཚོན་བྱ་དེ་ཉིད་བྲལ་ཐོབ་ཐོབ་དམིགས་ལས་འདས་འབྲས་རྒྱུད་རྒྱུད་བཏགས་རང་རིག་ཁམས། ཁམས་གསུམ་འགྲོ་ཀུན་རོ་གཅིག་གཅིག་འདྲེས་ཆོས་ཉིད་གཞིར་རྫོགས་རྫོགས་པ་བླ་མེད་མངོན་གྱུར་ཅིག །ཅེས་ཆོས་སྐུའི་རིང་བསྲེལ་འདི་ཉིད་ཀྱི་སྒོ་འཕར་བྱེད་པ་པོ་དར་ཐང་སྤྲུལ་པའི་སྐུ་ཀུན་དགའི་མཚན་གྱི་བཞེད་སྐོང་དུ་སྔགས་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དང་བའི་བློས་ཆེད་དུ་བརྗོད་པ་བཀྲ་ཤིས་འཕེལ། དགེ་ལེགས་འཕེལ།། །།