TTDL-ZABTER-16-MA-029: Difference between revisions
(Imported new text files with Wyckibaat for processing) |
m (Text replacement - "ཧོཿ" to "ཧོཿ ") |
||
| (6 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=དག་སྣང་ཡེ་ཤེས་དྲྭ་བ་ལས༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ནམ་མཁའི་བཅུད་ཡིག་ཡིག་མེད་མཁའ་འགྲོའི་ཀློང་བྱང་འོད་གསལ་གསང་བའི་གབ་ཐིག༔ | |||
|fulltitle=dag snang ye shes drwa ba las: bskyed rim gsal byed me long dkyil 'khor kun gyi lde mig nam mkha'i bcud yig yig med mkha' 'gro'i klong byang 'od gsal gsang ba'i gab thig: | |||
|citation=Khrag 'thung [[Bdud 'joms gling pa]]. ''Dag snang ye shes drwa ba las bskyed rim gsal byed me long dkyil 'khor kun gyi lde mig nam mkha'i bcud yig yig med mkha' 'gro'i klong byang 'od gsal gsang ba'i gab thig''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 16: 197-289. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |||
|author=bdud 'joms gling pa | |||
|sourcerevealer=bdud 'joms gling pa | |||
|tibgenre=Contemplative Guide Books and Instructional Manuals - khrid yig, Generation Stage - bskyed rim | |||
|terma=Yes | |||
|cycle=dag snang ye shes drwa ba | |||
|cycletib=དག་སྣང་ཡེ་ཤེས་དྲྭ་བ་ | |||
|language=Tibetan | |||
|volumenumber=16 | |||
|volnumtib=༡༦ | |||
|volyigtib=མ | |||
|totalvolumes=21 | |||
|textnuminvol=029 | |||
|pagenumbers=197-289 | |||
|totalpages=93 | |||
|beginfolioline=1a1 | |||
|endfolioline=47a1 | |||
|totalfolios=47 | |||
|multivolumework=No | |||
|rectonotes=bskyed rim | |||
|versonotes=bdud 'joms zab gter | |||
|colophontib=ཞེས་པ་འདི་ཉིད་རང་སློབ་དམ་པ་བཅུ་པའི་མིང་ཅན་དང་སློབ་འབངས་འགའ་ཡིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་དཔལ་གྱི་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ༔ དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |||
|colophonwylie=zhes pa 'di nyid rang slob dam pa bcu pa'i ming can dang slob 'bangs 'ga' yis bskul ngor khrag 'thung bdud 'joms dpal gyi rdo rjes gtan la phab pa'i yi ge pa ni phun tshogs bkra shis so:_dge'o/_/dge'o/_/dge'o/_/legs so/_/sarba mang+ga laM// | |||
|pdflink=File:TTDL-ZABTER-16-MA-029.pdf | |||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=MA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-16-MA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ནམ་མཁའི་བཅུད་ཡིག་ཡིག་མེད་མཁའ་འགྲོའི་ཀློང་བྱང་འོད་གསལ་གསང་བའི་གབ་ཐིག་བཞུགས་སོ༔ | |||
༁ྃ༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ་ཧྲཱི་ཨཱཿཨེ་མ་ ཧོཿ བདེ་སྟོང་ཟུང་འཇུག་གདོད་མའི་མགོན་པོ་ལས༔ ཅིར་ཡང་སྣང་བའི་རོལ་རྩལ་སྒྱུ་མའི་འཕྲུལ༔ གང་ལ་མ་ངེས་མོས་ངོར་རིགས་མཐུན་ཚུལ༔ སྒྱུ་འཕྲུལ་རྣམ་མང་དོན་གཅིག་ལྷ་ལ་འདུད༔ ཡེ་གྲོལ་ཁྱབ་བརྡལ་མཐའ་བྲལ་རྡོ་རྗེ་འཆང་༔ འཁྲུལ་པ་རང་ཁར་འཁྱོལ་བའི་སྐྱེ་འགྲོ་རྣམས༔ ང་བདག་གཟུང་འཛིན་ཀུན་བཏགས་ཞེན་འཁྲུལ་གྱིས༔ བདག་སྣང་སྟོང་ལ་འཛིན་པའི་དངོས་སུ་གྲུབ༔ འཁྲུལ་པ་ཉིང་འཁྲུལ་སྡུག་བསྔལ་གྲུབ་པ་ལ༔ ཐབས་དང་གང་འདུལ་དེར་དགོངས་རང་བཞིན་ཤར༔ ཕྱོགས་རིས་མེད་པའི་ཐུགས་རྗེ་ཐབས་མཁས་ཀྱིས༔ གང་ལ་རང་གཟུགས་སྤྲུལ་པའི་སོ་སོའི་སྐད༔ མ་ནོར་བསྒྱུར་བའི་རང་གྲོལ་སྟོན་པ་ལ༔ ཡེ་ཤེས་ཀློང་ནས་གཅིག་གྱུར་ཀུན་ཏུ་བཟང་༔ ཕྱོགས་མེད་གང་འདུལ་སྟོན་པ་པད་འབྱུང་ངས༔ ཕྲིན་ལས་ཁ་དོག་མ་ངེས་དཔག་ཡས་སྟོན༔ ལྔ་བརྒྱའི་དུས་སུ་སྐྱེ་འགྲོའི་མགོན་དུ་དགོངས༔ མ་འོངས་བསྐལ་པའི་མར་གཤམ་དུས་ངན་ལ༔ དམུ་རྒོད་སེམས་ཅན་ཉོན་མོངས་བདུད་ཀྱིས་བསླུས༔ བདུད་ཁ་དྲག་པའི་ཕ་རོལ་འཁྲུག་པ་ལངས༔ རྒྱལ་བའི་བཀའ་དང་དཀོན་མཆོག་ཚད་ལ་བཞག༔ མི་གཉན་ཟང་ཟིང་ནོར་ཟས་སྙིང་ལ་འཆང་༔ ཚེ་འདི་ཁོ་ན་མ་གཏོགས་གཏན་བདེ་བོར༔ ཆོས་ཉིད་དོན་ལ་ཡིད་ཁེལ་ཉིན་སྐར་ཙམ༔ དགེ་བྱེད་དགེ་བཙུན་ཚུལ་འཆང་གྲངས་མང་ཡང་༔ དབང་དང་སྨིན་གྲོལ་གདམས་པ་མང་ལ་དགའ༔ བསྐུལ་ཞུ་ཁས་ལེན་སྡོམ་བཟུང་ཁ་ཙམ་ལས༔ དེ་མ་ཐག་ཏུ་དམ་ཚིག་ཡིད་ལས་སྟོར༔ ཉམས་ཆག་འགལ་འཁྲུལ་རང་བརླག་ངན་སོང་ལྟུང་༔ ཚོགས་པའི་གྲལ་འགྲིམ་དཀོར་དང་བསླུ་ཟས་བླང༔ བསྐྱེད་རྫོགས་མེད་པའི་དཀྱིལ་འཁོར་ལྷ་གཞི་བཏིང་༔ སྲོག་གཅོད་ཤ་ཁྲག་ཡེ་ཤེས་ལྷ་ལ་འབུལ༔ འདི་ཕྱིའི་ཕུང་གཞི་བཏིང་བས་ལྷ་མ་མཉེས༔ ཕ་རོལ་འཁྲུག་རྩོད་བན་བཙུན་དམ་ཉམས་པའི༔ རྐྱེན་གྱིས་མཁའ་འགྲོ་མ་མོ་དམ་ཅན་འཁྲུགས༔ ནད་ཡམས་མི་འདོད་སྣ་ཚོགས་འཚུབས་མ་ལངས༔ འདྲེ་གཅོད་རིམ་གྲོའི་ལས་བརྩོན་ཕན་པ་མེད༔ བསྐྱེད་རྫོགས་མེད་པའི་བསྒྲུབ་ལ་དངོས་གྲུབ་རིང་༔ བློ་ཁེལ་མེད་པའི་ཆོས་ལ་འབྲས་བུ་དཀོན༔ བྱང་སེམས་མེད་པའི་བསྐྱེད་རྫོགས་ང་རྒྱལ་འཁྲུལ༔ བསྐྱེད་རྫོགས་དབྱེར་མེད་བྱང་ཆུབ་སེམས་དང་འགྲོགས༔ དམ་ཚིག་བསྲུང་སླ་བླ་མ་གཅིག་ལ་བསྟེན༔ དབང་དང་གདམས་པའི་མན་ངག་ཐམས་ཅད་ལ༔ ཚུལ་བཞིན་དམ་ཚིག་བསྲུང་བའི་རྣལ་འབྱོར་ལ༔ དངོས་གྲུབ་མ་སྒྲུབ་རང་བྱུང་ངང་གི་འབྱུང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མས་བུ་ལྟར་བརྩེ༔ གཏན་བདེའི་བཙན་ས་ཟིན་པར་ཐེ་ཚོམ་མེད༔ ངེས་པར་ཚུལ་བཞིན་སྤྱོད་པའི་གང་ཟག་ནི༔ ལོ་དང་ཟླ་བར་བཏགས་པའི་སྐྱོན་ཡོད་མཐོང་༔ ཆགས་སྡང་ང་རྒྱལ་ཁོང་ཁྲོ་ཤས་ཆུང་ཞིང་༔ དམན་པའི་ས་བཟུང་ཆེ་འདོད་དྲག་འདོད་མེད༔ བྱམས་དང་སྙིང་རྗེ་རྒྱུད་ལ་བྱས་པ་དང་༔ བླ་མ་ལ་གུས་ལོག་ལྟ་ཤས་ཆུང་བ༔ ཆོས་ལ་བརྩོན་འགྲུས་ཆེ་ཞིང་གུས་པ་ལ༔ གསང་སྔགས་སྣོད་ལྡན་སྐལ་པ་བཟང་པོ་དེར༔ དལ་འབྱོར་རྙེད་པར་དཀའ་བའི་རྒྱུ་མཚན་བསྟན༔ འདུས་བྱས་མི་རྟག་པ་ཡི་གནད་དོན་དང་༔ འཁོར་བའི་སྡུག་བསྔལ་རྒྱུ་མཚན་བསྟན་པ་དང་༔ དཀར་ནག་ལས་ཀྱི་རྒྱུ་འབྲས་ཞིབ་བརྟགས་བཤད༔ བྱང་ཆུབ་སེམས་དང་ཉམས་ཆག་བསྐང་བའི་ཐབས༔ རྣལ་འབྱོར་ལམ་གྱི་རིམ་པ་བསྟན་པའི་མཐར༔ སྒྲུབ་པའི་གཞུང་དུ་འཇུག་གོ་འཇུག་ཚུལ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ སྔོན་བྱུང་ལོ་རྒྱུས་ཀྱི་ལེའུ་སྟེ་དང་པོའོ༔ ({{TibChung|བརྡ་ཡིག་}}) དེ་ནས་སྒྲུབ་པའི་གནས་ལ་བརྟགས་པ་ནི༔ གནས་ལ་ངེས་མེད་རི་བྲག་ནག་གི་ཁྲོད༔ དུར་ཁྲོད་གནས་སམ་དབེན་པའི་གནས་མཆོག་ཏུ༔ རྒྱབ་རི་ལྷུན་ཆགས་རྩེ་མོ་ཚངས་གནས་བསྙེག༔ གཡས་སུ་ཏིལ་འབུར་ན་ཆུང་ནུ་འབུར་འདྲ༔ གནམ་ཡང་མཆེ་བ་དབལ་སོར་མ་གྱུར་བའི༔ འཁོར་ལོ་རྩིབས་བརྒྱད་རྣལ་འབྱོར་གདུགས་སུ་ལེགས༔ ས་ཡི་མཆེ་བ་གནམ་དུ་མ་སོང་བའི༔ པདྨ་འདབ་བརྒྱད་ལྷ་ཡི་གདན་ལ་འོས༔ བསྲུང་བཞིའི་རྣལ་འབྱོར་ཚེ་སྒྲུབ་མཐའ་རུ་སྐྱོལ༔ ཤར་དུ་མདའ་སྟོང་ལྟ་བུའི་ཀོང་བུ་ནི༔ གནས་དེར་གྲུབ་ཐོབ་མཆོག་གི་རྒྱུན་དུ་ཆད༔ མདུན་དུ་རི་འབུར་ནོར་བུ་ལྟ་བུ་ལ༔ རི་ནི་མང་འབྱར་ཞབས་འདུས་འཁོར་ཚོགས་འདུ༔ ཕྱེ་མར་ནོར་བུ་བཀྲ་ཤིས་རྫས་རྟགས་རི༔ མཆོད་རྫས་ཡོ་བྱད་རྒྱལ་སྲིད་སྣ་བདུན་ཚོགས༔ དེ་དག་གང་ཡང་ས་ཡི་དཔལ་ཁ་བཟང་༔ པདྨའི་གྱེས་མཚམས་དུང་དཀར་ཁ་སྟེང་དང་༔ རལ་གྲིའི་ཡུ་བ་ཙི་རའི་རྩེ་མོ་དང་༔ རྒྱལ་མཚན་གདུགས་ཀྱི་རྩེ་མོ་ས་ཡི་མིག༔ དེ་སོགས་ཡིད་འོང་བཀྲ་ཤིས་སྐྱིད་ཚལ་ལ༔ ཕུག་པ་ཁང་པ་སྒྲུབ་གནས་ངོས་འཛིན་དུས༔ དཀར་གཏོར་གཅིག་ལ་རྣམ་ལྔ་དཀར་གྱིས་བརྒྱན༔ ནམ་མཁས་གར་ཁྱབ་ཁྱབ་པའི་འདོད་ཡོན་དམིགས༔ ས་དེ་ཉོ་ཚོང་ཚུལ་དུ་འབུལ་བར་བྱ༔ གནས་དེ་མ་བསླུས་ཕྲོག་པའི་དམ་ཚིག་ཉམས༔ མ་བྱིན་བླང་བའི་ནོར་རྫས་བསྒྲུབ་ལ་འགལ༔ བསྒྲུབ་གནས་མ་བྱིན་མི་ལེན་དཀར་གསུམ་འཇལ༔ དེ་ནས་སྒྲུབ་གནས་གསང་བ་རྒྱ་ཡིས་ཐོབ༔ གཏེར་བུམ་ལ་སོགས་མི་འགྱུར་གཏེར་སྦས་ཏེ༔ བཀྲ་ཤིས་རྟེན་འབྲེལ་སྨོན་ལམ་ལེགས་པར་བརྗོད༔ རྩྭ་རིས་དཔའ་བོ་ཤིང་རྣམས་དཔའ་མོར་བསྒོམ༔ ཆུ་དང་རི་རབ་རྡོ་བྲག་ཐམས་ཅད་ཀུན༔ དཔའ་བོ་དང་ནི་དཔའ་མོའི་རང་བཞིན་གསལ༔ སྒྲུབ་ཁང་གཙང་ཞིང་ཡིད་འོང་དམ་པའི་ནང་༔ དཀྱིལ་འཁོར་རིམ་པ་ཞི་རྒྱས་དབང་དྲག་ལ༔ རང་མདོག་དཀར་སེར་དམར་ལྗང་སྟེང་དུ་ནི༔ ལྷ་གྲངས་ཕྱི་ནང་རིམ་པར་མ་ནོར་བར༔ རིམ་བཞིན་མེ་ཏོག་ཚོམ་བུ་བཀོད་ནས་བཞག༔ སྤོས་དང་བཟང་དྲུག་ཆུ་ཡིས་ནན་དུ་བྲན༔ ཕྱི་ལྟར་དྲྭ་མིག་རིན་ཆེན་ཕྲེང་བ་དང་༔ དར་གྱི་ལྷབ་ལྷུབ་མཛེས་པའི་དྲྭ་འཁོར་དང་༔ རྒྱལ་མཚན་གདུགས་དང་འཕན་དང་བླ་བྲེ་སོགས༔ མཛེས་པའི་ཆས་ལ་བཀྲ་བའི་ཡོ་བྱད་བརྒྱན༔ རྩ་གསུམ་གཏོར་མ་བརྗིད་ལྡན་སྒྲུབ་གཏོར་སོགས༔ གཞུང་བཞིན་བརྟེན་རྫས་སྒྲུབ་རྫས་བསྐང་རྫས་བཀོད༔ ཕྱི་ནང་གསང་མཆོད་ཡོ་བྱད་རྣམ་མང་བཤམས༔ ནང་ལྟར་མཛེས་ཤིང་ཡིད་འོང་ཕྱི་ལྟར་ལ༔ ཞི་རྒྱས་དབང་དྲག་ཚོམ་བུ་གོང་ལྟར་ལ༔ རིན་ཆེན་སྣ་ཚོགས་ཟས་སྣ་འབྲུ་སྣ་དང་༔ དཀར་གསུམ་མངར་གསུམ་ཤ་ཐུད་ལ་སོགས་པ༔ རི་ལྟར་སྤུང་ཞིང་མཚོ་ལྟར་བསྐྱིལ་ཏེ་བཞག༔ སྤྲོས་བཅས་ཡིན་ཏེ་མཛེས་ཤིང་ཡིད་འོང་བྱ༔ གསང་བ་དཀྱིལ་འཁོར་གཏོར་མ་མེད་པ་ལ༔ ལྷ་དེ་བཞུགས་ཕྱོགས་དེ་ལ་ཁ་གྱུ་ཞིང་༔ སྐུ་རྟེན་སྐུ་འབག་གསུང་རྟེན་པོ་ཏི་དང་༔ ཐུགས་རྟེན་མཆོད་རྟེན་ལ་སོགས་གང་རྙེད་བཞག༔ མཆོད་རྫས་གང་རྙེད་རི་རབ་ཚུལ་དུ་སྤུང་༔ བསྐྱེད་པའི་ལྷ་ནི་བཞུགས་པའི་གནས་སུ་བསྐྱེད༔ སྤྱིར་ན་ལྷ་དང་སྔགས་བཟླས་གསང་བ་གཙོ༔ ངོམས་འགྲན་དྲེགས་འདོད་ཚེ་འདིའི་རེ་སེམས་སྤངས༔ དེ་དག་ངན་སོང་ས་བོན་བག་ཉལ་ཡིན༔ མ་བཅོས་རང་བབས་སྤྱོད་པའི་རྣལ་འབྱོར་པས༔ བག་ཡོད་ལྡན་པའི་ཡི་དམ་ལྷ་དེ་ཉིད༔ རང་ཉིད་ལྷ་སྟེ་ལྷ་ཉིད་རང་ཡིན་ནོ༔ མདོར་ན་ཕྱི་ནང་དཀྱིལ་འཁོར་བརྟེན་ཚུལ་ནི༔ གནས་བཙལ་སར་བརྟགས་རིན་འཇལ་བརྩིགས་གྲུབ་ལ༔ གཞན་སྤྲོ་ཡིད་འོང་བཟོ་རིས་རིགས་མཛེས་ལ༔ སྙན་པའི་དབྱངས་སྒྲ་ཁྲོལ་ཞིང་ལྔ་བདུན་གསུམ༔ དྲུག་སྒོར་འོས་པ་བཤམས་སམ་བློས་བཞག་བརྟེན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ གནས་བཙལ་དཀྱིལ་འཁོར་བརྟེན་ཚུལ་ལེའུ་སྟེ་གཉིས་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་སྒྲུབ་པའི་གྲོགས་དང་སྒྲུབ་ཚུལ་ནི༔ གནས་བཟང་དམ་པར་གཙང་མའི་གདན་མཆོག་ནི༔ མི་སྒུལ་སྟན་བཞག་འཇམ་པའི་ལྷོབ་འབོལ་ཁར༔ རྣལ་འབྱོར་བདེ་བའི་གདན་ལ་བཞུགས་ནས་སུ༔ སྣོད་ངན་གས་ཆག་མི་བརྟེན་གཙང་མ་བརྟེན༔ ཚོམ་བུ་ཚོགས་སྒྲུབ་རྣལ་འབྱོར་གྲངས་མང་དང་༔ དཔའ་བོ་གཅིག་སྒྲུབ་ཐབས་ཤེས་ལྡན་པ་དང་༔ དགེ་འདུན་བཞི་སྒྲུབ་ཐབས་ཤེས་ཡ་བྲལ་གསུམ༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་བརྟེན་པ་ནི༔ རྣལ་འབྱོར་ཕོ་མོ་ལྔ་ནས་བརྒྱ་སོགས་ཀྱིས༔ སྨིན་གྲོལ་གཉིས་ལྡན་ཚད་མ་གསུམ་ལྡན་དང་༔ དམ་ཚིག་སེལ་མེད་འགལ་བའི་སྐྱོན་མེད་འཚོགས༔ དམ་ཚིག་སེལ་ཞུགས་འགལ་བའི་སྐྱོན་གྱུར་ལ༔ བསྒྲུབ་དུས་ཆུ་གཅིག་ལ་ཡང་མི་འཐུང་གནད༔ ཐེ་ཚོམ་རེ་སེམས་ཆགས་སེམས་སྤངས་པ་ཡིས༔ སྒྲུབ་པའི་དལ་འཇུག་བསྐྱེད་རྫོགས་གཉིས་ཀ་བསྒྲིལ༔ སྒྲུབ་གྲོགས་རིག་མ་གསང་བ་རྒྱ་ཡིས་ཐོབ༔ སྒྲུབ་གནས་དབེན་ཁྲོད་གསང་བ་རྒྱ་ཡིས་ཐོབ༔ སྒྲུབ་མཆེད་སྤུན་གྲོགས་གསང་བ་རྒྱ་ཡིས་ཐོབ༔ སྒྲུབ་རྒྱའི་ལྷ་སྔགས་གསང་བ་རྒྱ་ཡིས་ཐོབ༔ གཏོར་མ་ཀུན་ལ་གཟུངས་འཇུག་མཚན་སྔགས་བཞག༔ ཟངས་ཀྱི་སྦུ་གུ་འམ་ནི་སྙུག་མའི་ནང་༔ བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་སྔགས་བྲིས༔ ཞལ་བཞུགས་བླ་མའི་མཚན་སྔགས་མི་རུང་ངོ་༔ དེ་ཡང་བླ་མའི་གཏོར་མ་དེའི་དཀྱིལ་འཇུག༔ ཡི་དམ་ལ་ཡང་ཡི་དམ་སྔགས་ཕྲེང་འཇུག༔ མཁའ་འགྲོ་ལ་ཡང་མཁའ་འགྲོའི་མཚན་སྔགས་འཇུག༔ ཆོས་སྐྱོང་ལ་ཡང་སོ་སོའི་སྲོག་སྔགས་འཇུག༔ དེ་ཡི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ འགྲུབ་ཐག་ཉེ་ཞིང་ཕྲིན་ལས་དངོས་གྲུབ་མྱུར༔ བཤམས་པའི་དུས་སུ་མགོ་ནས་མར་བཤམས་ལ༔ གཤེགས་ཚེ་མཇུག་ནས་ཡར་ལ་གཤེགས་པར་བྱ༔ བུམ་པའི་མགུལ་ཆིངས་རིགས་ཀྱི་ཁ་དོག་ལ༔ ཉེར་ལྔ་སྔགས་ཀྱི་ལུགས་སུ་སྦྱར་བ་བཏབ༔ ཤར་ལྷོ་ནུབ་བྱང་རང་མདོག་དར་ཡོལ་བྱ༔ རྩ་གསུམ་དབུས་ལ་འཁོར་ཚོགས་མཐའ་ལ་བཞག༔ མཆོད་རྫས་ཐམས་ཅད་མདུན་དུ་ལེགས་པར་བཀོད༔ རྟེན་དང་སྒྲུབ་རྫས་དལ་ཀྱི་ཡ་ཁེབ་དང་༔ གདུགས་དང་བླ་བྲེ་ཕུབ་སྟེ་དབུས་སུ་བཞག༔ སྒྲུབ་དང་དཀྱིལ་འཁོར་ཀུན་གྱི་མཐའ་འཛིན་ལ༔ དབང་ཕྱུག་ཆེན་པོ་ཉི་ཤུ་རྩ་བརྒྱད་ནི༔ ཤར་དུ་བཤོས་བུ་ཟླུམ་པོ་བདུན་ཚན་བཞག༔ ལྷོ་རུ་བཤོས་བུ་ཟུར་བཞི་བདུན་ཚན་དང་༔ ནུབ་ཏུ་བཤོས་བུ་ཟླ་གམ་བདུན་ཚན་བཞག༔ བྱང་དུ་བཤོས་བདུན་གྲུ་གསུམ་སྨད་ཟུར་ཅན༔ དེ་ནི་བསྒྲུབ་ལུགས་ཡོངས་ཀྱི་མཐའ་འཛིན་ཡིན༔ དྲག་པོའི་གཏོར་མ་མེ་རིས་བརྒྱན་པ་དང་༔ ཞི་བའི་གཏོར་མ་ཉི་ཟླ་ནོར་བུས་བརྒྱན༔ དེ་ལྟར་རང་རང་གཞུང་བཞིན་ལེགས་པར་བཀོད༔ རྣལ་འབྱོར་ཕོ་མོ་བདེ་བའི་གདན་བཞུགས་ནས༔ དཀར་ཕྱོགས་སྐྱོང་ལ་དཀར་གསུམ་འདོད་ཡོན་འབུལ༔ ནག་ཕྱོགས་སྐྱོང་ལ་དམར་དང་ཤ་ཁྲག་ཕུལ༔ ལན་ཆགས་བགེགས་རིགས་རྣམས་ལ་གླུད་གཏོར་འབུལ༔ མེ་དབལ་ཆུ་དབལ་རྡོ་དབལ་དྲག་སྔགས་ཀྱིས༔ བགེགས་དང་ལོག་འདྲེན་འབྱུང་པོའི་མཚམས་གཅོད་བྱ༔ ཕྱི་ནང་བར་གསུམ་བསྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་བཟུང་སྟེ་མཚམས་ལས་མ་ཐོན་བར༔ གཞན་དག་གང་ཡང་ནང་དུ་མི་གཏོང་ཞིང་༔ རང་གིས་གཞན་དག་མཐོང་བའི་ནང་རལ་བ༔ གཞན་གྱིས་རང་ཉིད་མཐོང་བའི་ཕྱི་རལ་བ༔ རང་གཞན་གཉིས་མཐོང་གཞུང་ནས་རལ་བ་སྟེ༔ འདི་ཡིས་དངོས་གྲུབ་ཐམས་ཅད་འཇོམས་པར་འགྱུར༔ བགེགས་བདུད་བར་ཆད་བསླུ་བ་དེ་ལས་འབྱུང་༔ བསྐྱེད་པ་སྐུ་ཡི་དམ་ཚིག་བསྲུང་བ་ན༔ ཁ་གདོང་ལག་པ་མི་བཀྲུ་ཤུགས་བཞག་དང་༔ སྐྲ་སེན་ཁ་སྤུ་མི་བྲེག་རང་སར་བཞག༔ ཕྱི་ཡི་གྲོང་ཡུལ་མི་ཉུལ་བརྟན་པར་བཞུགས༔ བཟླས་པ་སྔགས་ཀྱི་དམ་ཚིག་བསྲུང་བྱ་ནི༔ འཁྱལ་ཚིག་མི་ཡི་ཚིག་གིས་བར་མ་ཆོད༔ བསྙེན་པ་ཤུབ་བུར་བཟླས་ཏེ་ལྐོག་ཤུབ་བྱ༔ སྐད་ཆེར་བཟླས་པས་ལྷ་དང་འདྲེ་ཡིས་ཐོས༔ ཀུན་གྱིས་དབྱངས་ལེན་བརྗོད་པས་ནུས་པ་བརླག༔ དེ་ཕྱིར་ཤུབ་བུར་བར་མ་ཆད་པར་བཟླ༔ དལ་མེད་བྲེལ་མེད་ལྷག་ཆད་མེད་པར་བཟླས༔ བསྒོམ་པ་ཐུགས་ཀྱི་དམ་ཚིག་བསྲུང་བྱ་ནི༔ ཉིན་མཚན་བླ་མ་སྤྱི་བོ་སྙིང་གར་བསྒོམ༔ ཕྱི་རུ་རྣམ་གཡེང་སྔོན་རྗེས་སུན་མ་གཅོད༔ བླ་མའི་ཐུགས་ཏིག་གདམས་ངག་གསང་རྒྱ་ལས༔ གང་ལ་མི་སྨྲ་རང་གི་ཡིད་ལ་བསྒོམ༔ འཆོལ་བར་སྨྲ་བའི་དམ་ཚིག་སྒོ་རྣམས་རལ༔ གནང་ཡང་སྒྲུབ་པ་ཉམས་ལེན་དུས་རྣམས་ལ༔ དམ་ཚིག་ཚུལ་བཞིན་བསྲུང་བས་དངོས་གྲུབ་ཉེ༔ མཆེད་ལྕམ་རྣམས་ནི་དཔའ་བོ་མཁའ་འགྲོར་བསྒོམ༔ དག་སྣང་མོས་གུས་འདུན་པ་མ་གཏོགས་པར༔ ཞེ་སྡང་ཁོང་ཁྲོ་ང་རྒྱལ་སྤང་བར་བྱ༔ ངག་འཁྱལ་གཏམ་ནག་ལེ་ལོ་གད་མོ་སྤངས༔ བྱམས་པ་བྱང་ཆུབ་སེམས་མཆོག་མ་གཏོགས་པའི༔ ཞེ་སྡང་གནོད་སེམས་སྤང་བ་རྩ་བའི་གནད༔ སྒྲུབ་པའི་གྲོགས་ནི་རྡོ་རྗེ་མཆེད་ལྕམ་གྱི༔ སྤྱོད་ངན་བག་མེད་གང་ལྟར་སྤྱོད་མཐོང་ཡང་༔ རང་རྩལ་ལྷ་ཡི་གར་བསྒྱུར་ལམ་ཁྱེར་ལས༔ ལོག་སྤྱོད་ལོག་པར་ལྟ་བའི་ངན་སེམས་སྤངས༔ ཕྱི་རུ་གང་སྣང་སེམས་ཀྱི་འཕྲུལ་རྩལ་བལྟ༔ ཕྱི་ནང་བར་ཆད་རྐྱེན་ངན་གང་བྱུང་ཡང་༔ ཐམས་ཅད་རང་སེམས་འཁྲུལ་པའི་རྩལ་ལ་བལྟ༔ སྔངས་སྐྲག་འཇིགས་པའི་སྣང་བ་གང་ཤར་ཡང་༔ རང་སེམས་འཁྲུལ་པའི་རྟོག་ཚོགས་རྩལ་ལ་བརྟགས༔ ཡ་ང་བག་ཚ་ཆོས་སྐུའི་ཀློང་དུ་བཤིག༔ སེམས་ནི་ཡེ་ནས་སྟོང་པ་བདག་མེད་ན༔ ལུས་ནི་སྒྱུ་མ་ཡིན་པས་ཐ་མ་འཇིག༔ སེམས་ནི་རྒྱལ་བའི་སྤྱན་གྱིས་མི་གཟིགས་ན༔ འདི་ལ་གསོད་གཅོད་མེད་པས་བག་ཚ་སྤངས༔ ལེགས་པའི་ལྟས་བྱུང་རྨི་ཉམས་ཅི་ལེགས་ཀྱང་༔ སྒྱུ་མའི་འཕྲུལ་རྩལ་རང་སེམས་འདོད་སྲིད་ལ༔ དགའ་བདེ་དེར་འཛིན་བདུད་འབོད་སྤང་བར་བྱ༔ བཟང་ངན་གང་བྱུང་ཆོས་ཉིད་ཀློང་དུ་བཤིག༔ ལེགས་པ་ལྟར་འབྱུང་ངན་ཐབས་མང་པོ་དང་༔ ཉེས་པ་ལྟར་འབྱུང་ལེགས་པ་གྲངས་མེད་ཡོད༔ བཟང་ངན་གང་ལ་མི་བརྟགས་ཤིག་གེར་བཞག༔ སྔོན་ཡང་དགའ་སྡུག་གཉིས་ཀྱིས་མཐའ་མེད་འཁོར༔ སྤྱིར་ཡང་དགའ་སྡུག་རོ་སྙོམས་ངང་ལ་བཞག༔ ལུས་ནི་མཚམས་སྒྲུབ་རྣམ་ཤེས་རྒྱལ་ཁམས་ཉུལ༔ སྔོན་འདས་མ་འོངས་པ་ཡི་ལས་ལ་རྒྱུག༔ འབྲས་བུ་མེད་པའི་སྡུག་སྒུར་བོང་བུ་ཤི༔ ཉོན་མོངས་མ་སྤངས་ཡེ་ཤེས་རང་བཞིན་ཤར༔ འགྱུ་བ་མ་བཀག་ཆོས་ཉིད་ངང་ལ་བཤིག༔ རང་བྱུང་རང་གྲོལ་བླ་མེད་ཐེག་པའི་རྩེ༔ ཡེ་གནས་ཡེ་སྟོང་ཆོས་ཀྱི་ཆུ་རྒྱུན་ལ༔ བར་མ་ཆོད་པའི་དྲན་རིག་རོ་གཅིག་མཉམ༔ འཁོར་འདས་ངང་རྫོགས་རྫོགས་པ་ཆེན་པོ་ལ༔ མ་མཐོང་མཐོང་ལས་ལྷག་པ་སྣང་བའི་ཀློང་༔ དྲན་རྫོགས་ཙམ་གྱིས་ཀློང་རྫོགས་ཁྱབ་གདལ་ལ༔ མ་བཅོས་མ་སྤངས་རང་བྱུང་སངས་རྒྱས་ཡིན༔ མ་བཙལ་རང་བྱུང་ཡེ་ཤེས་དགོངས་པ་སྐྱོངས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་འགྲུབ་པ་ལ༔ ཁྱབ་བརྡལ་བྱང་ཆུབ་སེམས་མཆོག་བསྒོམ་པར་བྱ༔ ལུས་ནི་རྒྱལ་བའི་དཀྱིལ་འཁོར་བསྒོམ་པ་ལ༔ མ་བཅོས་གཡོ་འགུལ་མེད་པར་བརྟན་པར་བཞག༔ ངག་ནི་སྔགས་ཀྱི་འཁོར་ལོ་གྱུར་པ་ལ༔ དོན་མེད་ཚིག་གིས་བར་མ་ཆོད་པར་བཟླས༔ ཡིད་ནི་ཏིང་ངེ་འཛིན་གྱི་འཁོར་ལོ་ལ༔ རྣམ་གཡེང་ལེ་ལོ་མེད་པའི་ཆོས་ཉིད་སྐྱོངས༔ ལྷ་ཡང་རང་བྱུང་ཡེ་ཤེས་དོན་གྱི་ལྷ༔ བསྒྲུབ་ཀྱང་མ་ཆགས་ཆགས་བྲལ་ཡེ་ཤེས་བསྒྲུབ༔ དངོས་གྲུབ་བར་མ་ཆོད་པར་ཡེ་ཤེས་བསྒྲུབ༔ འདི་སྣང་སྐད་ཅིག་ཙམ་གྱི་བདེ་བ་ལ༔ དངོས་གྲུབ་མ་བྱུང་ཙམ་ལས་ངོ་མི་མཚར༔ རྣམ་གཡེང་བདུད་ཀྱི་བསླུ་བའི་ཕོ་ཉ་ཡིན༔ སྟན་གྱི་དྲོད་མ་ཡལ་བར་བརྟན་པ་གནད༔ སྔགས་ཀྱི་མཚོན་ཆ་ཕུར་པ་ཐུན་རྫས་འཆང་༔ སྔགས་ཀྱི་ལས་ཀ་བསད་འདྲེན་མཐུ་གཏད་ལེགས༔ མ་བསྒྲུབ་ལྷ་ཞལ་མཐོང་བ་རི་བོང་རྭ༔ མ་བརྟགས་སེམས་མཚང་ལོན་པ་མཚན་ཉི་ཙམ༔ མ་བརྩོན་རང་བྱུང་གྲུབ་པ་རྡོ་ཡི་མར༔ མ་སྒོམ་ཆོས་ཉིད་རྟོགས་པ་མེ་ཤོར་ཆུ༔ དེ་དག་ཙམ་ལས་དཀོན་པ་དེར་བློ་གཞོལ༔ བསྒྲུབ་པས་མི་འགྲུབ་པ་ནི་གཅིག་མི་སྲིད༔ བརྟག་པས་གོམས་ཏེ་གོམས་པས་མཁས་པར་གྱུར༔ བརྩོན་པས་གང་དག་མི་འགྲུབ་གཅིག་ཀྱང་མེད༔ ཚེ་གཅིག་གཏན་བདེ་སངས་རྒྱས་བསྒྲུབ་པ་ལ༔ འགྲན་སེམས་དྲག་སེམས་ངོམས་རྒྱུའི་ཆོས་དེ་ཟད༔ མདོར་ན་བསྒྲུབ་པའི་དལ་དུ་འཇུག་ཚུལ་ནི༔ ལས་གང་རང་མདོག་ཕྱི་མངོན་ནང་བཀྲ་བ༔ གསང་བ་གསང་སྟེ་བཟོ་རིས་ཀུན་རྫོབ་ཉིད༔ སེལ་མེད་ཡིད་འདྲེས་མཆེད་ལྕམ་གཉིས་ལྡན་འཚོགས༔ བློ་བརྟན་འདི་སྣང་ངེས་མེད་གཏན་བདེ་བ༔ དཀར་ལ་བློ་ཁེལ་ངན་སོང་ལ་བྲིད་ཅིང་༔ ཆོས་ཉིད་ཉམས་ལེན་སེམས་རྩལ་དབང་དུ་བསྡུས༔ བྱ་རྩོལ་མི་དགོས་བདེ་སྟོང་ཡེ་ཤེས་རོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ ལྷ་གཞི་དཀྱིལ་འཁོར་རྣལ་འབྱོར་བསྒྲུབ་ལམ་གྱི་ལེའུ་སྟེ་གསུམ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་སྒྲུབ་པའི་གྲོགས་སུ་ཐབས་ཤེས་མཆོག༔ ཐབས་ཀྱི་གྲོགས་སུ་ཤེས་རབ་རིག་མ་ནི༔ མཚན་ཉིད་ལྡན་པ་ཉམས་རྟོགས་འཕེལ་པའི་གྲོགས༔ རིགས་ངན་མཛེ་ཡུག་དམེ་མོ་བདུད་མོ་དང་༔ ཞེ་སྡང་འགྲན་སེམས་བར་ཆད་སྐྱེལ་མ་དང་༔ སྨད་འཚོང་མ་སོགས་སྐྱོན་ཅན་གང་ལ་ཡང་༔ འབྲེལ་བ་ཙམ་གྱིས་ཐར་པའི་ས་བོན་འཇོམས༔ གཟུགས་ལེགས་མཐོང་བས་ཡིད་ཀྱང་འགུགས་འཕྲོག་ཅིང་༔ མིག་རྩ་དཀར་ལ་དམར་བའི་མདངས་ཆགས་པ༔ རྫི་མ་ཁྲ་ཡི་གཤོག་པ་བརྐྱང་འདྲ་བ༔ ཡ་མཆུ་མ་མཆུ་པདྨ་ཁ་སྦྱོར་ལྟར༔ དུང་སོ་དཀར་ལ་མ་འཐོར་འགྲིགས་ཚག་ཅན༔ མིག་ནི་རིང་ཞིང་དཀར་ནག་རང་མདོག་གསལ༔ མོ་གཟུགས་ལས་ནི་གཞན་དུ་མ་གྱུར་བ༔ དཀར་ལ་དམར་མདངས་བདེ་བ་ལྷུན་ཆགས་པ༔ མདོག་མི་འགྱུར་བའི་མཛེས་མ་གཞོན་ཤ་ཅན༔ གཡས་གཡོན་སོར་མོ་དྲང་ཞིང་ཤ་མཉམ་པ༔ དཀར་ལ་དམར་མདངས་ལྡན་པའི་གཞོན་ཤ་ཅན༔ ལག་པའི་དབྱིབས་ལེགས་དེ་དག་ལྡན་པ་དང་༔ བུམ་པའི་ལྟེ་བའི་དབྱིབས་ལྟར་ལྟོ་བ་ཟླུམ༔ རུས་སྦལ་རྒྱབ་ལྟར་པདྨོ་འབུར་བ་ལ༔ པདྨའི་འདབ་ལྟར་ཕྱི་དབྱིབས་གསལ་བ་ལ༔ འཛིན་པ་དུང་དཀར་དབྱིབས་ལྟར་གྲུབ་པ་ལ༔ ལུས་དང་རྐང་པའི་ཆ་ལག་མ་འགལ་དགོས༔ མདོག་ནི་དཀར་བའི་མདངས་སུ་འདུག་པ་ལ༔ ཤ་མ་ལྟ་བུར་དམར་གྱི་རི་མོ་ཅན༔ སྐྱོན་ཅན་ཡིན་ཏེ་རྣལ་འབྱོར་བར་ཆད་རྐྱེན༔ ཕྱི་ཡི་མཚན་ཉིད་ཡིན་ཏེ་དོན་ཆེར་མིན༔ གནད་ནི་ནང་གི་མཚན་ཉིད་བརྟགས་པ་གཙོ༔ ལྷ་དང་བླ་མར་དད་པ་མོས་གུས་ཅན༔ བློ་བརྟན་མི་འགྱུར་ཆོས་ལ་མོས་པ་ཅན༔ གཞན་སྐྱོན་ཇི་ལྟར་མཐོང་ཡང་གསང་ཚུགས་པ༔ ང་རྒྱལ་ཞེ་སྡང་ཁོང་ཁྲོ་སེར་སྣ་ཆུང་༔ དམ་ཆོས་བསྒྲུབ་ལ་འགལ་བ་མི་བྱེད་པ༔ བྱམས་དང་སྙིང་རྗེའི་སེམས་དང་ལྡན་པ་དང་༔ གཞན་གྱི་མི་ལ་དད་པ་མི་བྱེད་ཅིང་༔ ངག་འཁྱལ་གད་མོ་རྫུན་དང་ཚིག་རྩུབ་མེད༔ རྒྱུད་འཇམ་ངག་སྙན་གཞན་སེམས་མི་དཀྲུགས་པ༔ དེ་དག་ལྡན་པའི་བུད་མེད་གང་སུ་དག༔ ཞ་ལོང་འོན་ལྐུག་ཤ་བཀྲ་ལྦ་བ་སོགས༔ གང་དང་མ་གྱུར་ཕྱི་མཚན་མ་ལྡན་ཡང་༔ དགེ་སྒྲུབ་མཐུན་རྐྱེན་རྟོགས་པའི་གྲོགས་བཟང་ཡིན༔ ལོ་ཡི་ཚད་ལས་འདས་ན་སྤང་བར་བྱ༔ བརྒྱད་ནས་བཅུ་གསུམ་མན་ཆད་ལྷ་མོ་སྟེ༔ ཟླ་བ་འཛག་པ་བྱང་སེམས་དཀར་འབབ་སྟེ༔ བཅུ་གསུམ་ཡན་ཆད་བཅུ་དྲུག་མན་ཆད་ལ༔ ཀླུ་མོ་ཞེས་བྱ་གཡུ་ཞགས་འབབ་པ་སྟེ༔ བཅུ་དྲུག་ནས་བཟུང་ཉི་ཤུ་མན་ཆད་དེ༔ རིགས་ངན་མོ་ཞེས་མཚལ་ཆེན་འབབ་པ་སྟེ༔ དེ་ཕན་བདུད་མོ་རཀྟ་ནག་འབབ་སྟེ༔ དེ་ནི་སྤང་བྱ་ཡིན་ཏེ་སྤང་བར་བྱ༔ སྦྱོར་དང་སྒྲོལ་བ་གཉིས་ལྡན་གང་ཟག་གི༔ རྩ་མདུད་གྲོལ་ནས་བདེ་སྟོང་ཡེ་ཤེས་འབར༔ རླུང་ཁམས་དག་པས་ས་ལམ་བར་ཆད་སེལ༔ རྩ་རླུང་ནུས་པས་ཕྱི་ནང་ཟོ་མདོག་རྒྱས༔ ཉམས་དང་རྟོགས་པ་སྦར་བའི་བདུད་རྩི་སྨན༔ དེ་ཡང་གང་རུང་བ་ཡི་སྤྱོད་ཡུལ་མིན༔ རབ་ལ་སོ་ཐར་བྱང་སེམས་བསླབ་སྡོམ་ཀུན༔ མ་ཉམས་མཐར་ཕྱིན་དེ་ནས་སྔགས་སྒོར་འཇུག༔ འབྲིང་ལ་ཚོགས་བསགས་སྒྲིབ་སྦྱངས་ནན་བྱས་ནས༔ གཅེར་བུ་གོས་བྱུང་རྩ་རླུང་ཐིག་ལེ་སྦྱངས༔ ནུས་པ་མངོན་གྱུར་དུས་སུ་རིག་མ་བསྟེན༔ ཐ་མ་བཟོད་མེད་ཆགས་པ་ཤུགས་ཆེ་ཡང་༔ ཟླ་བར་ཚུལ་བཞིན་སོ་ཐར་སྡོམ་པ་བླངས༔ བྱང་སེམས་བསླབ་བྱ་ཚུལ་བཞིན་ཉམས་སུ་བླངས༔ རྩ་རླུང་ཐིག་ལེ་ཟླ་གསུམ་ཉམས་བླངས་ནས༔ སེམས་ཀྱི་འགྲོ་གནས་བྱུང་ཁུང་སྐྱེ་འགགས་བརྟགས༔ གཉན་མིག་གཉན་ཁྲོད་དྲུག་ཏུ་ཡང་ཡང་འགྲིམ༔ སེམས་བྱུང་འདྲེ་གནོད་རང་ཐོག་གྲོལ་བ་དང་༔ གཙང་དང་རྨེ་བ་ཆོད་པའི་གནས་སྐབས་ལ༔ ཕྱི་ནང་མཚན་ཉིད་ལྡན་པ་མཆོག་གྱུར་དེ༔ ནང་གི་མཚན་ཉིད་ལྡན་པ་རྩ་བའི་གནད༔ ནང་གི་མཚན་ཉིད་མེད་པའི་བདུད་མོ་ལ༔ གང་འབྲེལ་ངན་སོང་འཁོར་བའི་ས་བོན་ཡིན༔ ཚེ་གཅིག་སངས་རྒྱས་གྲོགས་སུ་མཚན་ལྡན་ཚོལ༔ བླ་མ་བཟང་པོ་དད་གནས་བསྙེན་གྱུར་དེར༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དབང་ཞུས་ཏེ༔ ཤེས་རབ་ཡེ་ཤེས་དབང་གི་རིག་མ་གཏད༔ ཡབ་ཡུམ་གཉིས་མེད་སྒྲུབ་པའི་དལ་དུ་འཇུག༔ རྩ་དང་རླུང་དང་ཐིག་ལེ་གཡེལ་མེད་བསྒོམ༔ རབ་ལ་དབབ་བཟུང་འདྲེན་བཀྲམ་དགའ་བ་བཞི༔ ངོས་བཟུང་བདེ་སྟོང་ཡེ་ཤེས་སོ་མ་ཤར༔ འབྲིང་ལ་ལྷ་བསྒོམ་སྔགས་ཀྱི་འཁོར་ལོ་ཡིས༔ ཉམས་དང་རྟོགས་པའི་རྩལ་རྒྱས་ཡེ་ཤེས་རྒྱས༔ ཐ་མ་རྩ་རླུང་ཐིག་ལེ་ནན་བསྒོམ་པས༔ ལུས་ཀྱི་བདེ་བ་ཉམས་ཀྱི་ཐོག་ཏུ་སྦར༔ གཅིག་ལས་གཞན་ལ་སྦྱོར་བའི་སྐྱོན་དུ་གྱུར༔ དེ་མིན་ཆགས་པས་བསླང་བའི་བུད་མེད་བསྟེན༔ ཟུང་འཇུག་གང་དང་མི་ལྡན་སྦྱོར་བ་བྱེད༔ སྔགས་པའི་མིང་འདོགས་ང་རྒྱལ་རང་ཁེང་ཅན༔ བ་ལང་ཆགས་སྦྱོར་བ་དང་ཁྱད་མེད་ན༔ ཐམས་ཅད་སྔགས་པ་དག་ལ་ཁས་ལེན་ནམ༔ འདོད་ཆགས་འདམ་སྦལ་ལས་ཀྱང་ཆེ་བ་མེད༔ ཞེ་སྡང་དུག་སྦྲུལ་བས་ཀྱང་རགས་པ་སུ༔ ང་རྒྱལ་སེང་གེ་ལས་ཀྱང་མཐོ་བ་མེད༔ གཏི་མུག་དུད་འགྲོ་བས་ཀྱང་འཐུག་པ་གང་༔ ཕྲག་དོག་ཀུ་ཀུ་བས་ཀྱང་ཆེ་བ་སུ༔ ཉོན་མོངས་གང་རགས་སྔགས་པར་ཁས་ལེན་ནམ༔ ལར་ནི་མཚམས་བསྒྲུབ་གང་དང་གང་བྱས་ཀྱང་༔ བདུད་དང་ལྷ་སྲིན་སྡེ་བརྒྱད་གདུག་པ་འབྱུང་༔ དེ་ཡི་ཆེད་དུ་དམིགས་པ་འདི་ལྟར་བྱ༔ སྣང་སྲིད་ལྷ་འདྲེའི་སྡུག་བསྔལ་ཞི་བ་དང་༔ ཐམས་ཅད་ཚེ་འདིར་སངས་རྒྱས་ཐོབ་པའི་ཕྱིར༔ བདག་གིས་ཡང་དག་ལམ་ཟབ་བསྒྲུབ་བོ་བསམ༔ དེ་ལྟར་བྱས་པས་བདུད་བགེགས་སྡེ་བརྒྱད་ཀྱིས༔ རང་གི་རིམ་གྲོ་ལྷར་ཤེས་བར་མི་གཅོད༔ དཔའ་བོ་གཅིག་སྒྲུབ་ཡབ་ཡུམ་ལྷན་གཅིག་ཏུ༔ ཤིན་ཏུ་དབེན་པ་སྲོག་ཆགས་རྒྱུ་མཚམས་མེད༔ བདེ་ཞིང་ཉམས་དགའ་བདེ་ལྡན་ཚུལ་དུ་ཕྱིན༔ ཐབས་ཤེས་ཟུང་འཇུག་བསྒྲུབ་སྟེ་དམ་ཚིག་བསྲུང་༔ དེ་ལ་ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ རང་བྱུང་ངང་གྲུབ་གདོད་མགོན་དགོངས་ཉམས་ལོན༔ ཐབས་ལ་འཇུག་པའི་རྣལ་འབྱོར་རྣམ་པ་བཞི༔ བསད་པ་གསོ་ནུས་སྦྱོར་སྒྲོལ་ལམ་གྱི་རྟགས༔ དེ་ནི་བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་དེ༔ རྩིག་པ་ར་བ་རི་རབ་ཟང་ཐལ་འབུག༔ སྦྱོར་སྒྲོལ་ལམ་རྟགས་ཟང་ཐལ་རྣལ་འབྱོར་པ༔ ཀུནྡ་དབབ་འདྲེན་རཀྟའི་བཅུད་ལོན་པ༔ སྦྱོར་སྒྲོལ་ལམ་རྟགས་རླུང་གི་རྣལ་འབྱོར་པ༔ དབང་ཐོབ་མན་ངག་དོན་ལྡན་མཁས་པའི་མཆོག༔ ལྟ་བའི་ཉམས་རྫོགས་དགོངས་པའི་བཅུད་ལོན་པ༔ རྩ་རླུང་ནུས་པས་གྲང་ལྷག་ཟིལ་གནོན་པ༔ སྦྱོར་སྒྲོལ་ལམ་རྟགས་ལམ་གྲོགས་རྣལ་འབྱོར་ཞེས༔ དེ་མིན་བྱོལ་སོང་ཆགས་སྦྱོར་བ་དང་མཚུངས༔ ཤལ་མ་རི་དང་ཁྲོ་ཆུའི་འཇིགས་པ་ཆེ༔ གསུམ་ལྡན་གཙོར་བཟུང་གསུམ་ལྡན་ཡང་རྩེ་སྔགས༔ མདོར་ན་ཟུང་འཇུག་ལམ་དུ་འཇུག་ཚུལ་ནི༔ རང་ཉིད་གསུམ་ལྡན་གསུམ་དགོངས་གཉིས་དོན་ལྡན༔ དབབ་འདྲེན་བཅུད་ལེན་ཟང་ཐལ་བསད་སློང་གྲུབ༔ ཚད་གསུམ་སྨིན་གྲོལ་དབབ་གསུམ་རང་འབྱོར་ལ༔ རིག་མའི་དབྱིབས་ལེགས་མཛེས་སྡུག་མཐོང་སྐྱོན་ཡོད༔ ནང་དུ་ཡོན་ཏན་གསུམ་ལྡན་རིགས་གསུམ་མོ༔ ཆགས་མེད་གཉིས་སྦྱོར་དགའ་བཞིའི་ཡེ་ཤེས་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ སྒྲུབ་གྲོགས་མཚན་རྟགས་བསྟེན་ཚུལ་གྱི་ལེའུ་སྟེ་བཞི་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་སྐྱབས་སུ་འགྲོ་བ་འདི་ལྟར་བྱ༔ གཏན་བདེའི་མགོན་དང་འཚོ་བ་སྦྱོར་བའི་མགོན༔ ཕྱི་ནང་ཐེག་པ་གོ་ལོག་མ་སོང་བར༔ གཏན་བདེའི་མགོན་ནི་ཕྱི་ནང་དཀོན་མཆོག་གསུམ༔ འདས་པ་ཞིང་གི་དཔལ་གྱུར་ཡོངས་ལ་སྐྱབས༔ འཁོར་བའི་སྐྱོན་ལས་འདས་པ་གང་སུ་དག༔ གཏན་གྱི་སྐྱབས་གནས་ཡིན་པར་བློ་ཐག་ཆོད༔ རང་སྣང་ཐམས་ཅད་ཞིང་ཁམས་རྣམ་དག་ལ༔ མ་བསྒོམ་རྩལ་སྣང་ཐམས་ཅད་སངས་རྒྱས་ཡིན༔ དེ་ཡང་མི་ལྡན་པ་ཡི་གང་ཟག་གི༔ ནམ་མཁས་གར་ཁྱབ་སངས་རྒྱས་བྱང་སེམས་ཀྱིས༔ ཁྱབ་པར་མོས་ཤིང་བསྒྲུབ་པའི་དལ་གཙོ་ནི༔ གཙོ་བོར་བཟུང་ཞིང་སྐྱབས་སུ་འགྲོ་ཚུལ་ནི༔ དཔེར་ན་ཡུལ་མི་ནག་ཅན་ཞིག་ལ་ནི༔ རྒྱལ་པོ་ཆེན་པོ་ཞིག་གི་ཁྲིམས་ཀྱིས་ཟིན༔ ད་ལྟ་གསོད་དུ་ངེས་པས་བྲེད་ཅིང་དངངས༔ གཞན་གྱི་རྒྱལ་པོ་ཆེན་པོ་གཅིག་ལ་གཏུགས༔ སྲོག་སྐྱོབ་ཆེད་དུ་སྙིང་ཁུང་རུས་པའི་གཏིང་༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་འགྲོ་བཞིན༔ རང་ཡང་དཔེར་ན་ངན་སོང་ལ་བྲེད་ནས༔ གཏན་བདེའི་སྐྱབས་གནས་དག་ལ་སྐྱབས་སུ་འགྲོ༔ ལུས་དང་ལོངས་སྤྱོད་ཆགས་ཞེན་མེད་པར་འབུལ༔ མཐོ་སར་མི་རེ་དམའ་སར་མི་དོགས་པ༔ མཐོ་དམན་གང་བཏང་ཁྱེད་རང་ཤེས་བསམ་ནས༔ ཁྱེད་ཀྱི་འཁོར་དུ་བདག་ཉིད་གྱུར་པ་ན༔ མནར་མེད་གནས་སུ་ཕྲིན་ལས་ཆེད་མངགས་ཀྱང་༔ འགྱོད་པ་མེད་ཅིང་དགའ་འོ་བསམ་པའི་སེམས༔ དེ་ཡང་གཏན་བདེའི་མགོན་ལ་སྐྱབས་འགྲོ་ཚུལ༔ དེ་ནས་འཚོ་བ་སྦྱོར་བའི་སྐྱབས་གནས་གཉིས༔ ཕན་བདེའི་འཚོ་བ་སྦྱོར་བའི་སྐྱབས་གནས་ནི༔ འཁོར་བ་ངན་སོང་གནས་ནས་ཐར་པའི་ཕྱིར༔ ཉོན་མོངས་ནད་པ་ཆོས་ཀྱི་བདུད་རྩིས་འཚོ༔ གང་ལ་ཕན་སྟེར་དེ་ལ་སྐྱབས་སུ་འགྲོ༔ གོང་བཞིན་དུས་གསུམ་ལོངས་སྤྱོད་ཆགས་བྲལ་ངང་༔ འབུལ་ཞིང་སྐྱབས་སུ་འགྲོ་བ་ཡང་ཡང་བྱ༔ འཚོ་སྦྱོར་སྐྱབས་གནས་གོ་ལོག་གྱུར་པ་ནི༔ འཇིག་རྟེན་སྐྱོང་བ་གཉུག་གློར་གྱུར་པའི་ལྷར༔ སྐྱབས་སུ་འགྲོ་བའི་སྐྱེ་བོ་གང་སུ་དག༔ སྨིན་གྲོལ་ལམ་དང་སྣོད་དུ་མ་གྱུར་པའི༔ ནག་པོའི་ཁ་དོག་གཞན་དུ་མི་འགྱུར་བཞིན༔ མདོ་སྔགས་གང་ལ་བརྩོན་ཀྱང་འབྲས་མི་འབྱིན༔ དེ་ནས་སྲོག་འཚོའི་དོན་དང་མི་འཇིགས་དོན༔ ཕྱུག་པོ་འཕན་པོ་བཙན་པོ་རེ་བ་དང་༔ མདོར་ན་ཇི་སྲིད་འཚོ་ཡི་བར་དུ་ནི༔ བདེ་དགའ་ལོངས་སྤྱོད་དག་ལ་རེ་སེམས་ཀྱིས༔ སྐྱབས་སུ་འགྲོ་བ་དེ་དག་མུ་སྟེགས་ལུགས༔ ཚེ་འདི་ཕན་ཆད་རྙིང་པའི་གོས་བོར་བཞིན༔ འབྲས་བུ་མེད་ཅིང་བདེ་ལ་ཕྱོགས་མི་ཉེ༔ ཚེ་འདི་ལ་ཡང་ཕན་པ་འགའ་རེ་དཀོན༔ དེ་དག་གོ་ལོག་མ་སོང་རྩ་བའོ༔ སྤྱིར་ན་དབང་བསྐུར་གདམས་ངག་ཀུན་ལ་ཡོད༔ སྐྱབས་སུ་མ་སོང་བ་ལ་ཅུང་ཟད་མེད༔ བསྒྲུབ་ཀུན་འགྲོ་བ་ཡོངས་ཀྱི་དོན་དུ་བསྟན༔ སྐྱབས་སུ་མ་སོང་བ་དང་མ་གུས་པར༔ ཆུ་ཡི་སྐར་འོད་ཙམ་ཡང་མ་ཡིན་ནོ༔ སྐྱབས་སུ་མ་སོང་བ་ཡི་མི་ལ་ནི༔ དཔོན་མེད་དག་ལ་དགྲ་རྐུན་སྡང་བ་ལྟར༔ བགེགས་རིགས་ཀུན་གྱིས་གནོད་འཚེ་སྦྱོར་བ་སླ༔ སྐྱབས་སུ་མ་སོང་བ་ཡི་མི་ལ་ནི༔ བདག་མེད་རྐང་བཞི་ཐང་འཁྱམས་གཞན་དག་གིས༔ གསོད་པ་སླ་ལྟར་བདུད་ཀྱི་གེགས་སྦྱོར་སླ༔ འཁོར་བ་ལས་འདས་སངས་རྒྱས་བྱང་སེམས་ལ༔ ནང་དག་སྐྱབས་སུ་འགྲོ་བའི་མི་དེ་ལ༔ བདུད་བགེགས་ལོག་འདྲེན་གང་གིས་གནོད་མི་ནུས༔ སངས་རྒྱས་སྐྱབས་སུ་རྒྱུན་དུ་འགྲོ་བའི་མི༔ རྒྱལ་ཀུན་སྲས་ཡིན་སོ་སོ་བ་ལས་འདས༔ ལོག་པའི་ལམ་ལ་མི་འགྲོ་གལ་སྲིད་ཀྱང་༔ འཁོར་བར་འཁྱམས་ཀྱང་ཆོས་ལ་མོས་པར་སྐྱེ༔ ལོག་སྤྱོད་ལོག་ལྟ་བྱེད་པའི་ལམ་མི་འགྲོ༔ མཐར་ཐུག་སངས་རྒྱས་འབྲས་བུ་ཐོབ་པར་འགྱུར༔ དེ་ཡང་སྐྱབས་སུ་འགྲོ་བའི་ཚུལ་ལ་ནི༔ གཅིག་གསུམ་ལྔ་དང་བརྒྱ་ཡི་བདག་ཉིད་ནི༔ བཤེས་གཉེན་ཕན་སྟེར་གཙུག་གི་འདོད་འབྱུང་ཉིད༔ གསང་གསུམ་རྩ་བར་རྒྱབ་ཕྱོགས་གཞན་འཇུག་མིན༔ ཚོགས་ཀྱི་འོག་མ་སྨིན་གྲོལ་ཀུན་གྱི་རྒྱབ༔ གསུམ་ལྡན་དག་གི་ལམ་ལས་སོ་སོ་བ༔ བླ་མ་ལ་ནི་ལོག་པར་ལྟ་བ་ཡི༔ རིགས་ཀུན་དཀྱིལ་འཁོར་ཀུན་གྱི་ཕ་རོལ་བ༔ སྐྱབས་ཀྱི་ཡུལ་མེད་སྐྱབས་སོང་དོན་མེད་ཡིན༔ ས་བརྒྱད་ཐོབ་ཀྱང་ཕྱིར་ལོག་ཐ་མལ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ སྐྱབས་སུ་འགྲོ་བའི་ལེའུ་སྟེ་ལྔ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནི༔ རིགས་གང་བསྒྲུབ་ཀྱང་བསམ་པ་རྒྱ་ཆེ་གཙོ༔ བདག་གིས་དེ་རིང་ཟབ་མོའི་ལམ་བཟང་རྙེད༔ མ་རྒན་ཤ་སྟག་འཁོར་བའི་སེམས་ཅན་རྣམས༔ བདེ་འདོད་སྡུག་བསྔལ་ལས་ལ་འབད་རྩོལ་བྱེད༔ འདི་དག་འཁོར་བ་ལས་སྒྲོལ་སངས་རྒྱས་ཕྱིར༔ བདག་གིས་དམ་པའི་ཆོས་འདི་སྒྲུབ་པར་བགྱི༔ བསྒྲུབ་འབྲས་མ་རྣམས་སངས་རྒྱས་ཐོབ་པར་ཤོག༔ བསམ་ཞིང་བསམ་པ་རྒྱ་ཆེ་སྨོན་པའི་སེམས༔ དཔེར་ན་མི་གཅིག་རྙེད་ཚོལ་འགྲོ་བ་ལ༔ དང་པོ་འགྲོ་སེམས་འགྲོ་ཆས་ལེགས་བསྒྲུབ་ལྟར༔ གྲོགས་ཚོལ་གྲོས་བྱས་ང་ཡང་འདི་དོན་འགྲོ༔ ཁྱོད་ཀྱང་འགྲོ་དང་རྙེད་པ་རྙེད་ངེས་ཟེར༔ དེ་བཞིན་སྨོན་པ་དང་པོའི་ཡིད་སྨོན་ལྟར༔ དེ་ནས་ལམ་ལ་འཇུག་ནས་འགྲོ་བ་ལྟར༔ འཇུག་པ་སེམས་བསྐྱེད་ལ་ཡང་རྣམ་པ་གཉིས༔ མདོར་ན་ཕྱི་ནང་བར་གསུམ་སོ་སོར་དུ༔ དབྱེ་ཞིང་མ་གྲུབ་གྲུབ་པར་འཛིན་པ་ཡི༔ ང་ཁྱོད་གཉིས་འཛིན་ཀུན་བཏགས་བདག་ཏུ་འཛིན༔ འཁོར་བར་འཁོར་བ་ཐམས་ཅད་སེམས་ཅན་ལ༔ འཁོར་བ་འཇིག་རྟེན་ལས་འདས་སངས་རྒྱས་རྣམས༔ རྩ་བ་རང་སེམས་བཟང་ངན་འཛིན་པས་གྲུབ༔ ཐམས་ཅད་ཀུན་གྱི་རྩ་བ་རང་སེམས་ཏེ༔ རང་གཞིར་རང་ཤར་དངོས་མཚན་ཁ་དོག་གྲུབ༔ སྔར་གྱི་མ་སྲིད་ཁོད་སྙོམས་ཐང་དཀྱིལ་ལ༔ བརྩིག་པའི་ར་བ་ཁང་ཁྱིམ་ཐམས་ཅད་ཀྱང་༔ བདེན་གྲུབ་མ་ཡིན་བརྩིགས་པའི་འབྱུང་བ་ཡང་༔ ཐ་མ་འཇིག་ཅིང་རྨི་ལམ་ལྟ་བུའོ༔ དེ་བཞིན་སྣང་སྲིད་སེམས་གཞིར་ཤར་བ་སྟེ༔ ཐམས་ཅད་ཀུན་གྱི་རྩ་བ་རང་སེམས་ཡིན༔ དཔེར་ན་ཆུ་ཆེན་གཅིག་གིས་གར་སོང་ཡང་༔ ཆུ་ཕྲན་ཐམས་ཅད་དེ་ལ་འདྲེས་འགྲོ་བཞིན༔ རྩ་བ་རང་སེམས་གཅིག་པུར་ཐག་ཆོད་ན༔ སྦྲུལ་གྱི་མགོ་བོ་གར་སོང་མཇུག་མ་འགྲོ༔ ནམ་མཁའི་ཉི་ཟླ་གར་སོང་འོད་ཀྱང་འགྲོ༔ དེ་བཞིན་འཇུག་པ་མ་བསྒོམ་ལྷུན་གྲུབ་འཇུག༔ དེ་དང་མི་ལྡན་པ་ཡི་གང་ཟག་གིས༔ རང་གཞན་མ་གྱུར་སེམས་ཅན་ལྷན་གཅིག་ཏུ༔ ལོང་བ་མང་པོ་ལུང་ཁྲིད་བྱེད་པ་ལྟར༔ གཅིག་ལ་གཅིག་འཇུས་སྔ་མའི་རྗེས་འགྲོ་བཞིན༔ ལྷན་གཅིག་སྒྲུབ་པའི་དལ་དུ་འཇུག་པར་མོས༔ མ་གྱུར་འཁོར་བའི་སེམས་ཅན་ཐམས་ཅད་ལ༔ ཕན་སེམས་སྙིང་རྗེའི་སེམས་ལྡན་མ་གཏོགས་པར༔ དགྲ་ལ་མི་སྡང་གཉེན་ལ་མི་བརྩེ་བར༔ ཐམས་ཅད་ཕ་མ་ཡིན་ཏེ་འདི་དག་གི༔ ལས་སྒྲིབ་སྡུག་བསྔལ་བདག་ལ་སྨིན་ནས་ཀྱང་༔ འདི་དག་བྱང་ཆུབ་ཐོབ་ན་ཅི་མ་རུང་༔ ཕ་མ་འདི་དག་སྙིང་རྗེ་བསམ་པ་ནི༔ ཁ་ཞེ་མེད་པར་སྙིང་ནས་ངེས་པར་འབྱུང་༔ བྱམས་པའི་སེམས་ནི་ཉེ་རིང་གང་ལ་ཡང་༔ དཔེར་ན་མི་ཞིག་རྐང་པ་ཆག་གྱུར་ན༔ ཆག་བཅིང་ཡོད་པ་དེ་ཡི་སེམས་ལ་ཡང་༔ ལུས་ཤུགས་རྐང་པར་མི་བཀལ་ཇི་བཞིན་དུ༔ ཁ་ཞེ་མེད་པར་མ་རྒན་སེམས་ཅན་ལ༔ ཕན་པའི་ཐབས་ལ་ཇི་ལྟར་བརྩོན་དགོས་བསམ༔ གཞན་ལ་གནོད་པའི་ལས་ལ་འཛེམས་པ་ནི༔ རྐང་ཆག་རྐང་པར་འཛེམ་བཞིན་རྒྱུན་དུ་བསམ༔ མ་གསར་སྒོ་ང་ལ་ཡང་བྱམས་བཞིན་བྱམས༔ ཉེ་རིང་མེད་པར་བྱམས་དང་སྙིང་རྗེའི་སེམས༔ བསྒོམ་པའི་སྐྱེས་བུ་དམ་པ་དེ་ལ་ཡང་༔ སྣང་སྲིད་ལྷ་སྲིན་ལ་ཡང་གླགས་མི་རྙེད༔ བྱམས་དང་སྙིང་རྗེ་དབྱེར་མེད་བསྒོམ་པ་གང་༔ དམྱལ་བའི་གནས་སུ་འཕང་ཡང་བདེ་བའི་གནས༔ རིགས་ཀུན་དཀྱིལ་འཁོར་ཀུན་གྱི་བདག་དབང་འབྱོར༔ བྱམས་དང་སྙིང་རྗེ་མེད་པའི་བཟླས་བརྗོད་མཁན༔ དུང་ཕྱུར་བཟླས་ཀྱང་ཁོང་ཁྲོའི་རླབས་ཀྱིས་བརླབ༔ གཞན་ཕན་དོན་དུ་དགེ་བ་ཕྲ་མོས་ཀྱང་༔ འབྲས་བུ་ནམ་མཁའི་དཔེ་བཞིན་ཟད་མེད་ཀྱིས༔ བསྐལ་པ་འབུམ་གྱི་ལས་ཉོན་སྡིག་སྒྲིབ་འཇོམས༔ དུག་འཇོམས་མདངས་ལྔར་མདངས་བྱུང་རྨ་བྱ་ལྟར༔ སྡིག་སྒྲིབ་འཇོམས་ཏེ་འཇོམས་མཁན་མདངས་ཡང་བྱུང་༔ སྙིང་རྗེ་ཕན་སེམས་འབྲས་བུ་མི་ཟད་གཏེར༔ རྨ་བྱས་དུག་འཐུང་བཞིན་དུ་ལས་ངན་འཇོམས༔ གང་དུ་སྐྱེས་ཀྱང་བདེ་སྐྱིད་ལྡན་སར་སྐྱེ༔ སྐྱེས་ཀྱང་གཞན་ཕན་འགྲོ་བའི་མགོན་པོ་སྟེ༔ རྒྱལ་བ་ཀུན་གྱི་སྲས་ཀྱི་མཆོག་ཏུ་འགྱུར༔ ང་ཡི་གསང་བའི་ཡང་གསང་སྙིང་གི་ཁྲག༔ དྭངས་མ་དངོས་ཡིན་དམ་ལྡན་ཐུགས་ལ་ཐིམ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་འདི་ལྟར་བྱ༔ བྱ་བ་བྱེད་དང་བྱེད་པར་འགྱུར་བ་དང་༔ འགྲོ་སེམས་ཡིད་སྨོན་ལམ་དུ་འཇུག་ལ་སེམས༔ བསམ་བཞིན་རེ་འདོད་མེད་པའི་ཡུར་ཚུག་གིས༔ གཞན་སྟོར་ཉིད་བདེ་རེ་སེམས་བདེ་ལས་འདས༔ སྲིད་འཁོར་ཉིད་སྐྱལ་གཞན་སྐྱོབ་དཔའ་བོ་ཆེ༔ ཉིད་སྟོར་གཞན་བདེའི་བདེ་བ་ཐོག་ཏུ་ཕེབས༔ རིས་བྲལ་ཀུན་དོན་བསམ་རྒྱ་མཐའ་ཡས་སོ༔ མཆོག་གི་མཆོག་སྟེ་བསྙེན་བཀུར་གནས་ལ་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ བྱང་ཆུབ་སེམས་བསྐྱེད་པའི་ལེའུ་སྟེ་དྲུག་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་བདག་འཛིན་བགེགས་རིགས་བཀར་བ་ནི༔ དེས་ན་བདག་ཏུ་འཛིན་པའི་དོན་ཞེ་ན༔ གང་ལ་གང་མཁོ་ང་ཡི་བདག་ཏུ་འཛིན༔ ཁྱོད་དང་ང་ཞེས་དབྱེ་བ་བདག་ཏུ་འཛིན༔ སྤྱིར་ན་སྣོད་འདི་གཟུང་བ་ཞེས་བྱའོ༔ འདི་ངའི་འདི་གཞན་འཛིན་པ་ཞེས་བྱའོ༔ བཟང་ངན་བར་དང་གཙང་རྩོག་གཉིས་ཀྱི་བར༔ བདེ་འདོད་སྡུག་བསྔལ་མི་འདོད་རེ་དོགས་དང་༔ སྐྱབས་ལ་རེ་བྱ་བགེགས་ཞེས་དོགས་ཡུལ་བཟུང་༔ བག་ཆགས་རྣམ་སྨིན་བདག་འཛིན་ལས་ཀྱི་ནད༔ གཞན་གྱི་བགེགས་སུ་འཛིན་པའི་བགེགས་མངོན་བྱུང་༔ རང་སེམས་ངེས་པར་བཟང་ངན་འབྱུང་གནས་ཡིན༔ དེ་ལྟར་ཤེས་ན་བགེགས་ཀྱི་རྩ་བ་ཆད༔ དེ་ལྟར་མ་ཤེས་བགེགས་ཀུན་ཕ་མར་ཤེས༔ སྙིང་རྗེ་བྱམས་པ་རྒྱ་ཆེས་བགེགས་ལས་གྲོལ༔ དེ་མིན་བགེགས་སུ་བཟུང་བས་བགེགས་སུ་བབས༔ དེས་ན་གཉིས་སུ་འཛིན་པའི་བགེགས་རིགས་ལ༔ མཚན་མའི་རྫས་ལ་ཏིང་འཛིན་ཡིད་ཀྱིས་སྤྲུལ༔ གཟུང་འཛིན་རྟག་པར་མ་གྲུབ་སྟོང་པའི་བརྡར༔ རྒྱུ་ལས་གང་བྱུང་བ་ཡང་བདེན་གྲུབ་མེད༔ དེ་ཕྱིར་བྷྲཱུྃཿནི་རིན་ཆེན་ཐམས་ཅད་ཀྱི༔ འབྱུང་གནས་རྒྱུ་ཡིན་ཕྱིར་ན་བྷྲུྃཿཡིག་གཅིག༔ ཡོངས་སུ་གྱུར་ཏེ་རིན་ཆེན་སྣོད་ཡངས་པ༔ སྟོང་ཞིང་དངོས་མཚན་མ་གྲུབ་སྣང་སྲིད་ཁྱབ༔ མཐའ་བྲལ་ནམ་མཁའ་ལྟ་བུར་ཡངས་པའི་ནང་༔ ཨོཾ་ལས་གླུད་གཏོར་རྒྱ་ཆེ་དཔངས་མཐོ་བ༔ སྟོང་པའི་ཁམས་ནི་མ་ལུས་གང་བར་བསམ༔ དེ་ཡང་མིག་གི་ཡུལ་དུ་མཛེས་ཤིང་གསལ༔ རྣ་བའི་ཡུལ་དུ་སྙན་ཅིང་སྤྲོ་བའི་སྒྲ༔ སྣ་ཡི་ཡུལ་དུ་ཞིམ་ཞིང་འཐུལ་བའི་དྲི༔ ལྕེ་ཡི་ཡུལ་དུ་མངར་ཞིང་བཅུད་ལྡན་རོ༔ ལུས་ཀྱི་ཡུལ་དུ་བདེ་འཇམ་མཛེས་པའི་རེག༔ དེ་བཞིན་བློ་འཕྲུལ་ལྡན་པས་སོ་སོར་དམིགས༔ བློ་གཏུམ་བློ་འཕྲུལ་ཆུང་བ་དག་གིས་ཀྱང་༔ སྣང་སྲིད་ལྷ་འདྲེ་མ་ལུས་ཐམས་ཅད་ལ༔ གང་ལ་གང་མཁོ་བ་ཡི་ལོངས་སྤྱོད་དང་༔ འདོད་ཡོན་ལྔ་དང་ལྡན་པའི་ལོངས་སྤྱོད་ནི༔ སྣང་སྲིད་ལྷ་འདྲེ་མ་ལུས་ཐམས་ཅད་ལ༔ མ་ཐོབ་མེད་པར་ཀུན་ལ་མཉམ་པར་ཐོབ༔ མ་ཚིམས་མེད་པར་ཐམས་ཅད་ཚིམས་བསམ་ཞིང་༔ རེ་རེ་ལ་ཡང་རང་མཐུན་འདོད་ཡོན་ནི༔ ཆེ་བ་རི་ཡི་རྒྱལ་པོ་རི་རབ་ལ༔ གྲངས་ནི་ས་ཡི་རྡུལ་ཙམ་ཐོབ་པར་བསམ༔ སོ་སོའི་སྡུག་བསྔལ་མ་ལུས་ཀུན་བྲལ་ནས༔ སྤྱན་རས་གཟིགས་བཞིན་འགྲོ་དོན་བྱེད་པར་ནུས༔ གཞན་ལ་གནོད་པའི་ནུས་སྟོབས་མེད་པར་བསམ༔ བདེ་སྐྱིད་རྨིག་འཛིན་དག་དང་མཉམ་པར་བསམ༔ གང་ལ་གང་མཁོ་ཞེས་བྱ་གང་ཞེ་ན༔ དཀར་ཕྱོགས་སྐྱོང་བ་དག་གི་མཐུན་རྫས་ནི༔ དཀར་གསུམ་མངར་གསུམ་འདོད་ཡོན་ལྔ་ལ་དགའ༔ ནག་ཕྱོགས་སྐྱོང་རྣམས་ཤ་ཁྲག་དམར་ལ་དགའ༔ དཀར་ནག་གཉིས་སྐྱོང་དཀར་དམར་འདྲེས་མར་དགའ༔ ལ་ལ་ནད་ཐེབ་སྨན་ལ་དགའ་བ་དང་༔ ལ་ལ་ཉམ་ཐག་འདོད་ཡོན་ལྔ་ལ་དགའ༔ དེ་ཕྱིར་གང་ལ་གང་མཐུན་ལོངས་སྤྱོད་དམིགས༔ དཀར་ཕྱོགས་སྐྱོང་བས་དམར་མཆོད་མི་ལེན་ཅིང༔ ནག་ཕྱོགས་སྐྱོང་བས་དཀར་མཆོད་ལེན་མི་སྲིད༔ དེ་ཕྱིར་དཀར་གཏོར་དམར་གཏོར་སོ་སོར་དབྱེ༔ ལྷ་འདྲེ་སོ་སོའི་སྡུག་བསྔལ་ཞེ་དམིགས་ནི༔ ལྷ་འདྲེ་གང་དག་ཇི་སྙེད་འཁྲུལ་པས་བསླུས༔ ལ་ལ་འདུག་པའི་དབང་ནི་སྐད་ཅིག་མེད༔ ཉིན་མཚན་མེད་པར་སྤུ་ཤད་རླུང་ཁྱེར་བཞིན༔ འཁྱམས་ཤིང་རང་དབང་མེད་པར་གཞན་ལ་གནོད༔ གང་མཐོང་གཤེད་དུ་འཛིན་པས་བྲེད་ཅིང་དངངས༔ འགྲོ་ཚོད་མི་འདུག་རྐང་ལག་ལུས་ཀུན་གཟེར༔ འདུག་པར་འདོད་ཀྱང་རང་དབང་རང་ལ་མེད༔ ལ་ལས་གཞན་གྱི་འགྲོ་ལ་གནོད་བྱས་ཏེ༔ བན་བཙུན་སྔགས་པས་མཐུ་གཏད་མནན་པས་གཟིར༔ ལ་ལ་འགྲོ་བར་འདོད་ཀྱང་རྐང་ལག་མེད༔ ལ་ལ་ཞ་ལོང་འོན་ལྐུག་ཁས་ཉན་སྡུག༔ ལ་ལ་ལས་འབྲས་སྨིན་ནས་ལུས་ནད་ཀྱིས༔ བཏབ་སྟེ་མེ་འོབ་ལྷུང་འདྲའི་སྡུག་བསྔལ་མྱོང༔ ལྷ་འདྲེ་གང་ལ་བདེ་བ་སྤུ་ཙམ་མེད༔ ཐམས་ཅད་སྡུག་བསྔལ་འཁོར་ལོའི་དབལ་སོར་ཚུད༔ དེ་ཕྱིར་སོ་སོའི་སྡུག་བསྔལ་བྲལ་བར་བསམ༔ འགྲོ་བ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི༔ ལན་ཆགས་བུ་ལོན་སོད་པའི་ཆེད་དུ་དམིགས༔ ལྷ་འདྲེ་ལ་ཡང་སྙིང་རྗེ་དྲག་པོ་བསྒོམ༔ རང་སེམས་འདི་ལས་ལྷ་འདྲེ་མེད་ཐག་བཅད༔ ཡང་ན་འདྲེ་བགེགས་ཕ་མ་ཤ་སྟག་ཏུ༔ ཤེས་ཏེ་ཐར་པ་ཐོབ་པར་སྙིང་ནས་འདོད༔ ལར་ནི་འདྲེ་ཀུན་རང་སེམས་འཁྲུལ་པའི་འདྲེ༔ རྣམ་ཤེས་དངོས་མེད་བར་སྣང་ཁམས་འདྲ་ལ༔ བཙོ་བསྲེགས་བརྡུང་བཙོག་གསོད་གཅོད་བྱེད་པར་སྣང་༔ ཐམས་ཅད་འཁྲུལ་སྣང་ཡིན་པར་བློ་ཐག་ཆོད༔ རང་སེམས་འཁྲུལ་པའི་འདྲེ་འདི་རང་ལ་གནོད༔ ཞེ་སྡང་རང་རྒྱུད་ཐལ་བར་བརླག་པའི་འདྲེ༔ རང་འདྲེ་རང་སྡང་དམྱལ་བ་ཚ་གྲང་འཆར༔ ཚེ་འདི་ལ་ཡང་སྡུག་བསྔལ་མི་འདོད་རྐྱེན༔ འདྲེ་གཅོད་མཁན་པོས་ཤར་ཙམ་དབྱིངས་སུ་གྲོལ༔ མ་གྲོལ་གཞན་ལ་སྡང་ན་གཞན་རྒྱུད་བསྲེགས༔ ང་རྒྱལ་ང་འོ་རང་བརྒྱུད་རང་ཕུང་འདྲེ༔ རང་འདྲེ་རང་སྡང་ལྷར་འགྱུར་ཕམ་ལྟུང་འཆར༔ ཚེ་འདི་ལ་ཡང་ཕམ་ལྟུང་སྡུག་བསྔལ་མང་༔ འདྲེ་གཅོད་མཁན་པོས་ཤར་ཙམ་དབྱིངས་སུ་གྲོལ༔ མ་གྲོལ་གཞན་ལ་སྡང་ན་གཞན་རྒྱུད་བསླང་༔ འདོད་ཆགས་ཞེན་པ་རང་ཕུང་བསེ་རག་འདྲེ༔ རང་འདྲེ་རང་སྡང་ཡི་དྭགས་བཀྲེས་སྐོམ་འཆར༔ ཚེ་འདི་ལ་ཡང་དབུལ་ཕོངས་ཉེས་པ་མང་༔ འདྲེ་གཅོད་མཁན་གྱིས་ཤར་ཙམ་ཞེན་མེད་གྲོལ༔ གཞན་ལ་སྡང་ན་གཞན་རྒྱུད་བསླང་རྐྱེན་འགྱུར༔ ཕྲག་དོག་དགེ་འབྲས་འཇོམས་ཏེ་རྒྱུད་དཀྲུགས་འདྲེ༔ རང་འདྲེ་རང་སྡང་འཐབ་རྩོད་ལྷ་མིན་འཆར༔ ཚེ་འདི་ལ་ཡང་དགྲ་རྐུན་འཚེ་བ་མང་༔ འདྲེ་གཅོད་མཁན་པོས་ཤར་ཙམ་རང་སར་གྲོལ༔ གཏི་མུག་མ་རིག་འཁོར་བར་བསྐྱུར་བའི་འདྲེ༔ རང་འདྲེ་རང་སྡང་དུད་འགྲོ་གླེན་ལྐུག་འཆར༔ ཚེ་འདི་ལ་ཡང་གློ་བུར་རྐྱེན་ངན་མང་༔ འདྲེ་གཅོད་མཁན་པོས་ཤར་ཙམ་གྲོལ་བར་རིག༔ རྣམ་གཡེང་ལེ་ལོ་འཁོར་བར་འཁྱམས་པའི་འདྲེ༔ རང་འདྲེ་རང་སྡང་འཁོར་བར་ཡང་ཡང་འཁྱམས༔ ཚེ་འདི་ལ་ཡང་དགེ་བ་བྱེད་དབང་མེད༔ འདྲེ་གཅོད་མཁན་གྱི་རང་ཤར་རང་གྲོལ་མཉམ༔ གཞན་ལ་སྡང་ན་ཆོས་བྱེད་རྣམ་ཤེས་བྲིད༔ ངར་འཛིན་བགེགས་བྱེད་ཡིན་ཏེ་བགེགས་འབོད་འདྲེ༔ རང་འདྲེ་རང་སྡང་རྨི་ལམ་རྟེན་འབྲེལ་འཁྲུགས༔ རང་འདྲེ་རང་སྡང་ན་ཚ་གློ་བུར་བྱེད༔ ཕྱི་མ་ལ་ཡང་ལས་མཁན་གཤིན་རྗེ་འཆར༔ འདྲེ་གཅོད་མཁན་པོས་འདྲེ་ཤར་ལྷ་རུ་གྲོལ༔ གཞན་ལ་སྡང་ན་དེར་གནོད་བར་ཆད་རྐྱེན༔ ཡར་གྱི་སངས་རྒྱས་ཞེས་འཛིན་རང་གི་སེམས༔ མར་གྱི་ངན་སོང་ཞེས་འཛིན་རང་གི་སེམས༔ ང་ཁྱོད་ཕྱེ་མཁན་འདྲེ་ཡིན་གཉིས་མེད་གཅོད༔ གཟུགས་ལ་མཛེས་དང་མི་མཛེས་སེམས་ཀྱི་འཕྲུལ༔ བཟང་ངན་ཕྱེ་མཁན་འདྲེ་ཡིན་རྩད་གཅོད་བྱ༔ སྒྲ་གྲགས་སྟོང་པའི་བྲག་ཆ་སྙན་མི་སྙན༔ དགའ་སྡུག་ཉེར་ལེན་སེམས་ཀྱི་འཕྲུལ་ཡིན་པས༔ དེ་ཡང་ཕན་གནོད་འདྲེ་ཡིན་རྩ་བ་གཅོད༔ དྲི་ནི་དངོས་མེད་བཟང་ངན་འཛིན་པ་འདྲེ༔ འདྲེ་དེ་བཟང་ངན་མེད་པའི་མཚམས་ནས་ཆོད༔ རོ་ནི་ཡེ་ནས་བདེན་པར་མ་གྲུབ་པའི༔ མངར་སྐྱུར་ལ་སོགས་བཟང་ངན་སེམས་ཀྱི་འཕྲུལ༔ བཟང་ངན་འཛིན་པ་འདྲེ་ཡིན་རྩད་གཅོད་བྱ༔ རེག་བྱའི་འཇམ་རྩུབ་ངོ་བོ་སྟོང་པ་སྟེ༔ བཟང་ངན་འཛིན་པ་འདྲེ་ཡིན་རྩད་གཅོད་བྱ༔ མདོར་ན་རྣམ་རྟོག་ཐམས་ཅད་བགེགས་ཡིན་ཕྱིར༔ བགེགས་ཀྱི་རྩ་བ་རང་སེམས་ཡིན་པའི་ཕྱིར༔ རང་སེམས་འགྱུ་བའི་ཆོ་འཕྲུལ་བགེགས་སུ་བབས༔ དྲན་པ་གང་ཤར་མཚམས་སུ་སྙིང་རྗེའི་སེམས༔ བསྒོམ་ཞིང་ཕཊ་ཀྱིས་མཚམས་གཅོད་དྲག་པོ་བྱ༔ ཕྱི་ཡི་ཡུལ་ལ་ཞེན་པའི་ཡུལ་གདོན་ལ༔ ནང་གི་རྣམ་པར་རྟོག་པའི་རྒྱུ་རྐྱེན་གྱིས༔ ལྷ་འདྲེའི་ཡུལ་ནས་འབོད་པའི་ཕོ་ཉ་བཏང་༔ འདྲེར་འཛིན་རྣམ་པར་རྟོག་པའི་རྒྱུ་རྐྱེན་གྱིས༔ ཡེ་ཤེས་ལྷ་ཡང་བདུད་དུ་བབ་ཉེན་སྲིད༔ ཚར་གཅོད་མཁན་གྱིས་འདི་ལྟར་འདྲེའི་མཚམས་གཅོད༔ རང་སེམས་ཕྱི་ཡི་དབྱིངས་སུ་བསྲེ་འཕོ་བྱ༔ ཁྱབ་བརྡལ་དོན་གྱི་ལྟ་བ་རྟག་ཏུ་སྐྱོངས༔ འགྱུ་བའི་ཆོ་འཕྲུལ་རང་ལ་བགེགས་བབ་འདི༔ རང་འཁྲུལ་རང་ལ་བབས་པ་ངེས་པར་བསམ༔ བདག་འཛིན་རྩ་བ་གཅོད་ཕྱིར་ལུས་སྦྱིན་བྱ༔ ཕྱི་ཡི་བགེགས་འཛིན་ནང་གི་རང་སེམས་བསྲེ༔ དབྱེར་མེད་ཆོས་དབྱིངས་ཀློང་དུ་མཉམ་པར་བསྲེ༔ རྣམ་རྟོག་གང་ཤར་དུས་སུ་ཕཊ་སྒྲ་ནི༔ དྲག་པོས་ཧ་ཅང་རང་སེམས་ཤར་འཕྲོ་བཅད༔ དབྱིངས་དང་རིག་པ་དབྱེར་མེད་ཤིག་གེར་བལྟ༔ བལྟ་བྱ་ལྟ་བྱེད་མེད་པར་ལྷོད་དེ་ཞོག༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཡེ་ཤེས་ལྷ༔ ནད་དང་འཕྲལ་རྐྱེན་ཐམས་ཅད་དངོས་གྲུབ་ཤེས༔ ཤེས་པ་གཉིས་ཀྱིས་རྐྱེན་ངན་གྲོགས་སུ་འགྱུར༔ རང་སེམས་རྣམ་རྟོག་འདྲེར་ཤེས་རྣམ་རྟོག་གཅོད༔ ནད་རྣམས་ཐམས་ཅད་བདག་ཏུ་འཛིན་པས་བྱས༔ ཤེས་པ་གཉིས་ཀྱིས་སྡུག་བསྔལ་བདེ་བར་འགྱུར༔ འདྲེ་བགེགས་ཐམས་ཅད་ཕ་དང་མ་རུ་ཤེས༔ ནད་དང་སྡུག་བསྔལ་ཐམས་ཅད་བདེ་བར་བསྒོམ༔ ཤེས་པ་གཉིས་ཀྱིས་བགེགས་གདོན་བྲན་དུ་འགྱུར༔ དེ་ལ་ཕྱི་ནང་བར་ཆད་གང་ཡང་མེད༔ དེ་མིན་གནོད་པའི་འདྲེ་གདོན་སོ་སོར་བཟུང་༔ ནད་ལ་བཟོད་མེད་ལུས་ལ་གཅེས་འཛིན་བྱས༔ ཤེས་པ་གཉིས་ཀྱིས་བདེ་བ་དུག་ཏུ་འབབ༔ བགེགས་ལ་བགེགས་འཛིན་ང་རྒྱལ་ལྷ་བསྒོམ་ཞིང་༔ བགེགས་བྱུང་ང་ཟ་བསམ་པའི་དོགས་པ་སྐྱེས༔ ཤེས་པ་གཉིས་ཀྱིས་ལྷ་ཡང་བདུད་དུ་འབབ༔ རང་ཉིད་མ་གཏོགས་ཐམས་ཅད་དགྲ་རུ་བཟུང་༔ རང་གི་ཁང་ཁྱིམ་ནོར་རྫས་མ་གཏོགས་པའི༔ ནོར་རྫས་ཡོ་བྱད་ཐམས་ཅད་གདོན་བཟུང་བྱེད༔ དངངས་སྐྲག་འཇིགས་པའི་ཡ་ང་རྣམ་རྟོག་བསྐྱེད༔ འདྲེ་གདོན་ཨེ་འོང་དོགས་པའི་བསྲུང་གུར་ལྷ༔ གཉིས་འཛིན་ངང་བསྒོམ་ཤེས་པ་ངན་པ་བཞིས༔ འདྲེ་མེད་འདྲེ་བསླང་བདེ་བ་ཡུད་ཙམ་མེད༔ མེ་ལོང་གད་མོ་ཧ་བགད་གཡེང་བ་ཡིས༔ འདྲེ་གདོན་དགྲ་རུ་ལང་ཞིང་གནོད་འཚེ་སྦྱོར༔ རྟ་རྒྱུག་མདའ་འཕེན་རྩེད་མོ་སོར་རྡེའུ་ཀུན༔ འདྲེ་གདོན་གློ་བུར་བསློང་བའི་ཕོ་ཉ་ཡིན༔ འདྲེ་བགེགས་ཕུག་ཏུ་སྦས་ནས་བགེགས་བསྐྲད་ནི༔ གཉིས་འཛིན་དབང་གིས་བསམ་ངན་ཕཊ་སྒྲ་ཡིན༔ འདྲེ་གདོན་མ་མཐོང་འདྲེ་ལོག་ཚོལ་བ་འདི༔ རྐུན་མ་ཕུགས་སུ་སྦས་ནས་བྱ་ར་འདྲ༔ དེས་ན་དངོས་འཛིན་ཟས་ལ་ཡིད་ཀྱིས་སྤེལ༔ བདག་འཛིན་རཱུ་ཏྲ་བདག་མེད་དབྱིངས་སུ་བསྐྲད༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ངང་ཉིད་ལས༔ ཆོ་འཕྲུལ་བསྒྱུར་བའི་གར་མཁན་ཡེ་ཤེས་ལྷ༔ ཆེ་ཆུང་ཚད་ནི་སྟོང་ཉིད་མཐའ་རུ་བརྡལ༔ དབུ་སྐྲ་སྲིད་པའི་རྩེ་འཁྱིལ་ཁྲག་འཐུང་ལྔ༔ ཡེ་ནས་འབྲལ་བ་མེད་པར་ལྷན་སྐྱེས་བརྡར༔ ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན༔ སྐུ་སྟོད་སྟེང་ཕྱོགས་ཆོས་དབྱིངས་ཀློང་དུ་བརྡལ༔ སྐུ་སྨད་འཁོར་བའི་གནས་རྣམས་མ་ལུས་ཁྱབ༔ མ་རིག་ལོག་རྟོག་ཞབས་ཀྱི་མཐིལ་གྱིས་གནོད༔ དབྱིངས་དང་རིག་པ་དབྱེར་མེད་ཡུམ་དང་སྦྱོར༔ ལོག་པར་ལྟ་བ་ཚར་གཅོད་ཕྱག་མཚན་བསྣམས༔ མ་རིག་མུན་རྟོག་གཞོམ་པའི་མེ་དཔུང་འབར༔ མ་ཆགས་སྐྱོན་དང་བྲལ་བའི་པདྨའི་གདན༔ ཐབས་དང་ཤེས་རབ་གཉིས་མེད་ཉི་ཟླའི་གདན༔ རྩལ་སྣང་རང་གྲོལ་རྒྱལ་བའི་དཀྱིལ་འཁོར་རྣམས༔ སྐུ་ཡི་གནས་ལ་ལྷུན་གྱིས་གྲུབ་པ་ནི༔ དཔེར་ན་ཉི་མ་ལ་ནི་འོད་ཟེར་བཞིན༔ མ་བྱས་རང་བཞིན་ལྷུན་གྲུབ་ཆེན་པོར་བསྒོམ༔ ཡེ་ཤེས་འོད་དང་མེ་དཔུང་མཚོན་ཆ་ཡི༔ ཚྭ་ཚྭ་དམར་པོ་སྐར་ལྟར་འཁྲུགས་པ་ཡིས༔ བདག་འཛིན་བདུད་བགེགས་རཱུ་ཏྲ་མ་ལུས་པ༔ སྣུམ་གྱི་རྡུལ་ལ་གཞོམ་བཞིན་ཚར་བཅད་བསམ༔ ཡང་ན་ལྕགས་སྡིག་མེ་དཔུང་མཚོན་ཆ་དང་༔ སྤུ་གྲི་རླུང་དང་ཁྲོ་ཆུང་རླུང་ལྟར་འཚུབས༔ བགེགས་དང་ལོག་འདྲེན་བདུད་དང་དམ་སྲི་རྣམས༔ ཐལ་བ་རླུང་གིས་གཏོར་བཞིན་རྡུལ་དུ་བརླག༔ སླར་ཡང་རྗེས་མེད་སྟོང་པའི་མཁའ་ལ་ཡལ༔ ཡེ་ཤེས་མ་གཏོགས་ཉོན་མོངས་བག་ཆགས་དང་༔ རྣམ་རྟོག་འཁྲུལ་པའི་མཚན་མ་མ་ལུས་པ༔ རྣམ་གྲོལ་ཀ་དག་དབྱིངས་སུ་འཇའ་ལྟར་ཡལ༔ དེ་བཞིན་བགེགས་བྱུང་བགེགས་གྲོལ་མདོར་ན་ནི༔ ང་ཁྱོད་བདག་ཅེས་དགེ་འདོར་ཉེས་དོགས་སེམས༔ ཕྱི་ནང་མཐོ་དམན་བརྒྱད་ཁྲི་བཞི་སྟོང་བགེགས༔ བྱུང་བ་རང་གྲོལ་རང་གཅོད་སྒྱུ་འཕྲུལ་མཚོན༔ ངོ་བོར་སྐབས་བསྡུ་རང་རྩལ་རང་ཐིམ་སངས༔ འདུས་དང་མ་བྱས་བཟའ་བཏུང་མཚོ་ལ་གྱིས༔ ངང་བྱུང་ངང་གྲོལ་འཚེ་སྦྱོར་རྩ་བ་ཆད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ བགེགས་བྱུང་བགེགས་སེལ་ལེའུ་སྟེ་བདུན་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་དག་པ་གསུམ་གྱི་འཁོར་ལོ་ནི༔ རང་ཉིད་གང་རུང་བགེགས་འདུལ་ཧེ་རུ་ཀའི༔ ཐུགས་ལས་འོད་འཕྲོས་སྣང་ཞིང་སྲིད་པའི་ཁམས༔ ཡེ་ཤེས་འོད་དང་འཇའ་འོད་སྣ་ལྔ་ཡིས༔ ཕྱོགས་མཚམས་མེད་པར་འཐིབས་ཀྱིས་གང་བ་ལ༔ འོད་མཐིང་ཁ་དོག་ཆོས་དབྱིངས་ཡེ་ཤེས་ཀློང་༔ མ་རིག་གཏི་མུག་ལས་བྱུང་བདུད་དང་བགེགས༔ རྒྱུ་བའི་གནས་མེད་གལ་ཏེ་རྒྱུ་བ་ན༔ ཆོས་དབྱིངས་གཡོ་མེད་ཀློང་དུ་གྲོལ་བྱེད་བསྒོམ༔ འོད་དཀར་དུང་མདོག་མེ་ལོང་ཡེ་ཤེས་ཀློང་༔ ཞེ་སྡང་ཁྲོ་བ་ལས་བྱུང་བདུད་དང་བགེགས༔ རྒྱུ་ཞིང་འདའ་བའི་གནས་སྐབས་མེད་པར་བསམ༔ གལ་ཏེ་རྒྱུ་བར་གྱུར་པ་གང་སུ་དག༔ མེ་ལོང་ཡེ་ཤེས་ཀློང་དུ་སད་བྱེད་བསྒོམ༔ འོད་ཟེར་གསེར་མདོག་མཉམ་ཉིད་ཡེ་ཤེས་ཀློང་༔ ང་རྒྱལ་ངར་འཛིན་འཁྲུལ་པའི་བདུད་དང་བགེགས༔ རྒྱུ་ཞིང་འདའ་བའི་གནས་མལ་མེད་པར་བསམ༔ གལ་ཏེ་རྒྱུ་བར་གྱུར་པ་གང་སུ་དག༔ མཉམ་ཉིད་མཐའ་བྲལ་ཀློང་དུ་སད་བྱེད་བསྒོམ༔ འོད་དམར་རཱ་གའི་མདོག་འདྲ་སོར་རྟོག་ཀློང་༔ འདོད་ཆགས་འདོད་ཞེན་འཁྲུལ་པའི་གདོན་དང་བགེགས༔ རྒྱུ་ཞིང་འདའ་བའི་གནས་མལ་མེད་པར་བསམ༔ གལ་ཏེ་རྒྱུ་བར་གྱུར་པ་གང་སུ་དག༔ སོ་སོར་རྟོག་པའི་ཡེ་ཤེས་ཀློང་སད་བསྒོམ༔ འོད་ལྗང་གཡུ་མདོག་བྱ་གྲུབ་ཡེ་ཤེས་ཀློང་༔ ཕྲག་དོག་འགྲན་སེམས་ལས་བྱུང་བདུད་དང་བགེགས༔ རྒྱུ་བའི་གནས་མེད་རྒྱུ་བ་གང་སུ་དག༔ བྱ་གྲུབ་ཡེ་ཤེས་ཀློང་དུ་སད་བྱེད་བསྒོམ༔ འོད་ལྔ་ཕྱི་ལ་ཤར་བའི་ཕྱིའི་བསྲུང་གུར༔ ནང་དུ་ར་བ་ཁང་ཁྱིམ་ཐམས་ཅད་ནི༔ ཡེ་ཤེས་འོད་ལྔ་ལས་གྲུབ་གཞལ་ཡས་ཁང་༔ ཕྱི་ནང་མེད་པར་ཟང་ཐལ་གསལ་བའི་ཀློང་༔ གདོན་བགེགས་གང་ཡང་འདའ་བའི་གནས་མེད་པ༔ བརྒྱུད་དྲུག་བླ་མའི་བྱིན་རླབས་སྤྲིན་ལྟར་འཁྲིགས༔ ཡི་དམ་རྒྱ་མཚོའི་དངོས་གྲུབ་ཆར་ལྟར་འབེབས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་རླུང་ལྟར་འཚུབས༔ གདོན་བགེགས་གང་ཡང་འདའ་བའི་གནས་མེད་བསམ༔ ཀ་དག་མཐའ་བྲལ་གཞལ་ཡས་ཁང་ཆེན་པོ༔ རྩལ་སྣང་སྒྱུ་འཕྲུལ་དྲྭ་བའི་ལྷ་རྣམས་ཤར༔ རང་མདངས་ཡེ་ཤེས་འོད་ཟེར་དྲྭ་བ་འཁྲིགས༔ དེ་གསུམ་ཞི་བའི་དལ་ཀུན་སྔོན་དུ་འགྲོ༔ དེ་ནས་དྲག་པོའི་དཀྱིལ་འཁོར་ཡོངས་ལ་ཡང་༔ རང་ཉིད་ཡི་དམ་ལྷ་ཡི་གནས་རྣམས་ནས༔ རྡོ་རྗེ་འཁོར་ལོ་ཁ་ཊྭཱྃ་རལ་གྲི་དང་༔ རྒྱ་གྲམ་མེ་དཔུང་སྤུ་གྲི་རླུང་དམར་དང་༔ ཁྲོ་ཆུང་ལྕགས་སྡིག་རྡོ་རྗེ་ཕུར་པ་དང་༔ ཐུན་གྱི་ཚོགས་རྣམས་ན་བུན་རླུང་ལྟར་འཚུབས༔ བདུད་བགེགས་གང་ཡང་རྒྱུ་བར་མི་ནུས་ཤིང་༔ རྒྱུ་ན་ཐལ་བའི་རྡུལ་བཞིན་བརླག་པར་བསམ༔ ནང་ལྟར་གནས་དང་ར་བ་ཁང་ཁྱིམ་རྣམས༔ འཁོར་འདས་གང་གིས་བལྟས་ན་མངོན་པ་ལ༔ རང་བཞིན་མ་གྲུབ་འཇའ་ཚོན་ལྟ་བུའི་ངང་༔ གནམ་ལྕགས་སྡིག་པ་ནག་པོ་མེ་འབར་བ༔ སྡིག་ནག་ཚྭ་ཚྭ་སྐར་ལྟར་འཁྲིགས་པར་གསལ༔ མཐོང་ངམ་ཐོས་སམ་དྲན་པ་ཙམ་གྱིས་ཀྱང་༔ བདུད་བགེགས་ལོག་པར་འདྲེན་པ་གང་སུ་དག༔ ཐལ་བ་རླུང་གིས་གཏོར་བཞིན་བརླག་བྱེད་དམིགས༔ དེ་ཡི་ལྟོ་བ་ཤིན་ཏུ་ཡངས་པའི་ནང་༔ སྟེང་ཡང་རྡོ་རྗེ་འཁོར་ལོའི་གུར་ཁང་ལ༔ འོག་ཀྱང་རྡོ་རྗེ་འཁོར་ལོའི་ས་གཞིར་གསལ༔ དེ་ཡི་ཕྱི་རོལ་ཨཱ་ལི་དཀར་པོ་ནི༔ གཡས་སུ་འཁོར་ཞིང་དལ་མེད་གུར་ཁང་གསལ༔ དེ་ཡི་ཕྱི་རོལ་ཀཱ་ལི་དམར་པོ་ནི༔ བར་མེད་གཡོན་དུ་དལ་མེད་འཁོར་བའི་གུར༔ དེ་ཡི་ཕྱི་རོལ་སྤུ་གྲི་རླུང་གི་གུར༔ དེ་ཡི་ཕྱི་རོལ་འཇའ་འོད་མཚོན་ཆའི་གུར༔ དེ་ཡི་བར་མཚམས་ཡིག་འབྲུ་ཁྲོ་ཆུང་དང་༔ ལྕགས་སྡིག་ནག་པོ་སྐར་ལྟར་འཁྲུགས་པའི་གུར༔ དེ་ཡི་ཕྱི་རོལ་ཡེ་ཤེས་མེ་དཔུང་ནི༔ ཤར་དུ་དཀར་འབར་ལྷོ་རུ་སེར་པོ་འབར༔ ནུབ་ཏུ་དམར་འབར་བྱང་དུ་ནག་པོ་འབར༔ སྟེང་དུ་མཐིང་ནག་ནམ་མཁའི་མདོག་ལྟར་འབར༔ དེ་ཡི་ཕྱི་རིམ་ནང་ལྟར་གཞལ་ཡས་ཁང་༔ ཕྱི་ལྟར་འཁོར་ལོ་རྩིབས་སྟོང་ཁ་སྦྱོར་བ༔ སྟེང་མ་གཡས་འཁོར་འོག་མ་གཡོན་དུ་འཁོར༔ སོ་འཐབ་དབལ་སོ་བདུད་བགེགས་སྙིང་ལ་གཟིར༔ འཁོར་བ་ཙམ་གྱིས་ཐལ་བ་རླུང་གཏོར་ལྟར༔ དམར་ཉིལ་གཏུབ་ཅིང་སྤུ་གྲི་རླུང་གིས་གཏོར༔ སུ་ཡང་རྒྱུ་བའི་གནམས་སྐབས་མེད་པར་བསམ༔ མཐར་ནི་དུར་ཁྲོད་བརྒྱད་ཀྱིས་འཁོར་བར་བསམ༔ དེ་ལྟར་བསྲུང་གུར་གང་ཞིག་བསྒོམ་པ་ན༔ རང་བཞིན་རེ་དོགས་བྲལ་བའི་ངང་ནས་བསྒོམ༔ བསྒོམ་པས་བར་ཆད་ཐམས་ཅད་སེལ་བར་ངེས༔ ཕྱི་རུ་གཟུགས་སྣང་ཐམས་ཅད་ཁྲོ་བོར་གསལ༔ སྒྲ་གྲགས་ཐམས་ཅད་སོད་རྒྱོབ་ཧཱུྃ་ཕཊ་སྒྲ༔ དྲི་ནི་གང་བསྣམས་བདུད་བགེགས་བརླག་བྱེད་དྲི༔ རོ་མྱོང་ཐམས་ཅད་དམ་ཚིག་རྡོ་རྗེའི་ཆུ༔ རེག་བྱ་ཐམས་ཅད་ཚ་བ་མེ་ཡི་རིགས༔ འདའ་བ་གང་དག་རྡུལ་དུ་བརླག་བྱེད་བསྒོམ༔ མདོར་ན་བསྲུང་བའི་གུར་ཁང་འདི་ལྟར་བསྒོམ༔ ལྔ་ཉིད་ལྔར་བྱུང་ལྔར་མདངས་ལྔ་མཚོན་དང་༔ སྒྱུ་གཅིག་འཕྲུལ་མང་ཀློང་ཤར་གཞོམ་གཞིག་འདས༔ འཁྲུལ་རྟོག་དབྱིངས་སད་སྲ་མཁྲེགས་རྡོ་རྗེའི་ཀློང་༔ ངོ་བོ་ཡུལ་བྱས་སྒྱུ་མའི་ལྷ་མཚོན་ཤར༔ བགེགས་བྱུང་བགེགས་ཡུལ་བགེགས་གནས་རྩད་ནས་བཤིག༔ ས་ཡུལ་གནས་མིང་མཚན་འཛིན་རྨི་སྣང་ཙམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ དག་གསུམ་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ༔ དེ་ཡང་སྔོན་འགྲོ་རྣམ་བཞི་འདི༔ དང་པོ་སྐྱབས་སུ་འགྲོ་བའི་དོན༔ བསྒོམ་པ་ཆོས་ཀྱི་རྨང་ལྟ་བུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནི༔ མ་ནོར་དོན་བསྒོམ་དགེ་བ་གང་༔ མི་དམིགས་ནམ་མཁའ་ལྟ་བུར་བརྟན༔ སྦྱིན་པའི་ཡུལ་ལ་གླུད་གཏོར་བསྔོ༔ སྦྱིན་པས་ཆོས་གེགས་བར་ཆད་སེལ༔ ཕྱི་ནང་བསྲུང་བའི་འཁོར་ལོ་ནི༔ མ་ནོར་བསྒོམ་པས་སྒབ་འདྲེ་སེལ༔ ({{TibChung|བརྡ་ཡིག་}}) དེ་ནས་བརྡ་སྒོ་དབྱེ་བ་ལ༔ ཕྱི་ཡི་འཇུག་སྒོ་མ་ཡིན་པ༔ ཆོས་དབྱིངས་ཡེ་ཤེས་འཆར་སྒོ་ཡིན༔ ཡེ་ནས་རང་གི་སྣང་བ་འདིར༔ ལྷ་དང་ཞིང་ཁམས་མ་ལུས་པ༔ གཞན་ནས་མ་བརྩལ་རང་བྱུང་གྲུབ༔ མ་ཤེས་མ་མཐོང་སྒྲིབ་པས་བཅིང་༔ སྒྲིབ་པ་གང་ཡིན་གང་ཞེ་ན༔ འཁོར་ཚེ་སྐྱེ་བ་ཐོག་མེད་ནས༔ ད་ལྟའི་བར་དུ་འཁྲུལ་པས་བསླུས༔ འཁོར་བ་ཉིད་ལ་གོམས་འབྲས་ཀྱིས༔ ལུས་དང་ཀུན་བཏགས་མངོན་དུ་གྲུབ༔ བདེན་མེད་བདེན་པར་བཟུང་བ་དང་༔ ང་ཡང་མངོན་པར་སེམས་ཀྱིས་འཛིན༔ ཡེ་ཤེས་སྣང་བ་མ་རིག་པས༔ བསྒྲིབས་ཏེ་རང་རྩལ་ལྷར་སྣང་བོར༔ དཔེར་ན་མི་ཞིག་གཉིད་སོང་སྟེ༔ འཇིག་རྟེན་བྱ་བ་བོར་སོང་ནས༔ རྨི་ལམ་བདེན་འཛིན་བྱ་བ་བྱེད༔ རྨི་ལམ་ཡིན་པར་མི་ཤེས་ལྟར༔ མ་རིག་གཉིད་ཀྱིས་འགྲོ་ཀུན་བསླུས༔ རང་སྣང་ཡེ་ཤེས་ངང་གིས་བསྒྲིབས༔ མ་རིག་དབང་གིས་འཁོར་བར་འཁོར༔ སྡིག་པ་མི་དགེ་དང་དུ་བླང་༔ དགེ་བ་རྒྱབ་དུ་བརྗེད་དེ་སོང་༔ དེ་ཕྱིར་བསགས་པའི་སྡིག་སྒྲིབ་ཀྱིས༔ ཉི་མ་སྤྲིན་གྱིས་བསྒྲིབས་པ་ལྟར༔ གདོད་ནས་མ་རིག་པ་ཡིས་བསྒྲིབས༔ རིག་པའི་རང་ཞལ་མ་མཐོང་བའི༔ སེམས་དང་རིག་པ་དབྱེར་མེད་པ༔ ལྷན་ཅིག་སྐྱེས་པའི་མ་རིག་པ༔ སྣང་སྲིད་རང་བཞིན་མ་གྲུབ་ཅིང་༔ མིང་དང་མཚན་མར་མ་གྲུབ་པར༔ གྲུབ་པར་བཟུང་སྟེ་མེད་མཚན་བཏགས༔ ཀུན་ཏུ་བཏགས་པའི་མ་རིག་པ༔ གཞན་དག་འཁྲུལ་པའི་དབང་གིས་བསླུས༔ འཁྲུལ་པའི་ལས་ལ་འབད་རྩོལ་བྱེད༔ དེ་མཐོང་རང་རྒྱུད་རྐྱེན་དེས་བསླུས༔ རྐྱེན་ངན་གྱིས་བསླང་མ་རིག་པ༔ མ་རིག་སངས་པའི་ཡེ་ཤེས་འཆར༔ ལྷན་སྐྱེས་ཡེ་ཤེས་རང་ཞལ་མཐོང་༔ མ་ཡེངས་ངང་དུ་དབྱིངས་རིག་གཉིས༔ དབྱེར་མེད་བསྲེས་ཏེ་ཨ་ཞེས་བརྗོད༔ གསལ་སྟོང་མཐའ་བྲལ་ཀློང་དུ་བལྟ༔ བལྟས་པས་མི་མཐོང་སང་ངེ་བ༔ མ་བལྟས་བཞག་པས་བལྟས་ལས་མངོན༔ སྟོང་པ་ཞིང་ཁམས་རྣམ་དག་ཡིན༔ གསལ་བ་དོན་གྱི་རིག་སྐུ་ཡིན༔ ལྷང་ལྷང་ཤར་མངོན་སྤྲུལ་བསྒྱུར་ལྷ༔ ཁང་སྒོ་ལྟ་བུ་མ་ཡིན་ཏེ༔ མ་ཡེངས་ལམ་གྱི་ལྡེ་མིག་གིས༔ ཆོས་བརྒྱད་མཐའ་བྲལ་འཆར་སྒོ་ཕྱེས༔ མེ་ལོང་ལྟ་བུའི་གསལ་མདངས་ཤར༔ མཉམ་པ་ཉིད་དུ་ཤར་གྲོལ་མཉམ༔ མ་འདྲེས་སོ་སོར་རང་གྲོལ་འཆར༔ ཕྲིན་ལས་ལྷུན་གྲུབ་བྱ་བ་གྲུབ༔ ཡེ་སྟོང་ངོ་བོར་ཆོས་ཀྱི་དབྱིངས༔ དེར་འཛིན་མེད་ཅིང་ངོས་བཟུང་མེད༔ དབྱེ་བ་མེད་དེ་མངོན་ཞེན་མེད༔ བཟང་ངན་མེད་དེ་མ་གྲོལ་མེད༔ གཅིག་ལ་མདངས་ལྔ་ཤར་བ་ལྟར༔ རིག་རྫོགས་གཅིག་གིས་འཁོར་འདས་རྫོགས༔ བལྟས་ཤིང་གཅུན་པས་མ་རིག་མངོན༔ རྗེས་དཔྱོད་ཡིད་དཔྱོད་བྱིང་རྨུགས་སློང་༔ མ་བཅོས་མ་བལྟས་རང་བྱུང་གྲོལ༔ མ་ཡེངས་མ་བསྒོམ་ལྷོད་དེ་ཞོག༔ སྐུ་གསུམ་ལྷུན་གྲུབ་ངང་གིས་འཆར༔ བརྡ་སྒོ་དབྱེ་བ་འདི་ལྟར་ལ༔ ལྷན་སྐྱེས་ཡེ་ཤེས་ཡེ་གནས་ཡེ་གྲུབ་པ༔ སྒྲིབ་གསུམ་གཞི་ལས་སྒྲིབ་བྱུང་བརྒྱད་ཁྲི་ཤར༔ བསྒྲིབ་བཀག་མངོན་ཞེན་བདེན་པར་གྲུབ་པས་སྒྲིབ༔ ཡེ་གསལ་ལྷར་སྣང་ལྷར་གྲུབ་ཞིང་ཁམས་གྲུབ༔ བཞག་ལྷོད་འཁྲུལ་བཤིག་གསལ་སྟོང་ངང་དུ་ཕྱེས༔ བསྒོམ་ལྟ་བཀག་གཅུན་དབྱིངས་སུ་བོར་པའི་ངང་༔ མ་ཞེན་མ་བལྟས་མ་བསྒོམ་མ་བཀག་པ༔ མ་གཅུན་མི་འཛིན་གཞིར་བཞག་གཞི་མ་བཤིག༔ སྔར་བྱུང་རྨི་སྣང་སོ་མ་ངང་གིས་སྐྱོང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ བརྡ་སྒོ་དབྱེ་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་བརྡ་ཕྱག་འཚལ་བ་ལ༔ མ་འཚལ་འཚལ་ལས་ལྷག་པ་ནི༔ སེམས་དང་རིག་པ་ཤན་འབྱེད་དེ༔ གཞི་ཡི་ཡེ་ཤེས་མཐོང་ནས་སུ༔ མ་རིག་མུན་པ་ལས་སད་པ༔ དཔེར་ན་མི་ཞིག་གཉིད་སོང་སྟེ༔ རྨི་ལམ་ལ་ཡང་མི་འདྲ་བའི༔ རྒྱལ་སར་འཁོད་དེ་འབངས་ཐོབ་རྨིས༔ གཉིད་སད་རྨི་ལམ་རྫུན་ཤེས་བཞིན༔ སྔོན་ཆད་མ་རིག་དབང་སོང་སྟེ༔ རྨི་སྣང་ཙམ་ལ་རྟག་པར་བཟུང་༔ ལུས་དང་ལས་ཀ་ཇི་སྙེད་པ༔ མ་རིག་དབང་སོང་རྫུན་ངེས་ཤེས༔ རང་བྱུང་རིག་པའི་ཀློང་ཡངས་སུ༔ སྐུ་དང་ཞིང་ཁམས་ལྷུན་གྲུབ་པ༔ ངེས་པར་ཤེས་ཏེ་དགའ་བདེ་ཡིས༔ རང་རིག་རང་མདངས་ལྷ་ལ་བལྟ༔ དབྱིངས་རིག་དབྱེར་མེད་ཁྱབ་གདལ་བསྲེ༔ སྣང་སྲིད་འཁོར་འདས་མ་ལུས་པ༔ གནོར་ནས་རང་གཞིར་རྫོགས་པ་མཐོང་༔ གཞི་ལ་ཡེ་ནས་སླད་མ་ཞུགས༔ ལམ་གྱི་ཁྱད་པར་སེམས་ཞེས་བྱུང་༔ དཔེར་ན་གསལ་བའི་མེ་ལོང་ལ༔ རྡུལ་དང་དྲི་མའི་སྐྱོན་གྱིས་གཡོགས༔ བལྟས་ཀྱང་གཟུགས་བརྙན་མི་མཐོང་ཡང་༔ ཕྱི་བརྡར་བྱས་པས་མེ་ལོང་གཞི༔ སྐྱོན་མ་གོས་པར་སང་ངེར་འདུག༔ བཞག་བཙལ་མི་དགོས་གཟུགས་བརྙན་རྣམས༔ རང་བཞིན་ངང་གིས་ཤར་བ་ལྟར༔ རང་གཞི་ངེས་པར་མཐོང་བ་ན༔ སངས་རྒྱས་ཉིད་དང་སངས་རྒྱས་ཞིང་༔ བཞག་བཙལ་མི་དགོས་ངང་གིས་རྫོགས༔ མ་འཚལ་ཡིད་ཀྱིས་དེར་ཕྱག་འཚལ༔ བརྡ་ཕྱག་འཚལ་བ་འདི་བཞིན་ཤེས༔ གཞི་ནི་ཁྱབ་གདལ་མཐའ་འདས་ཡེ་གྲོལ་སངས༔ མེ་ལོང་ཆུ་བཞིན་མ་བཞག་མ་བཙལ་ངང་༔ གཅིག་གཞི་གསུམ་སྒྱུ་ལྔ་འཕྲུལ་ལྔར་བྱུང་བརྒྱ༔ རིག་རྫོགས་རང་ངོར་བྱ་བྱེད་ཡུལ་མེད་ངང་༔ མ་བྱས་སྒྱུ་མའི་འཕྲུལ་བྱེད་ཙམ་ཕྱག་འཚལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ བརྡ་ཕྱག་འཚལ་བའི་ལེའུ་སྟེ་བཅུ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་དབང་དང་བྱིན་རླབས་ཆར་འབེབས་ཕྱིར༔ བྱིན་ཆེན་དབབ་ལ་བློ་ཡི་བསྐྱེད་དམིགས་ནི༔ རང་ཉིད་ཡེ་ནས་ཡེ་རིག་ཀ་དག་ངང་༔ མ་བཅོས་ཁྱབ་གདལ་རིག་པས་འདི་ལྟར་བསྒོམ༔ རང་གི་གནས་གསུམ་འོད་ཟེར་དཀར་དམར་མཐིང་༔ འཁོར་འདས་ཡོངས་ལ་ཁྱབ་པར་འཕྲོས་པ་ཡིས༔ ཕྱོགས་བཅུའི་ཞིང་ཁམས་མཁའ་སྤྱོད་འོག་མིན་སོགས༔ འཇིག་རྟེན་འདས་དང་མ་འདས་རབ་འབྱམས་ན༔ བཞུགས་པའི་སངས་རྒྱས་བྱང་སེམས་ཚོགས་རྣམས་དང་༔ རྒྱ་བོད་མཁས་གྲུབ་ལོ་པཎ་རིག་འཛིན་དང་༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་༔ ཡེ་ཤེས་ཆོས་སྐྱོང་ཞིང་སྐྱོང་ནོར་ལྷ་སོགས༔ སྐྱབས་འོས་མཆོད་འོས་བསྟོད་འོས་ཐམས་ཅད་ཀྱི༔ ཐུགས་ཀར་ཕོག་སྟེ་ཐུགས་དམ་རྒྱུད་བསྐུལ་ནས༔ ཐམས་ཅད་ཐུགས་རྗེས་བརྩེ་བར་ཆེར་དགོངས་ཤིང་༔ དམ་ཚིག་དབང་གིས་བསྐུལ་ཞིང་དམ་ཚིག་དྲན༔ ནམ་མཁའི་ཁམས་གང་སྤྲིན་དཔུང་བཞིན་དུ་འཁྲིགས༔ བར་སྣང་ཁམས་གང་ན་བུན་བཞིན་དུ་འཐིབས༔ རང་དང་དཀྱིལ་འཁོར་རྣམས་ལ་ཆར་ལྟར་བབས༔ དབང་རྣམས་བསྐུར་ཞིང་བྱིན་རླབས་དངོས་གྲུབ་ཀུན༔ སྐུ་དང་ཡིག་འབྲུ་ཕྱག་མཚན་ཐིག་ལེ་དང་༔ འོད་ཀྱི་རྣམ་པར་ཁ་བ་བུ་ཡུག་ལྟར༔ ཐིབས་ཀྱིས་བྱུང་ནས་རང་དང་སྒྲུབ་རྫས་ལ༔ མཚོ་ལ་ཁ་བ་བབས་པ་ཇི་བཞིན་དུ༔ སིབ་སིབ་ཐིམ་ཞིང་དབང་བྱིན་ཡོངས་ཐོབ་བསམ༔ རྒྱ་གར་གྲུབ་ཐོབ་བོད་ཀྱི་རྗེ་འབངས་རྣམས༔ མདོར་ན་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ རལ་པ་ཐོར་ཅོག་དར་གྱིས་བཅིང་ནས་སུ༔ ཟར་བུས་སྐུ་རྒྱབ་ཁེབས་ཤིང་ད་ལ་ལ༔ ཀུན་ཀྱང་རྣལ་འབྱོར་དར་དང་རུས་རྒྱན་ཅན༔ ཕྱག་གདུབ་ཞབས་གདུབ་ཐམས་ཅད་སི་ལི་ལི༔ དར་ཚོན་ན་བཟའ་རླུང་བསྐྱོད་པུ་རུ་རུ༔ རུས་རྒྱན་མང་པོ་བསྐྱོད་ཅིང་ཁྲོ་ལོ་ལོ༔ སྙན་པའི་དབྱངས་ལེན་མཛེས་པའི་གར་བྱེད་དེ༔ དཔའ་བོས་བྲོ་བརྡུང་དཔའ་མོས་གླུ་ལེན་ཅིང་༔ དར་ཕྱར་གདུགས་ཕུབ་འཇའ་ཚོན་དྲྭ་བ་འཁྲིགས༔ རང་ལ་དབང་བསྐུར་དཀྱིལ་འཁོར་གཡས་སུ་བསྐོར༔ མཛེས་པའི་གར་བསྒྱུར་སྙན་པའི་གླུ་ལེན་ཅིང་༔ དྲི་བཟང་སྣ་ཚོགས་འཐུལ་ཞིང་དངོས་གྲུབ་ཆར༔ བར་མེད་འབེབས་ཤིང་བདག་ལ་ཐུགས་བརྩེར་དགོངས༔ འགྲོ་བའི་དོན་དུ་རང་དང་ལྷན་གཅིག་ཏུ༔ དབྱངས་སྙན་རོལ་མོ་གར་གྱིས་བྱིན་དབབ་དམིགས༔ སྣང་སྲིད་ཁམས་ཀུན་མཚམས་དང་བར་མེད་པ༔ བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་ནམ་མཁའ་གང་༔ འཇའ་དང་འོད་ཕུང་དཔག་མེད་འཐིབས་པར་བསམ༔ ཡི་དམ་རྒྱ་མཚོས་བར་སྣང་ཐམས་ཅད་གང་༔ འཇའ་འོད་མེ་དཔུང་ཀློང་དུ་བར་མེད་བསྒོམ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་ས་གཞི་གང་༔ མེ་རླུང་དུ་བ་འོད་དང་སྤྲིན་ཀློང་བསྒོམ༔ སྣང་སྲིད་འཐིབས་ཀྱིས་བར་མེད་གང་བར་བསམ༔ བྱིན་རླབས་ཐམས་ཅད་ན་བུན་བཞིན་དུ་འཐུལ༔ དངོས་གྲུབ་མ་ལུས་སྦྲང་ཆར་བཞིན་དུ་འབེབས༔ བདུད་བགེགས་བར་ཆད་ཐལ་བ་རླུང་གཏོར་བཞིན༔ རྡུལ་ཕྲན་ཕྲ་མོ་ཙམ་ཡང་མ་ལུས་པར༔ བརླག་པར་བསམ་ལ་སྣང་སྲིད་རྣམ་པར་སྦྱངས༔ རང་སེམས་སྤྲོ་བ་བསྐྱེད་ཅིང་ཀློང་ལ་བལྟ༔ དགའ་བདེ་བསྒོམ་ཞིང་སྙན་པའི་དབྱངས་ཀྱིས་ཀྱང་༔ བྱིན་འབེབས་འདོན་ཅིང་གྲོགས་སྐྱོན་བརྟགས་པ་སོགས༔ སྤངས་ཤིང་དག་པ་རབ་འབྱམས་ངང་དུ་བསྒོམ༔ ཚོགས་དྲུག་གང་སྣང་དག་སྣང་ངང་དུ་འཁྱེར༔ མོས་གུས་གདུང་བ་དྲག་པོའི་ང་རོས་འབོད༔ དཔེར་ན་བྱིས་པས་མ་ལ་འབོད་པ་ལྟར༔ སྒོ་གསུམ་ཡི་དམ་ལྷ་ལ་དད་པ་ནི༔ ཁ་ཞེ་མེད་པར་ཆེ་འགྲན་དྲག་སེམས་སྤང་༔ རྣམ་གཡེང་ཚུལ་འཆོས་ལ་སོགས་སྤངས་ནས་སུ༔ སྣང་སྲིད་གཡོ་འཁྲུགས་འཇིགས་ཀྱང་ཅོག་མི་བཞག༔ རྩེ་གཅིག་རྩ་བ་གསུམ་ལ་སྒོ་གསུམ་གཏད༔ བྱིན་རླབས་ངེས་པར་འཇུག་གོ་ཐེ་ཚོམ་ཆོད༔ དབྱིངས་དང་རིག་པ་དབྱེར་མེད་ངང་ནས་བསྒོམ༔ ཐེ་ཚོམ་ཅན་གྱིས་སྒྲུབ་པའི་དངོས་གྲུབ་འཇོམས༔ མཆེད་ལྕམ་སྐྱོན་བརྟགས་དམ་ཚིག་རྩ་བ་ཆད༔ རྣམ་གཡེང་ཅན་གྱིས་འབྲས་བུ་སྐད་ཅིག་བརླག༔ ལེ་ལོ་ཅན་ལ་རྐྱེན་ངན་བར་ཆད་མང་༔ བྱིན་ཆེན་དབབ་དུས་ཡིད་ལ་འདི་ལྟར་བསྒོམ༔ གཟུང་འཛིན་རང་གྲོལ་ངང་ནས་སྤྲོ་བསྡུས་པའི༔ སྣང་སྲིད་ལྷར་གསལ་དག་པ་རབ་འབྱམས་ངང་༔ རང་ངོར་རང་དབབ་རང་སྣང་རྩལ་དུ་བལྟ༔ སྐྱོན་ཡངས་རེ་སྲིད་བོར་བས་སྒོ་གསུམ་འདུད༔ རྣམ་གཉིས་དལ་གཉིས་གཉིས་མངོན་གཉིས་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ བྱིན་ཆེན་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་མཆོད་པའི་ཡོ་བྱད་བྱིན་རླབས་ནི༔ མ་ཡེངས་སྟོང་གསལ་བློ་ཡིས་འདི་ལྟར་དམིགས༔ སྣང་སྲིད་ཐམས་ཅད་སྟོང་པ་ཉིད་དུ་བལྟ༔ སྟོང་པའི་ངང་ལས་མཆོད་པའི་སྤྲིན་དཔུང་ནི༔ ནམ་མཁས་གར་ཁྱབ་ཕྱི་ནང་གསང་མཆོད་ཀྱིས༔ ཁྱབ་པར་སོ་སོར་སྤེལ་བསྒྱུར་བསམ་ཡས་བགྱི༔ ཕྱི་མཆོད་ཡོན་ཆབ་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་དང་ནི་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་བདུན་པོ་ཕྱི་མཆོད་ཡིན༔ ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ༔ གསང་མཆོད་སྨན་དང་གཏོར་མ་རཀྟ་གསུམ༔ ལྷ་དང་མི་ཡི་ཀ་ཆ་དཀོར་ཆ་དང་༔ ཟས་དང་གོས་དང་རྒྱན་ཆ་རྩི་སྨན་དང་༔ རིན་ཆེན་རིགས་དང་བདག་ཏུ་བཟུང་མ་བཟུང་༔ གཟུགས་འགྲོས་འདབ་ཆགས་ཆུ་གནས་རི་གནས་སོགས༔ མ་ཚང་མེད་པ་གཅིག་ཏུ་བསྡུས་པ་ལ༔ རྣམ་པ་སོ་སོ་ངོ་བོ་བདུད་རྩི་ནི༔ ཟག་མེད་བདེ་བ་བསྐྱེད་པའི་ཡོ་བྱད་ཀུན༔ མིག་དང་རྣ་བ་སྣ་དང་ལྕེ་དང་ནི༔ ལུས་དང་ཡིད་ལ་མཐུན་པའི་སོ་སོའི་རྫས༔ རིམ་བཞིན་མཉེས་པའི་ལོངས་སྤྱོད་བསམ་ཡས་དམིགས༔ དབྱེ་ན་སྨན་གྱི་དམིགས་རིམ་འདི་ལྟར་བྱ༔ ཨཱཿལས་ཐོད་པ་ཕྱི་དཀར་ནང་དམར་བ༔ དེ་ཡི་ཁ་ཁེབས་ཟླ་རྒྱས་གསལ་བའི་སྟེང་༔ ལྷ་མོ་དཀར་གསལ་ཕྱག་གཉིས་གྲི་ཐོད་འཛིན༔ གར་སྟབས་མཐེབ་རྩེར་རྡོ་རྗེའི་སྦུ་གུར་གཏད༔ ལྷ་མོའི་མཁའ་ཀློང་རིགས་ལྔ་ཡབ་ཡུམ་གསལ༔ འོད་འཕྲོས་སྣང་སྲིད་ཁམས་ཀྱི་བཅུད་རྣམས་བསྡུས༔ ལྷ་མོའི་མཁའ་ལ་བསྟིམ་པས་རིགས་ལྔ་ཡི༔ སྐུ་གསུང་ཐུགས་ལ་ཕོག་པས་སྦྱོར་མཚམས་ནས༔ བདུད་རྩི་བྱང་སེམས་དཀར་པོའི་རྒྱུན་བབས་ནས༔ ལྷ་མོའི་མཁའ་ནས་བརྒྱུད་དེ་མཐེབ་རྩེར་བབས༔ རྡོ་རྗེའི་སྦུ་གུར་མར་བབས་ཐོད་པ་གང་༔ སྣང་སྲིད་ཁྱབ་པའི་ཟག་མེད་བདུད་རྩིར་དམིགས༔ རྡོ་རྗེ་སྦུ་གུར་ཡར་ལུད་རིགས་ལྔ་མཆོད༔ རིགས་ལྔ་འོད་ཞུ་ལྷ་མོའི་མཁའ་ལ་ཐིམ༔ ལྷ་མོ་འོད་ཞུ་བདུད་རྩིའི་རྣམ་པར་གྱུར༔ རཀྟའི་སྣོད་ནི་བྷན་དམར་ལྕང་ལོ་ཅན༔ རྒྱ་ཆེ་དཔངས་མཐོ་ནམ་མཁའི་དབྱིངས་གང་བ༔ དེ་ཡི་ཁ་ཁེབས་ཉི་མའི་སྟེང་དུ་ནི༔ ལྷ་མོ་དམར་མོ་ཕྱག་གཉིས་གྲི་ཐོད་བསྣམས༔ ཞབས་གཉིས་གར་སྟབས་གཡས་ཀྱི་མཐེབ་རྩེ་ནི༔ རྡོ་རྗེའི་དབུས་རྩེར་རེག་ཙམ་གཏད་པ་ལས༔ ལྷ་མོའི་མཁའ་ལ་ཐིག་ལེ་མདངས་ལྔ་གསལ༔ འོད་འཕྲོས་འགྲོ་ཀུན་ཉོན་མོངས་དུག་ལྔ་ནི༔ མ་ལུས་ཐིག་ལེ་ལྔ་ཡི་རྣམ་པར་བསྡུས༔ ལྷ་མོའི་མཁའ་ཀློང་ཐིག་ལེ་ལྔ་ལ་བསྟིམ༔ འདྲེས་པ་ཙམ་གྱིས་ཞུ་ནས་རཀྟར་གྱུར༔ ལྷ་མོའི་མཁའ་ནས་མར་བབས་མཐེབ་རྩེར་བརྒྱུད༔ རྡོ་རྗེའི་སྦུ་གུ་ནས་ཐོན་བྷནྡྷ་གང་༔ རཀྟ་དམར་གྱི་རྒྱ་མཚོ་འཁྱིལ་བ་ལ༔ རང་ལས་ངང་བྱུང་ཡེ་ཤེས་བདུད་རྩིར་བསམ༔ ལྷ་མོ་འོད་ཞུ་རཀྟའི་རྒྱ་མཚོར་ཐིམ༔ གཏོར་གཞོང་སྣང་སྲིད་གང་བའི་ཁྱོན་ཡངས་ནང་༔ སྣང་ཞིང་སྲིད་པའི་གཟུགས་སུ་གྲུབ་པ་དང་༔ རི་རབ་ལ་སོགས་མ་ལུས་སྟོང་པར་བསྡུས༔ སྟོང་པའི་ངང་ལས་འདོད་འབྱུང་གཏོར་མ་ནི༔ ཆེ་ཞིང་རྒྱ་ཆེ་དཔངས་མཐོ་འཁོར་འདས་ཁྱབ༔ ཉི་ཟླ་སྐར་ཚོགས་ཐམས་ཅད་རྒྱན་དུ་ཤར༔ གཏོར་མའི་རྩེ་ལ་ཨོཾ་ཨཱཿཧཱུྃ་གསུམ་གསལ༔ དེ་ལས་འོད་དང་ཟེར་གྱི་དྲྭ་བ་འཁྲིགས༔ འོད་ཟེར་རྒྱལ་བའི་ཞིང་ཁམས་ཀུན་ལ་ཟུག༔ འོད་ཟེར་རེ་རེའི་རྩེ་ལ་རང་བྱུང་བའི༔ མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་མ༔ དྲི་ཆབ་མ་དང་ཞལ་ཟས་རོལ་མོ་མ༔ གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་ནི༔ སངས་རྒྱས་བྱང་སེམས་རེ་རེའི་སྤྱན་ལམ་དུ༔ སྟོང་གསུམ་ས་ཡི་རྡུལ་གྱི་གྲངས་ཙམ་རེ༔ སྤྲོས་པའི་མཆོད་སྤྲིན་རྒྱུན་མི་འཆད་པར་དུ༔ ནམ་མཁའི་ཁམས་འདི་ཇི་སྲིད་མི་གནས་བར༔ མཆོད་སྤྲིན་རྒྱུན་མི་ཆད་པར་འཕྲོ་བར་བསམ༔ དེ་ལྟར་འདོད་པ་འཇོ་བའི་གཏོར་མ་ལས༔ ཤ་ཆེན་རྣམ་ལྔ་བདུད་རྩི་རྣམ་ལྔ་དང་༔ བདེ་སྟོང་ཡེ་ཤེས་བསྐྱེད་པའི་མཆོད་པའི་ཚོགས༔ རྒྱུན་རིང་ཆུ་རྒྱུན་ལྟ་བུ་ན་ར་ར༔ བཅུད་ལྡན་ཞུན་མར་ལྟ་བུ་ནུ་རུ་རུ༔ གྲངས་མང་ཁ་ཆར་ལྟ་བུར་ཐ་ར་ར༔ བར་མེད་ན་བུན་བཞིན་དུ་ཐིབས་སེ་ཐིབ༔ ལྷུན་འཐུག་སྤྲིན་དཔུང་བཞིན་དུ་པུ་རུ་རུ༔ འོད་གསལ་ཉི་ཟླ་བཞིན་དུ་ལྷམས་སེ་ལྷམ༔ འཁོར་འདས་ཡོངས་ལ་བར་མེད་ཁྱབ་པར་བསམ༔ འགྲོ་བའི་ཚོགས་རྫོགས་ཆེད་དུ་བསམ་ཡས་དམིགས༔ དེ་ནས་མཆོད་པའི་ཡོ་བྱད་བྱིན་རླབས་ནི༔ བཅུ་གཉིས་སྲིད་དྲྭ་བདག་གི་རྫས་ཤ་སྟག༔ གཉིས་མཉམ་སྦྱོར་བའི་ཤེས་པ་ལྷང་ངེ་བའི༔ འཛིན་ཆགས་ཞེན་འཆིང་ཉེ་རིང་མཚན་འཛིན་སྟོང་༔ བཤིག་གྲོལ་ངང་སྐྱེས་ངང་བླང་ལྔ་བདུན་གསུམ༔ མཐའ་བྲལ་ཚད་འདས་རོལ་པའི་མཆོད་སྤྲིན་བསྒྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ མཆོད་རྫས་བྱིན་རླབས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལ༔ དང་པོ་ཕྱི་ཡི་སྟོང་པ་བདག་མེད་ནི༔ སྣང་སྲིད་ཐམས་ཅད་རང་བཞིན་མ་གྲུབ་པར༔ སྟོང་པ་ཡིན་ཏེ་སྟོང་པ་ཉིད་ཀྱི་ངང་༔ དཔེར་ན་བདེན་པར་གྲུབ་པ་ངེས་གྱུར་ན༔ རྡོ་རྗེ་ལྟ་བུ་སྲ་ཞིང་བརྟན་པ་ནི༔ དེ་ལ་གཞིག་དང་གཞོམ་པ་བྲལ་བ་ཡིན༔ དཔེར་ན་རྡོ་ནི་འཐུག་ཅིང་དཔངས་མཐོ་ཞིག༔ བཅག་སྟེ་བརྡུང་ནས་རྡུལ་ནི་རག་པར་ཕབ༔ དེ་ནས་རྡུལ་དེ་ཕྲ་བའི་ཆ་ལ་ཕབ༔ དེ་ནས་རྡུལ་ནི་ཆ་མེད་ལ་ཕབ་ནས༔ ཕྱོགས་ལ་གཏོར་ནས་ཅི་ཡང་མེད་པར་འགྲོ༔ ཆེ་བ་རི་རབ་ལྷུན་པོ་མན་ཆད་ནས༔ ཆུང་བ་ར་བ་ཁང་ཁྱིམ་ཡན་ཆད་ཀུན༔ བཏུལ་བའི་ཐ་མ་རྡུལ་མེད་ཇི་བཞིན་དུ༔ སྣང་སྲིད་བདེན་པར་མ་གྲུབ་སྟོང་པ་ཡིན༔ འགྲོ་བར་འདུག་པའི་གཟུགས་འགྲོས་གང་སུ་དག༔ ཐ་མ་རྨི་ལམ་བཞིན་དུ་མེད་ནས་འགྲོ༔ འདི་དག་ཅི་ཡང་མེད་པའི་སྟོང་པ་ལ༔ སེམས་ཀྱིས་བཞག་པ་ཡིན་པར་ཐག་བཅད་ནས༔ འགྲོ་བའམ་ནི་འདུག་པའི་དུས་རྣམས་ཀུན༔ མིག་གིས་མཐོང་ངམ་རྣ་བས་ཐོས་པ་ལ༔ ངེས་པར་རྟག་པར་ཨེ་འདུག་རྩར་གཅོད་བྱ༔ མདོར་ན་ཀུན་ཏུ་བཏགས་པའི་རྫས་རྣམས་ཀུན༔ ཀ་ཆ་དཀོར་ཆ་གོས་དང་ཁང་ཁྱིམ་རྣམས༔ དང་པོ་བྱུང་བའི་ཁུང་བཙལ་ནན་དུ་བརྟག༔ བར་དུ་གནས་པའི་ས་ཡང་གང་ཡིན་བརྟག༔ ཐ་མ་མེད་པ་ཐམས་ཅད་གར་སོང་བརྟག༔ དེ་གསུམ་མེད་པ་ཐམས་ཅད་སྟོང་པ་སྟེ༔ རྨི་ལམ་ལྟ་བུར་འདུག་ན་རྫུན་དུ་བལྟ༔ དེ་དག་གསུམ་པོ་འདུག་ན་བདེན་པར་བལྟ༔ མིང་གི་ཐ་སྙད་འདོགས་པ་ཐམས་ཅད་ཀུན༔ མིང་འདོགས་གནས་དེ་གང་ཡིན་རྩ་བ་བཅད༔ རྩི་ཤིང་ནགས་ཚལ་ས་རྡོ་རི་བྲག་ཀུན༔ གང་བྱུང་རྩ་བ་ནན་དུ་གཅོད་པར་བྱ༔ ང་ཞེས་དང་ནི་རྐང་པ་ལག་པ་དང་༔ མགོ་དང་ཡན་ལག་ཐ་སྙད་རྩ་བ་བཅད༔ མེད་ན་ཡོད་ངེས་སྟོང་པ་བདག་མེད་ཡིན༔ རང་གི་ལུས་ཀྱང་ཡིད་ལུས་སྟོང་པ་ལ༔ ས་རྡོ་རི་བྲག་ཐམས་ཅད་སྟོང་པ་ཡིན༔ ནམ་མཁའ་སྟོང་པའི་དབྱིངས་ལ་མེད་ངེས་ཆད༔ སེམས་ཀྱང་སྟོང་པ་ཀུན་བྱེད་རྒྱལ་པོ་སྟོང་༔ མེད་པ་ངེས་ཏེ་མེད་པའི་མཐའ་ལ་གཏུགས༔ དེ་ལྟར་ཤེས་ནས་སྣང་སྲིད་སྟོང་པར་བལྟ༔ མེད་ངེས་ཆད་པའི་མཐའ་ལ་མ་ལྷུང་བར༔ ཀུན་བྱེད་རྒྱལ་པོ་འཁོར་འདས་གཞི་རུ་གྲུབ༔ དེ་ཡང་ཡོད་མིན་མེད་མིན་ཆོས་དབྱིངས་ཀློང་༔ མཐའ་བྲལ་འབྱམས་ཀླས་ངང་ལ་ལྷུག་པར་བཞག༔ ལུས་སེམས་གཉིས་འཛིན་ཐམས་ཅད་སྟོང་པར་བཤིག༔ ཨཱཿསྒྲ་མཁའ་ལ་ཡལ་བཞིན་སྐྱེ་མེད་ཀློང་༔ དེ་ཉིད་རྒྱུན་དུ་བསྒོམ་ན་དེ་བཞིན་ཉིད༔ དེ་ཡི་ངང་ལ་བཞག་མཐར་ཀུན་སྣང་བསྒོམ༔ གཟུགས་སྒྲ་དྲི་རོ་རེག་བྱ་གང་སྣང་ཡང་༔ སྟོང་པའི་ངང་ལས་སྙིང་རྗེ་བར་མེད་བསྒོམ༔ སྤྱིར་ན་དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ མི་དང་ལྷ་དང་ལྷ་མིན་བར་དོའི་གནས༔ དེ་ལ་གནས་ཚད་སྡུག་བསྔལ་འཁོར་ལོའི་རྒྱུན༔ དེ་དག་ཕ་མ་ཤ་སྟག་ཡིན་པར་ཤེས༔ དྲིན་ཆེན་འདི་དག་སྙིང་རྗེ་བསམ་པའི་ངང་༔ ཉེ་རིང་གང་མཐོང་ཡོངས་ལ་སྙིང་རྗེ་བསྒོམ༔ བཅོས་མ་བྱས་ནས་ནན་བསྒོམ་ཐ་མ་ལ༔ མ་བཅོས་རང་བབས་བརྟན་དུས་ཀློང་གྱུར་ཡིན༔ འཁོར་འདས་ཁྱབ་བརྡལ་ངང་ནས་སྙིང་རྗེ་བསྒོམ༔ དེ་བཞིན་རྒྱུད་བཞག་གནས་ཀུན་སྙིང་རྗེ་ཡིན༔ དེའི་ངང་རྒྱུ་ཡི་ཏིང་འཛིན་ཡི་གེ་ནི༔ ཧཱུྃ་ཧྲཱིཿདྷཱིཿསོགས་ཡི་གེ་དབུ་ཅན་ལ༔ རྒྱུན་དུ་ཤེས་པ་གཏད་དེ་ཡང་ཡང་སྦྱངས༔ རྒྱུད་ལ་བརྟན་པ་ཐོབ་དུས་བར་དུ་བསྒོམ༔ དེ་བཞིན་ཉིད་ནི་ཆོས་སྐུའི་དགོངས་པ་ཡིན༔ བསྒྲུབ་དུས་མ་སླེབ་བར་དུ་གོང་བཞིན་བསྒོམ༔ བསྒྲུབ་པའི་དུས་སུ་ཕྱི་ནང་སྣོད་བཅུད་རྣམས༔ ཅི་ཡང་མེད་པ་སྟོང་པ་ཉིད་དུ་བསྒོམ༔ དེ་ལ་སྙིང་རྗེ་ཡེ་གནས་ཀུན་ཏུ་སྣང་༔ དེ་ནས་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གདོད་ནས་རྒྱུ་ལས་མ་བྱུང་གང་ཡང་མེད༔ དེ་ཕྱིར་ཀུན་སྣང་ལོངས་སྐུའི་དགོངས་པ་ལ༔ ཀུན་ཏུ་སྣང་བའི་སྙིང་རྗེས་འཁོར་འདས་རིག༔ རྒྱུ་ནི་སྤྲུལ་སྐུའི་དགོངས་པ་ཡིན་པའི་ཕྱིར༔ ཀུན་བྱེད་རྒྱལ་པོ་རྒྱུ་ཡི་ཡི་གེ་གསལ༔ དེ་བཞིན་ཉིད་ནི་སྨྲ་བསམ་བརྗོད་མེད་སྟོང་༔ མི་གཡོ་མི་འགགས་མི་སྤྲོ་མི་འགྱུར་བ༔ དེ་ནས་ཀུན་སྣང་ཕྱོགས་རིས་མ་གྲུབ་པ༔ སྟོང་ཉིད་སྙིང་རྗེ་འཁོར་འདས་ཡོངས་ལ་སྤྲོ༔ དེ་ཡི་ངང་ལ་རིག་པ་རྒྱུ་ཡིག་ཤར༔ རྒྱུ་ཡི་ཡི་གེ་འཇིགས་དང་འགགས་སྒྲིབ་བྲལ༔ མཁའ་དབྱིངས་མཐའ་བྲལ་ཀློང་དུ་འཇའ་ལྟར་ཤར༔ བརྟེན་པ་དང་ནི་བྱས་པ་མ་གྲུབ་པ༔ རང་བཞིན་རང་ཤར་ངང་དུ་ལམ་མེར་གསལ༔ མདོར་ན་ཏིང་འཛིན་རྣམ་གསུམ་འདི་ལྟར་བསྒོམ༔ བཏགས་འཛིན་ཡུལ་གྲུབ་ཐམས་ཅད་སྟོང་པར་བཤིག༔ སྤྲོ་བྱེད་ཀུན་བྱེད་བརྒྱད་སོགས་ཨ་མཐར་བལྟ༔ ཡིད་བྱེད་སྣང་སྟོང་སྙིང་རྗེས་འཁོར་འདས་གཟིགས༔ བཏགས་གྲུབ་དངོས་སྣང་རྒྱུ་གཅིག་སྤྲུལ་མང་ཤར༔ རྒྱུ་ཡི་བྱེད་ཕྱིར་རྒྱུ་བསྒོམ་རྒྱུའི་རྣམ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ དངོས་གཞི་ཏིང་འཛིན་རྣམ་གསུམ་གྱི་ལེའུ་སྟེ་བཅུ་གསུམ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་རྒྱུ་ལས་འོད་ཟེར་ཁ་དོག་ལྔ༔ སྟོང་པའི་དབྱིངས་ཤར་འབྱུང་བ་རྣམ་པ་བཞི༔ འབྱུང་ལྔའི་དུས་སུ་མེ་དང་ལྔ་མཆནནམ་མཁའི་དབྱིངས་སུ་རླུང་གི་དཀྱིལ་འཁོར་ཆགས༔ དེ་ཉིད་ཆུ་ཡི་དཀྱིལ་འཁོར་རང་བྱུང་ཤར༔ དེ་སྟེང་ས་ཡི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ དེ་སྟེང་བྷྲུྃཿའཕྲོས་བབས་པ་ཡོངས་གྱུར་ལས༔ ངོ་བོ་ཡེ་ཤེས་ལྔ་ཡི་རང་མདངས་ལ༔ རྣམ་པ་རིན་ཆེན་སྣ་ལྔ་ལས་གྲུབ་པའི༔ འཁོར་འདས་ཡོངས་ལ་བརྡལ་བའི་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་ཤེལ་ལྟར་ཟང་ཐལ་ལེ༔ ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུའི་ཏོག༔ རྟ་བབས་བང་རིམ་དྲྭ་བ་དྲྭ་ཕྱེད་དང་༔ སྒོ་གྲུ་མདའ་ཡབ་ཀྭ་བ་ཀྭ་འཕན་དང་༔ གྲལ་ཕྱམ་དང་ནི་ཀྭ་ཞུ་ཀྭ་གདན་དང་༔ འདོད་སྣམ་སྟེང་དུ་འདོད་ཡོན་སྣ་ཚོགས་འཁྲིགས༔ རྒྱལ་མཚན་བཅུ་དང་གདུགས་དང་དར་དཔྱངས་དང་༔ ཆོས་སྒྲ་རང་སྒྲོགས་དྲིལ་ཆུང་རྩ་བརྒྱད་དང་༔ དུར་ཁྲོད་བརྒྱད་སོགས་མཁས་པས་སོ་སོར་བསྒོམ༔ དེ་མིན་རིག་རྩལ་སྦྱང་བ་འདི་ལྟར་བསམ༔ རྒྱུ་ལས་བྷྲཱུྃཿའཕྲོས་བྷྲཱུྃཿཡིག་ཡོངས་གྱུར་ལས༔ ཡེ་ཤེས་ལྔ་ཡི་མདངས་དང་འོད་ལྡན་པའི༔ ཕྱི་ནང་ཀུན་གསལ་འཇའ་ཡི་གུར་ཁང་ལྟར༔ གྲུ་བཞི་སྒོ་བཞི་ལ་སོགས་ངང་རྫོགས་བསམ༔ དེ་ཡང་སྣང་སྲིད་གང་བའི་འོད་གུར་བསྐྱེད༔ ཕྱི་ནི་འོད་ཀྱི་གུར་ཁང་སྟོང་པ་ལ༔ ནང་ནི་ཁང་པ་ལྟ་བུར་དབྱིབས་ལེགས་བསམ༔ དེ་དབུས་སྣང་ལ་རང་བཞིན་མ་གྲུབ་པའི༔ པདྨ་ཉི་ཟླ་ལ་སོགས་གདན་གྱི་སྟེང་༔ རྒྱུ་ལས་འོད་ཟེར་ཡར་འཕྲོས་རྒྱལ་ཞིང་ཡོངས༔ ཁྱབ་སྟེ་སངས་རྒྱས་བྱང་སེམས་མ་ལུས་ཀྱི༔ ཐུགས་ཀར་ཕོག་སྟེ་མཉེས་མཆོད་དཔག་མེད་ཕུལ༔ འོད་ཟེར་མར་འཕྲོས་སེམས་ཅན་ཐམས་ཅད་ལ༔ ཕོག་སྟེ་འགྲོ་བའི་སྡུག་བསྔལ་སྡིག་སྒྲིབ་རྣམས༔ མེ་ལོང་གཡའ་ཕྱིས་བཞིན་དུ་སངས་ཀྱིས་དག༔ འོད་ཟེར་ཚུར་འདུས་རྒྱུ་ཡིག་ལ་ཐིམ་ནས༔ ཡོངས་སུ་གྱུར་ཏེ་རང་ཉིད་སྐད་ཅིག་གིས༔ དཔའ་བོ་རལ་གྲི་འཆང་བ་གསེར་མདོག་ཅན༔ ཤེས་རབ་ཐོགས་མེད་བརྡ་རུ་རལ་གྲི་ཤར༔ མ་རིག་ལོག་རྟོག་གཅོད་ཕྱིར་ཀླད་ལ་བསྐོར༔ རྒྱུད་སྡེ་ལ་སོགས་འདུས་དང་འདུས་མ་བྱས༔ མ་ལུས་ཇི་སྙེད་མཁྱེན་པའི་བརྡ་རྟགས་སུ༔ གཡོན་པས་ཨུཏྤལ་སྟེང་དུ་པོ་ཏི་བསྣམས༔ འཁོར་འདས་མཉམ་པར་དགོངས་པའི་ཞི་འཛུམ་ཅན༔ ཡེ་ཤེས་ལྔ་རྫོགས་ཟུར་ཕུད་ལྔ་དང་ལྡན༔ མི་འགྱུར་རྡོ་རྗེའི་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ མ་ཆགས་སྐྱོན་དང་བྲལ་ཕྱིར་པདྨའི་གདན༔ ཐབས་ཀྱིས་འགྲོ་དོན་མཛད་ཕྱིར་ཟླ་བའི་གདན༔ དགོས་འདོད་དྲན་ཙམ་སྟེར་ཕྱིར་རིན་ཆེན་རྒྱན༔ ལོངས་སྤྱོད་ངང་གི་མངའ་བའི་དར་དཔྱངས་རྒྱན༔ ཡེ་ཤེས་ཀློང་ཡངས་རང་ཤར་འཇའ་ཡི་ཁྱིམ༔ དེ་ཡང་སྣང་ལ་རང་བཞིན་མ་གྲུབ་པ༔ འཇའ་ཚོན་ཆུ་ཟླ་མེ་ལོང་གཟུགས་བརྙན་ལྟར༔ སྣང་ལ་རང་བཞིན་གསལ་ལ་དེར་འཛིན་སོགས༔ ཅི་ཡང་མ་གྲུབ་ཆོས་དབྱིངས་སྟོང་པ་རུ༔ སྣང་སྟོང་རིག་པའི་རང་མདངས་གསལ་ཉམས་ཙམ༔ སྔོན་བསྐྱེད་མ་འོངས་བསམ་པས་ཕྱིར་འཁོར་དང་༔ དངོས་པོར་འཛིན་ཏེ་མི་ཡི་ལུས་ཚད་ཀུན༔ ཐམས་ཅད་བདུད་དུ་བབས་པས་མ་བཅོས་བཞག༔ མདོར་ན་དཀྱིལ་འཁོར་ལྷ་ཚོགས་གང་བསྒོམས་ཀྱང་༔ དང་པོ་རྣལ་མ་བྱས་ན་སེམས་ལ་གླན༔ དེ་ནས་ངང་གིས་མ་བསྒོམ་ཉམས་ཙམ་ལ༔ དྲན་པ་གཡོ་བ་ཙམ་གྱིས་ལྷུན་གྲུབ་དུས༔ སྒྲུབ་པའི་དལ་དུ་འཇུག་སྟེ་སྒྲུབ་ལ་གཞོལ༔ ཐེ་ཚོམ་སོམ་ཉི་ཨ་འཐས་བྱེད་དགོས་ཚེ༔ སྒྲུབ་པ་བྱས་ཀྱང་འབྲས་བུ་རྒྱང་རེ་རིང་༔ བསྒོམ་ལྷ་བདག་ཉིད་ཡིན་རེ་ཀན་ཞེས་དང་༔ བདག་ལས་ལྷ་དེ་གཞན་མེད་བློ་ཁེལ་གཉིས༔ རང་གིས་ལྷ་དེ་ཆེ་ཆུང་གང་བསྒོམ་ཡང་༔ ང་ནི་རི་རབ་བམ་ནི་ཉུངས་འབྲུ་ཙམ༔ དེ་ལྟར་གང་ཡིན་ཚད་ཙམ་མིན་རེ་གསུམ༔ ང་ལ་དངོས་མཚན་ཁ་དོག་ཡོད་རེ་སོགས༔ བཞི་པོ་སྙིང་ནས་བློ་ཁེལ་ངེས་པའི་དུས༔ བརྟན་ཆ་ཐོབ་ཞེས་བསྒྲུབ་ལ་བརྩོན་རུང་ངེས༔ རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ་ཡི་བརྡ༔ རྡོ་རྗེ་རྩེ་དགུ་རིམ་དགུ་རང་བྱུང་བརྡ༔ ཁ་ཊྭཱྃ་རྩེ་གསུམ་སྐུ་གསུམ་ལྷུན་གྲུབ་བརྡ༔ རལ་གྲི་ཤེས་རབ་རང་བྱུང་ཤར་བའི་བརྡ༔ གྲི་གུག་སྣང་བ་དབང་དུ་སྡུད་པའི་བརྡ༔ ཐོད་ཁྲག་ཁམས་གསུམ་ཁྲག་ཏུ་རོལ་པའི་བརྡ༔ ཐོད་པ་བདུད་རྩི་བསྣམས་པ་ཐམས་ཅད་ནི༔ སྣང་བཅུད་བསྡུ་དང་དབྱིངས་དང་རིག་པ་གཉིས༔ དབྱེར་མེད་མཉམ་པར་སྦྱོར་བའི་བརྡ་རུ་ཤེས༔ རྡོ་རྗེ་མི་འཇིགས་རྡོ་རྗེའི་གདིང་ལྡན་བརྡ༔ འཁོར་ལོ་འཁོར་བའི་འཁོར་ལོ་ལས་འདས་བརྡ༔ རཏྣས་དགོས་འདོད་མྱུར་དུ་གྲུབ་པའི་བརྡ༔ པདྨ་ཆགས་པ་དང་བྲལ་སྐྱོན་བྲལ་བརྡ༔ རྒྱ་གྲམ་ལས་བཞི་དང་ནི་སྐུ་ལྔ་དང་༔ ཡེ་ཤེས་སྒྱུ་འཕྲུལ་རང་བྱུང་གྲུབ་པའི་བརྡ༔ དྲིལ་བུ་སྒྱུ་འཕྲུལ་འཁོར་ལོ་ལྷུན་གྲུབ་བརྡ༔ རྡོར་དྲིལ་ཐབས་དང་ཤེས་རབ་གཉིས་མེད་བརྡ༔ རྡོ་རྗེ་རྩེ་ལྔ་དུག་ལྔ་འཇོམས་པའི་བརྡ༔ རྡོ་རྗེ་རྩེ་དགུ་ངན་རྟོག་དགུ་འཇོམས་བརྡ༔ ཁ་ཊྭཱྃ་རྩེ་གསུམ་དུག་གསུམ་གཅོད་པའི་བརྡ༔ རལ་གྲི་མ་རིག་ལོག་རྟོག་རྩད་གཅོད་བརྡ༔ གྲི་གུག་སྐྱེ་ཤི་རྩད་ནས་གཅོད་པའི་བརྡ༔ འཁོར་ལོ་འཁོར་བའི་འཁྲུལ་འཁོར་བཤིག་པའི་བརྡ༔ རིན་ཆེན་ང་རྒྱལ་གཏིང་ནས་བཤིག་པའི་བརྡ༔ པདྨ་འཁོར་བར་ཕྱིར་ཆགས་བཤིག་པའི་བརྡ༔ རྒྱ་གྲམ་ཆེ་འགྲན་ཕྲག་དོག་བཤིག་པའི་བརྡ༔ ཐོ་བ་བདག་འཛིན་འཇིགས་པ་བདག་མེད་མཚོན༔ ཕུར་པ་སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་༔ མ་རིག་འཁྲུལ་པ་རྩད་ནས་གཅོད་པའི་བརྡ༔ དེ་བཞིན་ཞི་བ་དྲག་པོ་གང་ལ་ཡང་༔ རང་རང་ཕྱག་མཚན་བརྡ་རུ་ཤེས་པ་གཙོ༔ ཟངས་ལྕགས་གསེར་དངུལ་ལ་སོགས་མ་གོལ་གཅེས༔ ཐུགས་ཀྱི་རང་མདངས་ཕྱི་རུ་མངོན་པའོ༔ དེ་ནས་ལྷ་རྣམས་གང་དང་གང་ལ་ཡང་༔ མཐིང་ནག་ཐམས་ཅད་སངས་རྒྱས་རིགས་ཀྱི་ལྷ༔ ཆོས་ཀྱི་དབྱིངས་ལ་གཡོ་བ་མེད་པའི་བརྡ༔ མཐིང་ལ་དཀར་དམར་སེར་ལྗང་མདངས་ཤར་བ༔ ལོངས་སྤྱོད་རྫོགས་སྐུ་འམ་ནི་སྤྲུལ་སྐུར་བསྒྱུར༔ དཀར་གསལ་ཐམས་ཅད་རྡོ་རྗེ་རིགས་ཀྱི་ལྷ༔ མེ་ལོང་ལྟ་བུར་འཁོར་འདས་ས་ལེར་གཟིགས༔ སེར་གསལ་ཐམས་ཅད་རིན་ཆེན་རིགས་ཀྱི་ལྷ༔ འཁོར་འདས་མཉམ་པ་ཉིད་དུ་དགོངས་པའི་བརྡ༔ དམར་གསལ་ཐམས་ཅད་པདྨ་རིགས་ཀྱི་ལྷ༔ སོ་སོར་འགྲོའམ་སོ་སོར་བརྡལ་བའི་ཐུགས༔ མཉམ་སྦྱོར་སོ་སོར་རྟོག་པའི་ཐུགས་དགོངས་ལྡན༔ ལྗང་གུ་ཐམས་ཅད་ལས་ཀྱི་རིགས་ཀྱི་ལྷ༔ ལས་དག་བྱ་བ་རང་བཞིན་ལྷུན་གྲུབ་རྫོགས༔ དེ་ཡང་ངེས་མེད་མིག་འཕྲུལ་ལྟ་བུ་ཡིན༔ ཡེ་ཤེས་གཅིག་ལ་སྤྲུལ་བསྒྱུར་བསམ་ལས་འདས༔ ཆུ་ཟླ་ལྟ་བུར་གར་དམིགས་དེར་ངེས་གྲུབ༔ མ་ངེས་རིགས་དང་མདོག་དང་ཕྱག་མཚན་སྟོན༔ མདོར་ན་རྒྱལ་ཀུན་ཡེ་ཤེས་ཀློང་དུ་གཅིག༔ ཀུན་རྫོབ་ཐབས་ཀྱི་སྣ་ཚོགས་གཟུགས་སྐུར་སྤྲུལ༔ གདུལ་བྱའི་མོས་ངོར་གྲངས་མེད་དཔག་ཡས་སྟོན༔ ཡབ་ཡུམ་ཐམས་ཅད་གཉིས་སྣང་ངོ་བོ་གཅིག༔ ཐབས་ཀྱི་རང་བཞིན་ཡབ་སྣང་ཤེས་རབ་ཡུམ༔ དབྱིངས་རིག་གཉིས་དང་ངོ་བོ་ཡུལ་ལ་སོགས༔ གཅིག་སྟེ་གཉིས་མདངས་ཡབ་ཡུམ་ཡེ་ཤེས་ལྷ༔ རང་བྱུང་ལྷུན་གྲུབ་བཅོམ་ལྡན་འཇམ་དཔལ་ཡིན༔ ཡུལ་རྣམས་རང་གྲོལ་ཨུ་མ་དབྱངས་ཅན་མ༔ རང་གསལ་སྒྱུ་འཕྲུལ་ཡེ་ཤེས་རིགས་ལྔ་སྣང་༔ དེ་ཡང་སྒྱུ་དང་འཕྲུལ་གཉིས་འདི་ལྟ་སྟེ༔ ཡེ་ནས་གཞི་ནི་ཀུན་བྱེད་རྒྱལ་པོ་སྟེ༔ མ་རིག་གཏི་མུག་དབང་གིས་བསྒྲིབས་ཏེ་མནར༔ མ་ཡེངས་ངང་ལ་མ་རིག་སངས་པར་བྱ༔ མ་རིག་ཉོན་མོངས་གཏི་མུག་ཆོ་འཕྲུལ་གྱིས༔ ཡེ་ཤེས་ལམ་སྟོན་ཉོན་མོངས་དུག་ལྔ་ཤར༔ དཔེར་ན་ཉི་མ་དང་ནི་འོད་ཟེར་བཞིན༔ སྒྱུ་འཕྲུལ་ཞི་བ་བཞི་བཅུར་ཤར་བར་གདའ༔ སྒྱུ་ནི་ཀུན་བྱེད་རྒྱལ་པོ་ཆོས་ཁམས་གཉིས༔ འཕྲུལ་ནི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གཉིས༔ དེ་ལ་དེར་མདངས་ཉོན་མོངས་དུག་ལྔ་ཡང༔ སྒྱུ་ནི་གཏི་མུག་དང་ནི་ནམ་མཁའི་ཁམས༔ འཕྲུལ་ནི་རྣམ་སྣང་དང་ནི་དབྱིངས་ཕྱུག་མ༔ སྒྱུ་ནི་ཞེ་སྡང་ས་ཁམས་གཉིས་ལ་ཡང་༔ འཕྲུལ་ནི་རྡོ་རྗེ་སེམས་དཔའ་སངས་རྒྱས་སྤྱན༔ སྒྱུ་ནི་ང་རྒྱལ་དང་ནི་ཆུ་ཁམས་གཉིས༔ འཕྲུལ་ནི་རིན་འབྱུང་དང་ནི་མ་མཱ་ཀི༔ སྒྱུ་ནི་འདོད་ཆགས་དང་ནི་མེ་ཁམས་གཉིས༔ འཕྲུལ་ནི་སྣང་མཐའ་ཡས་དང་གོས་དཀར་མོ༔ སྒྱུ་ནི་ཕྲག་དོག་དང་ནི་རླུང་ཁམས་གཉིས༔ འཕྲུལ་ནི་དོན་ཡོན་གྲུབ་དང་དམ་ཚིག་སྒྲོལ༔ དེ་བཞིན་དུག་ལྔ་ཕུང་ལྔའི་མིང་ཞེས་གཉིས༔ ལམ་ཡང་སོ་སོ་ཡིན་པའི་སྒྱུ་དང་འཕྲུལ༔ སྒྱུ་ནི་གཟུགས་ཀྱི་ཕུང་པོ་གཟུགས་ལ་འཛིན༔ འཕྲུལ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ སྒྱུ་ནི་རྣམ་ཤེས་ཕུང་པོས་རྣམ་པར་དབྱེ༔ འཕྲུལ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན༔ སྒྱུ་ནི་ཚོར་བའི་ཕུང་པོའི་སྒྲ་དྲི་ཚོར༔ འཕྲུལ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན༔ སྒྱུ་ནི་འདུ་ཤེས་ཕུང་པོའི་གཏོང་ལེན་བྱེད༔ འཕྲུལ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཡིན༔ སྒྱུ་ནི་འདུ་བྱེད་ཕུང་པོའི་བཟང་ངན་བྱེད༔ འཕྲུལ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན༔ དེ་བཞིན་ཕུང་པོ་དེ་ལ་དེར་བྱུང་བའི༔ སྒྱུ་ནི་རྣམ་ཤེས་ཚོགས་བརྒྱད་གནས་དག་པ༔ འཕྲུལ་ནི་སེམས་དཔའ་སེམས་མ་བཅུ་དྲུག་ཤར༔ སྒྱུ་ནི་རྟག་ཆད་མུ་བཞི་གནས་དག་པ༔ འཕྲུལ་ནི་སྒོ་བ་ཆེན་པོ་བཞི་རུ་ཤར༔ སྒྱུ་ནི་སྐྱེ་གནས་བཞི་པོ་གནས་དག་པ༔ འཕྲུལ་ནི་སྒོ་མ་ཆེན་མོ་བཞི་རུ་ཤར༔ སྒྱུ་ནི་ཉོན་མོངས་དྲུག་པོ་གནས་དག་ལ༔ འཕྲུལ་ནི་ཐུབ་པ་ཆེན་པོ་དྲུག་ཏུ་ཤར༔ དེ་བཞིན་མ་ནོར་ཐམས་ཅད་བསྒོམ་པ་གཙོ༔ ལྷ་ཡི་བསྐྱེད་རིམ་དགོས་པ་གང་ཞེ་ན༔ རང་གི་ལུས་འདི་ལྷ་རུ་བསྒོམ་པ་ཡིས༔ མ་དག་ལུས་སྦྱངས་ལུས་སྒྲིབ་དག་པར་འགྱུར༔ ལྷ་སྐུ་མངོན་གྱུར་སྐུ་ཡི་དབང་ཀུན་རྫོགས༔ ངག་ཀྱང་སྔགས་ཀྱི་འཁོར་ལོ་བསྒོམ་བཟླས་ན༔ མ་དག་ངག་འཆལ་ཚིག་སོགས་ཡོངས་དག་ནས༔ གསུང་དབང་མངོན་དུ་གྱུར་ཏེ་གསུང་དབང་ཐོབ༔ ཡིད་ཀྱིས་ཆོས་ཉིད་རོལ་པའི་ཏིང་འཛིན་གྱིས༔ མ་དག་འཁྲུལ་པའི་རྟོག་ཚོགས་ཀུན་དག་ནས༔ ཐུགས་སུ་མངོན་དུ་གྱུར་ཏེ་ཐུགས་དབང་ཐོབ༔ དེ་ཡི་ཕྱིར་ན་བསྐྱེད་རྫོགས་བསྒོམ་བཟླས་བསྒྲིལ༔ མདོར་ན་ལྷ་བསྐྱེད་རིམ་པ་འདི་ལྟར་ལགས༔ མེད་མཐར་སྟོང་པའི་ཡེ་གནས་སྙིང་རྗེས་ཁྱབ༔ རྒྱུ་བསྒོམ་གཞི་གནས་རིམ་ལྔ་རང་བབས་བཞག༔ སྐུ་གསུང་ཐུགས་ཡོན་རང་ཤར་སྣང་ངོ་སྟོང་༔ ཡེ་ཤེས་སྐུ་གཅིག་རྣམ་འཕྲུལ་ནང་དུ་བསྒོམ༔ རང་མདངས་བཞི་ནི་ཕྱི་ལ་བསྒོམ་པར་བཞག༔ འཛིན་ལྷོད་བཅོས་བཤིག་སུན་དཔྱོད་ཐམས་ཅད་མིན༔ གསལ་སྟོང་བརྟན་བཞག་དབབ་འདྲེན་ཚང་བར་གཏན༔ རྩ་ནོར་རྒྱུད་གོལ་ཐེ་ཚོམ་ཕྱིར་རྫོབ་ཕུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ གཞལ་ཡས་ཁང་དང་ལྷ་བསྐྱེད་པའི་ལེའུ་སྟེ་བཅུ་བཞི་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་ལྷ་རྣམས་སྤྱན་འདྲེན་དམིགས་པ་ནི༔ རང་ཉིད་ཡི་དམ་ལྷ་རུ་གསལ་བ་ཡི༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་གི་ཡི་གེ་མཐིང་ག་གསལ༔ དེ་དག་གསུམ་ལས་འོད་ཟེར་དཔག་ཡས་འཕྲོས༔ དཔེར་ན་སྐར་མ་ལ་ནི་སྐར་མདའ་འམ༔ ནམ་མཁར་གློག་འགྱུ་འོད་ཟེར་སར་ཕོག་ལྟར༔ སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ༔ མ་ལུས་ཁྱབ་སྟེ་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས༔ ཡེ་ཤེས་ལྷ་རྣམས་ཀུན་གྱི་ཐུགས་ཀར་ཕོག༔ མཉེས་མཆོད་ཕུལ་ཞིང་སྐུ་གསུང་ཐུགས་རྒྱུད་བསྐུལ༔ དམ་ཚིག་དབང་གིས་སྤྱན་དྲང་བསྟིམ་པ་ནི༔ ཤོག་སྐྱ་རླུང་གིས་བསྐྱོད་དམ་ཁབ་ལེན་རྡོས༔ ལྕགས་བླང་ལྟ་བུ་དང་ནི་ཁར་ཆར་ལྟར༔ རང་དབང་མེད་པར་སྐད་ཅིག་སྤྱན་དྲངས་ནི༔ ནམ་མཁར་སྤྲིན་ལྟར་འཐིབས་ཤིང་བར་སྣང་ལ༔ ན་བུན་ལྟར་འཐིབས་ས་གཞིར་ཁ་བབས་ལྟར༔ རྒྱལ་བའི་ཞིང་ནས་སངས་རྒྱས་བྱང་སེམས་རྣམས༔ མ་ལུས་ཡི་དམ་ལྷ་དེའི་སྐུ་གསུང་ཐུགས༔ རྒྱན་ཆ་སྐུ་མདོག་ཕྱག་མཚན་རྣམ་རོལ་དུ༔ རང་དང་མདུན་བསྐྱེད་སྒྲུབ་རྫས་ཐམས་ཅད་ལ༔ མཚོ་ལ་ཁ་བ་བབས་ལྟར་སིབ་སིབ་བསྟིམ༔ ཡི་དམ་དེ་དང་དེ་མིན་ལྷ་རྣམས་ཀུན༔ དབུ་སྐྲ་དར་དཔྱངས་ཐམས་ཅད་པུ་རུ་རུ༔ གླུ་ལེན་གར་བྱེད་རོལ་མོ་འུ་རུ་རུ༔ འཇའ་འོད་མེ་དཔུང་སྤྲིན་ལྟར་ཐིབས་སེ་ཐིབ༔ སྐུ་ཡིག་ཕྱག་མཚན་སྣ་ཚོགས་ད་ལ་ལ༔ དྲི་བཟང་སྣ་ཚོགས་ན་བུན་ཐུ་ལུ་ལུ༔ རང་ལ་ཐིམ་པ་འདི་ལྟར་ཡིད་ཡུལ་དུ༔ མཚོ་ལ་ཁ་བ་བབས་ལྟར་སིབས་སེ་སིབ༔ དཔེར་ན་མིག་ཡོར་ལྟ་བུ་གཉིས་སྣང་གཅིག༔ རྒྱལ་ཀུན་མ་ལུས་རང་ལ་བསྟིམ་ནས་སུ༔ གཟི་བརྗིད་འོད་འབར་འོད་ཕུང་འབར་བར་བསམ༔ རིགས་ཀུན་དཀྱིལ་འཁོར་གཅིག་གིས་འགྲུབ་པ་ཡིས༔ མན་ངག་ཡང་ཟབ་འདི་ཉིད་མ་ནོར་བསྒོམ༔ དེ་མིན་ལྷ་གཅིག་བསྒོམ་པས་གཞན་གཉིས་འགྱུར༔ དབྱེ་ན་སྤྱན་འདྲེན་དུས་སུ་འདི་ལྟར་བསྒོམ༔ གཞིར་གནས་དབང་འབྱོར་དྲངས་དབབ་རང་དབང་བསྐུར༔ གྲངས་མེད་བསམ་ཡས་འབྲེལ་འཇོག་ལྷར་མངོན་བྱང་༔ རེ་དོགས་མཚན་འཛིན་ཀུན་བྲལ་འདུན་སེམས་ལྷར༔ མ་དོར་མི་འཛིན་སྣང་རིག་གཉིས་མེད་དབབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ སྤྱན་འདྲེན་རིམ་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་བཞུགས་གསོལ་དུས་སུ་འདི་ལྟར་བསྒོམ༔ རང་ཉིད་ཡི་དམ་ལྷ་ཡི་གནས་རྣམས་ནས༔ མཆོད་པའི་ལྷ་མོ་སྣང་སྲིད་ཁྱབ་པར་འཕྲོས༔ ལྷ་རྣམས་གང་ལ་གང་དགྱེས་གདན་རྣམས་ནི༔ མཛེས་འཇམ་མདངས་ལྡན་ཡིད་འོང་གདན་ཕུལ་ནས༔ ལྷ་རྣམས་བདེ་བའི་ཉམས་དང་ལྡན་པར་བསམ༔ ཁྲོ་བོ་རྣམས་ལ་པདྨ་ཉི་མ་དང་༔ བམ་རོ་ཕོ་མོའི་གདན་ནི་ཕུལ་བསམ་ཞིང་༔ ཞི་བ་ལ་ནི་པདྨའི་གདན་སྟེངས་སུ༔ རིན་ཆེན་ཟུར་བརྒྱད་ཟླ་བའི་གདན་ཕུལ་བསམ༔ ཞི་མ་ཁྲོ་ལ་པདྨ་ཉི་ཟླའི་གདན༔ དེ་དག་ལ་ནི་གང་མཐུན་གདན་ཕུལ་མོས༔ དེ་ནས་བཞུགས་གསོལ་དམིགས་རིམ་འདི་ལྟར་དམིགས༔ རང་ལས་གར་མཁན་རེ་མདུན་བསམ་ཡས་ནས༔ བཅུ་གཉིས་སྐྱོན་བྲལ་བརྡ་དང་ཐབས་ཤེས་བརྡ༔ གདན་ཕུལ་དེར་བརྟན་སྣང་ཉམས་བརྒྱད་དུ་ཕེབས༔ ཅིར་སྣང་གང་མོས་དག་གཉིས་རྩལ་དགོངས་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ བཞུགས་གསོལ་དམིགས་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ༠༠༠བརྡ་ཡིག༢༦༨དེ་ནས་ཕྱག་འཚལ་དུས་སུ་འདི་ལྟར་དམིགས༔ རང་ལས་རང་འདྲ་དཔག་མེད་གྲངས་མེད་འཕྲོས༔ སངས་རྒྱས་བྱང་སེམས་རེ་རེའི་མདུན་དུ་ནི༔ ཞིང་རྡུལ་གྲངས་ཙམ་རེ་རེ་འཕྲོས་ནས་སུ༔ ལུས་ཀྱིས་ཕྱག་འཚལ་ངག་གིས་གསོལ་འདེབས་ཤིང་༔ ཡིད་ཀྱིས་ཁྱེད་ཤེས་སྒོ་ནས་སྒྲིབ་པ་བཤགས༔ སྒོ་གསུམ་གུས་འདུད་དམིགས་པ་དང་བཅས་བསྒྲིལ༔ དེ་ནས་ཕྱག་འཚལ་དམིགས་རིམ་མདོར་ན་ནི༔ རང་ལ་རང་འདྲ་བསམ་འདས་ངང་སྤྲུལ་ཅིང་༔ རེ་རེའི་མདུན་ཡང་ཞིང་རྡུལ་བྱེ་སྙེད་ཀྱིས༔ སྒོ་གསུམ་གུས་འདུད་མ་ལྔ་སར་གཏུག་ཅིང་༔ ཐལ་སྦྱར་སྦྱོར་མཚམས་བསམ་འཕེལ་ལས་མཆོད་སྤྲིན༔ བདུན་ལྔ་གསུམ་དང་བཅུ་སོགས་བསམ་འདས་ཕུལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ ཕྱག་འཚལ་གྱི་ལེའུ་སྟེ་བཅུ་བདུན་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་མཆོད་འབུལ་དུས་སུ་འདི་ལྟར་བསྒོམ༔ རང་གི་རིག་པ་ཡི་དམ་ལྷ་ཡི་སྐུ༔ སྤྲུལ་པའི་འཁོར་དང་སྟོང་ཁམས་ཡུམ་དང་བཅས༔ ཚངས་བུག་སྒོ་ནས་སྐར་མདའ་བཞིན་དུ་ཐོན༔ རང་སྣང་ཀློང་དུ་སྐུ་དང་ཞིང་རྫོགས་རིག༔ གཟུགས་ཕུང་ཧར་གྱིས་ཞིག་ནས་མཆོད་སྤྲིན་ནི༔ མིག་ནས་གཟུགས་མཛེས་གྲངས་མེད་འཕྲོས་ནས་ནི༔ སངས་རྒྱས་བྱང་སེམས་རེ་རེའི་སྤྱོད་ཡུལ་དུ༔ དཔག་མེད་བྱུང་ནས་སྤྱན་ལ་མཆོད་པ་འབུལ༔ སླར་ཡང་སྤྱན་གྱི་དབང་པོ་ལ་ཐིམ་བསམ༔ རྣ་བ་ལས་ནི་སྒྲ་སྙན་ཐོགས་པ་ཡི༔ སྔར་བཞིན་སྒྲ་སྙན་སྣ་ཚོགས་སྒྲོགས་པ་ཡི༔ ལྷ་མོ་གྲངས་མེད་འཕྲོས་ནས་ལྷ་རྣམས་ཀྱི༔ སྙན་ལ་མཆོད་འབུལ་སྙན་གྱི་དབང་པོར་ཐིམ༔ སྣ་ལས་དྲི་བཟང་ཐོགས་པའི་ལྷ་མོ་འཕྲོས༔ ཤངས་ལ་མཆོད་འབུལ་ཤངས་དབང་ལ་ཐིམ་བསམ༔ ལྕེ་ལས་རོ་ལྡན་ཐོགས་པའི་ལྷ་མོ་འཕྲོས༔ ལྷ་རྣམས་ལྗགས་ལ་མཆོད་འབུལ་ལྗགས་དབང་ལ༔ ལུས་ལས་རེག་བྱའི་ལྷ་མོས་ན་བཟའ་ཐོགས༔ གྲངས་མེད་རྒྱལ་བའི་སྐུ་མཆོད་སྐུ་ལ་ཐིམ༔ གཞན་ཡང་ཕུང་པོ་མི་ཟད་འདོད་འབྱུང་ལ༔ དྲི་ཆེན་དྲི་ཆུ་གོ་རོ་ཙ་ན་དང་༔ བྱང་སེམས་དཀར་པོ་རཀྟ་དམར་པོ་དང་༔ མི་རྟ་གླང་ཆེན་ཁྱི་དང་རྨ་བྱ་སོགས༔ ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་གྱི༔ རབ་འབྱམས་རྒྱལ་བའི་ཞིང་ཁམས་ཐམས་ཅད་ཁྱབ༔ ཟག་མེད་བདུད་རྩི་ལྗགས་ཀྱི་སྦུ་གུར་དྲངས༔ རྐན་སྒྲ་དང་བཅས་ལྷ་རྣམས་ཀྱིས་གསོལ་ཞིང་༔ ཟག་མེད་བདེ་བ་བསྐྱེད་དེ་མཉེས་པར་བསམ༔ དེ་ནི་བླ་མེད་མཆོག་གི་མཆོད་པ་ཆེ༔ ཚོགས་རྫོགས་དོན་གཉིས་ལྷུན་གྲུབ་ཁྱད་ཆོས་ཡིན༔ དེ་མིན་འདི་ལྟར་བསྒོམ་པའི་རིམ་པ་ནི༔ རང་དང་བཤམས་པའི་མཆོད་རྫས་ཐམས་ཅད་ལ༔ མཆོད་པའི་ལྷ་མོ་གྲངས་མེད་སྤྲོས་ནས་སུ༔ སངས་རྒྱས་བྱང་སེམས་རེ་རེའི་སྤྱོད་ཡུལ་དུ༔ སྟོང་གསུམ་ས་ཡི་རྡུལ་གྱི་གྲངས་ཙམ་རེ༔ འཕྲོས་ནས་སྐུ་གསུང་ཐུགས་ལ་མཆོད་འབུལ་བསམ༔ ཕྱི་ལྟར་མཚོ་དང་རྫིང་བུ་ཐམས་ཅད་ཀུན༔ ཡན་ལག་བརྒྱད་དང་ལྡན་པའི་རྒྱ་མཚོར་དམིགས༔ མཆོད་ཡོན་ཡིན་ཏེ་རྩ་བ་གསུམ་ལ་འབུལ༔ ལྟེང་ཀ་ཆུ་ངོག་ཐམས་ཅད་ཞབས་བསིལ་ཡང་༔ གོང་བཞིན་ཡན་ལག་བརྒྱད་ལྡན་བདུད་རྩིར་དམིགས༔ ས་གཞི་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་པའི༔ མེ་ཏོག་པདྨ་འདབ་སྟོང་གྱེས་པ་དམིགས༔ ལྷོ་སྤྲིན་ན་བུན་གང་བྱུང་ཐམས་ཅད་ཀུན༔ དྲི་ཞིམ་སྤོས་མཆོག་ཡིད་འོང་ཆེན་པོར་དམིགས༔ ཉི་མ་ཟླ་བ་སྐར་ཚོགས་ཐམས་ཅད་ནི༔ སྣང་གསལ་འཁོར་འདས་ཡོངས་ཀུན་འོད་ཁྱབ་དམིགས༔ ཁྲོན་པ་དང་ནི་འབབ་ཆུ་ཐམས་ཅད་ཀུན༔ ཡིད་འོང་དྲི་ལྡན་དྲི་ཆབ་དམ་པར་དམིགས༔ རི་རབ་ཐམས་ཅད་རོ་བརྒྱ་ལྡན་པ་ཡི༔ ཞལ་ཟས་འདོད་འབྱུང་དམ་པ་དག་ལ་དམིགས༔ འབྲུག་དང་རླུང་སྒྲ་ལ་སོགས་འབྱུང་བཞིའི་སྒྲ༔ སྙན་པའི་རོལ་མོ་ཡིད་འོང་དམ་པར་དམིགས༔ ནང་ལྟར་གཏོར་མའི་ཨོཾ་ཨཱཿཧཱུྃ་གསུམ་ལས༔ གཟུགས་ནི་མེ་ལོང་སྣང་གསལ་ཉི་ཟླ་ཐོགས༔ སྒྲ་ནི་པི་ཝཾ་གླིང་བུ་ལ་སོགས་པའི༔ རོལ་མོའི་རིགས་བྱེད་ཐོགས་པའི་ལྷ་མོ་འཕྲོས༔ དྲི་ནི་སྤོས་དང་དྲི་ཆབ་ལྷ་མོ་འཕྲོས༔ རོ་ནི་ཞལ་ཟས་རོ་བརྒྱ་ཐོགས་པ་འཕྲོས༔ རེག་བྱ་ན་བཟའི་རིགས་བྱེད་དཔག་མེད་ནི༔ གུང་བ་རྡོ་རྗེའི་མཚན་ཅན་ཐོགས་པའོ༔ དེ་བཞིན་བཀྲ་ཤིས་བརྒྱད་དང་རྒྱལ་སྲིད་བདུན༔ དེ་དག་ལ་སོགས་མཆོད་པའི་ལྷ་མོ་ནི༔ སངས་རྒྱས་བྱང་སེམས་རྩ་གསུམ་རྒྱ་མཚོ་ཡི༔ རེ་རེའི་མདུན་དུ་ཞིང་རྡུལ་གྲངས་ཙམ་རེས༔ དབང་པོ་སོ་སོར་རིམ་བཞིན་མཆོད་འབུལ་བསྟིམ༔ གསང་བ་ཡེ་ཤེས་ལས་གྲུབ་ཀ་པཱ་ལར༔ འདོད་ཡོན་ལྔ་སོགས་རང་བཞིན་རང་བྱུང་བའི༔ ཡེ་ཤེས་བདུད་རྩི་རྒྱ་མཚོ་ཆེན་པོ་ནི༔ མཐོང་ཐོས་དྲན་རེག་མ་ལུས་ཐམས་ཅད་ཀུན༔ ཟག་མེད་བདེ་བ་བསྐྱེད་ནུས་རང་བཞིན་དམིགས༔ ཁོལ་ཞིང་ལུད་པས་འཁོར་འདས་ཡོངས་ཁྱབ་དམིགས༔ ལྦུ་བ་ལ་ནི་གཟུགས་མཛེས་སྣ་ཚོགས་འཕྲོས༔ ཁོལ་བའི་སྒྲ་ལ་སྒྲ་སྙན་སྣ་ཚོགས་འཕྲོས༔ ངད་པ་ལ་ནི་དྲི་ཞིམ་དཔག་མེད་འཐུལ༔ ངོ་བོ་ལ་ནི་རོ་མངར་ཞིམ་པའི་རོ༔ རླངས་པ་ལ་ནི་རེག་འཇམ་དཔག་མེད་འཕྲོས༔ གང་རེག་ཟག་མེད་བདེ་བ་བསྐྱེད་པར་བསམ༔ རྒྱལ་བའི་ལྗགས་ནི་རྡོ་རྗེའི་སྦུ་གུ་ཅན༔ དཔེར་ན་ཆུ་ལ་ཉི་ཟེར་ཕོག་པ་ལྟར༔ བདུད་རྩིའི་རྒྱ་མཚོ་ལྗགས་ཀྱི་སྦུ་གུར་དྲངས༔ རྐན་སྒྲ་དང་བཅས་ཀུན་གྱིས་བཞེས་ནས་སུ༔ ཟག་མེད་བདེ་བ་དཔག་མེད་བསྐྱེད་པར་བསམ༔ འགྲོ་བའི་ཚོགས་རྫོགས་སྒྲིབ་སྦྱང་ཆེད་དུ་བསམ༔ བྷནྡྷ་ལྕང་ལོ་བཅས་པའི་སྣོད་ནང་དུ༔ འགྲོ་བའི་དུག་ལྔ་དབྱིངས་སྒྲོལ་རཀྟ་འཁྱིལ༔ དེ་ཡང་ངོ་བོ་ཟག་མེད་བདུད་རྩིར་དམིགས༔ ཁོལ་ཞིང་ལུད་པས་སྣང་སྲིད་ཁྱབ་པར་བསམ༔ གོང་བཞིན་ལྗགས་ཀྱི་སྦུ་གུ་ནས་དྲངས་ཏེ༔ བཞེས་པས་ཟག་མེད་བདེ་བ་བསྐྱེད་པར་བསམ༔ གཞན་ཡང་བཤམས་པའི་མཆོད་རྫས་ཐམས་ཅད་ལས༔ སྣང་སྲིད་འཁོར་འདས་ཡོངས་ལ་ཁྱབ་པར་བསམ༔ མདོར་ན་མཆོད་རྫས་བྱིན་རླབས་འདི་ལྟར་བསྒོམ༔ སྣོད་བཅུད་དབྱིངས་བསྡུས་ཕྱི་ནང་མཆོད་སྤྲིན་ཤར༔ མེད་ངང་ཡོད་སྤྲུལ་བདེ་སྟོང་ཡེ་ཤེས་བསྐུལ༔ ཞེན་འཛིན་བླང་དོར་མེད་པའི་སྟོང་པ་ཤར༔ སྒྱུ་སྣང་ཙམ་ལས་བླང་བསྡུམས་ལྷ་ལ་འབུལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ མཆོད་འབུལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་བསྟོད་པའི་དུས་སུ་འདི་ལྟར་དམིགས༔ རང་ལས་སྤྲུལ་པའི་དཔའ་བོ་དཔའ་མོ་ནི༔ བྱེ་བ་དཔག་མེད་བསམ་ཡས་སྤྲུལ་ནས་སུ༔ སྐུ་ཡིས་གར་བྱེད་ངག་ནས་ཚངས་དབྱངས་ལེན༔ ཕྱག་ནས་སྙན་པའི་རོལ་མོའི་སྒྲ་སྒྲོགས་ཤིང་༔ ཡི་དམ་ལྷ་ཚོགས་རྣམས་ལ་བསྟོད་པར་བསམ༔ ལ་ལས་ཕྱག་འཚལ་ལ་ལས་གར་བྱེད་དམིགས༔ རང་ཡང་གུས་པ་ཆེན་པོའི་ངང་ནས་བསྟོད༔ མདོར་ན་བསྟོད་པའི་རིམ་པ་འདི་ལྟར་ལགས༔ རང་ལས་རང་སྤྲུལ་དཔག་ཡས་ཆོ་རོལ་གྱི༔ རེ་རེའི་སྤྱན་ལམ་རྡུལ་གྲངས་དཔག་མེད་ནས༔ གུས་གསུམ་དབྱངས་སྒྲ་སྤྲོ་བ་དྲག་པོ་ངར༔ རང་བྱུང་གཞན་ཤར་གདངས་ལ་རིག་པས་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ རང་བྱུང་རིག་པའི་ངོ་མཚར་དགའ་བསྟོད་ཀྱི་ལེའུ་སྟེ་བཅུ་དགུ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་གསོལ་བ་འདེབས་པའི་དུས་སྐབས་སུ༔ མར་གྱི་འཁོར་བར་བྲེད་པའི་སེམས་བསྔངས་ཤིང་༔ དཔེར་ན་མི་ཞིག་དོང་དུ་ལྷུང་འགྲོའི་སར༔ ཤིང་གཅིག་ཕྲ་གཉོམ་ཟིན་ལ་འཇུ་འདུག་པས༔ ལ་ཁར་མི་ཞིག་འགྲོ་མཐོང་དེ་ལ་ནི༔ དང་པོ་ཨ་ཧོ་མི་ཁྱོད་ང་ལ་གསོན༔ བདག་ནི་ཡར་ལ་དྲོངས་དང་མ་ཤིའི་བར༔ ཁྱོད་ཀྱི་བྲན་དུ་མཆིའོ་ཞེས་ཟེར་བཞིན༔ དེ་བཞིན་བརྒྱུད་པའི་བླ་མ་ཡི་དམ་ལྷ༔ མ་ཚོགས་མཁའ་འགྲོ་ཡེ་ཤེས་དམ་ཅན་ལ༔ གསོལ་བ་སྙིང་ནས་འབོད་པ་གསོན་མཛོད་ཅེས༔ འཁོར་བའི་རྒྱ་མཚོ་འདི་ལས་བདག་དྲོངས་ལ༔ བློ་ལྡོག་ངེས་པར་བྱེད་པའི་ཆོས་ཉིད་ཞིག༔ བདག་ལ་སྩོལ་ཅིག་བསམ་པ་འདི་ལྟར་དུ༔ མིག་ནས་མཆི་མ་རྡོལ་ཙམ་དད་གུས་འབོད༔ མདོར་ན་གསོལ་འདེབས་དུས་སུ་འདི་ལྟར་བསྒོམ༔ བརྒྱུད་གསུམ་རིགས་ཀུན་གནས་གསུམ་མོ་རྒྱུད་ཚོགས༔ དྲན་ཙམ་དུཿཁར་བློ་བྲེད་ངེས་ངེས་འབྱུང་༔ གསོན་ཞུ་བསླང་སློང་ཇི་བཞིན་སྒོ་གསུམ་འདུད༔ ཁྱེད་ཤེས་བློ་ཁེལ་རེ་དོགས་མདུད་རྒྱ་བཅད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ གསོལ་བ་སྙིང་ནས་འདེབས་པའི་ལེའུ་སྟེ་ཉི་ཤུ་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་འཛབ་བཟླས་དམིགས་འཁོར་རྒྱ་མཚོ་ནི༔ རང་ཉིད་ཡི་དམ་ལྷ་ཉིད་གསལ་བ་ཡི༔ སྙིང་དབུས་ཡེ་ཤེས་སེམས་དཔའ་ཚོན་གང་ཙམ༔ དེ་ཡི་ཐུགས་ཀར་ཕྱག་མཚན་ནས་འབྲུ་ཙམ༔ དེ་དབུས་སེམས་ཀྱི་དྭངས་མ་མཐིང་ནག་གསལ༔ དབུགས་ཀྱི་དྭངས་མ་ལྗང་གུ་གསལ་ལ་འཚེར༔ ཤ་ཡི་དྭངས་མ་སེར་གསལ་འོད་དང་ལྡན༔ ཁྲག་གི་དྭངས་མ་དཀར་གསལ་འོད་དུ་འཁྱིལ༔ དྲོད་ཀྱི་དྭངས་མ་དམར་གསལ་སྣུམ་འདྲིལ་མདངས༔ ལྔ་པོ་ཐིག་ལེ་གཅིག་གི་མདངས་ལ་ཤར༔ དེ་དབུས་ཉི་ཟླའི་གྭའུ་ཡུངས་འབྲུ་ཙམ༔ དེ་དབུས་སྲོག་ཡིག་སྤུ་རིས་ཙམ་གཅིག་གསལ༔ ཡི་གེ་དབུ་ཅན་ཚག་དྲག་རྒྱབ་ཕྱོགས་བསྟན༔ དེ་མཐར་སྔགས་ཕྲེང་ཧྲིག་གེར་འཁོར་བ་ལས༔ འོད་འཕྲོས་རྒྱལ་བའི་ཞིང་ཁམས་རབ་འབྱམས་ནས༔ སངས་རྒྱས་བྱང་སེམས་རྩ་གསུམ་རྒྱ་མཚོའི་ཚོགས༔ ཀུན་ལ་ཕོག་པས་ཐུགས་དམ་རྒྱུད་བསྐུལ་ནས༔ མཚོ་ལ་ཁ་བ་བབས་ལྟར་རང་ལ་བསྟིམ༔ རང་ཉིད་གཟི་བརྗིད་འོད་ཕུང་དཔག་མེད་འབར༔ རང་གི་བ་སྤུའི་བུ་ག་ཐམས་ཅད་ནས༔ སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་ནི༔ མ་ལུས་འོད་ཀྱི་བུམ་སྐུར་ལྷུན་གྲུབ་བསམ༔ བ་སྤུ་ཐམས་ཅད་རིག་འཛིན་མཁའ་འགྲོའི་སྐུ༔ ཡ་སོ་དཔའ་བོ་མ་སོ་དཔའ་མོའི་སྐུ༔ དེ་དག་སྐུ་ཡིས་གར་བྱེད་ཤིགས་སེ་ཤིག༔ ངག་གིས་འཛབ་དབྱངས་གླུ་ལེན་ཀྱུ་རུ་རུ༔ རང་དང་དབྱེར་མེད་སྔགས་སྒྲ་སྒྲོགས་པར་བསམ༔ ནམ་མཁས་གར་ཁྱབ་སེམས་ཅན་རྣམས་ཀྱིས་ཁྱབ༔ སེམས་ཅན་ཤར་ཁྱབ་སྡུག་བསྔལ་འཁོར་ལོས་ཁྱབ༔ འདི་དག་ངན་སོང་སྡུག་བསྔལ་ལས་སྒྲོལ་ནས༔ རྣམ་མཁྱེན་སངས་རྒྱས་ཐོབ་པའི་ཆེད་དུ་དམིགས༔ རབ་ནི་འཁོར་ཡུག་མི་ཚིག་བཅད་ཅིང་བཟླ༔ འབྲིང་ནི་ཐུན་སྐབས་བར་དུ་མི་ཚིག་བཅད༔ ཐ་མ་བརྒྱ་འཁོར་བར་དུ་མཚམས་མ་བཅད༔ དེ་ལྟར་བསྙེན་པའི་དུས་སུ་ནན་ཆེར་བསྒོམ༔ དེ་ནས་སྒྲུབ་པའི་དུས་སུ་དམིགས་པ་ནི༔ ཧཱུྃ་གི་ཐིག་ལེ་ལས་ནི་སྔགས་ཕྲེང་འཕྲོས༔ ཡུམ་ཅན་ཡུམ་གྱི་ཞལ་དུ་ཞུགས་ནས་ནི༔ ཡུམ་གྱི་པདྨ་ནས་ཐོན་རང་ཉིད་ཀྱི༔ རྡོ་རྗེའི་སྦུབས་ཞུགས་ཧཱུྃ་གི་ཞབས་ཀྱུར་ཐིམ༔ ཡུམ་མེད་པ་རྣམས་མདུན་བསྐྱེད་ཞལ་དུ་ཞུགས༔ མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་རྗེ་བྱིན་རླབས་དང་བཅས་མདུན་བསྐྱེད་ཀྱི༔ རྡོ་རྗེའི་སྦུབས་ནས་ཐོན་ཏེ་རང་ཉིད་ཀྱི༔ རྡོ་རྗེའི་སྦུབས་སུ་ཡར་ཞུགས་སྙིང་གར་ཐོན༔ ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་དམིགས༔ དང་པོ་བར་མེད་དལ་དུ་འཁོར་བར་བསམ༔ སྔགས་ཕྲེང་བར་མ་ཆད་པར་འོད་ཟེར་གྱི༔ ལུ་གུ་རྒྱུད་དུ་འབྲེལ་ཏེ་འཁོར་བར་བསམ༔ ཞི་བའི་དུས་སུ་ལྷ་སྔགས་འོད་ཟེར་བཅས༔ དཀར་གསལ་ལུ་གུ་རྒྱུད་དུ་འཁོར་བ་ལས༔ འོད་ཟེར་དཔག་མེད་འཁོར་འདས་ཡོངས་ལ་ཁྱབ༔ སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་དང་༔ ཡི་དམ་ལྷ་ཚོགས་མ་རྒྱུད་མཁའ་འགྲོ་དང་༔ ཡེ་ཤེས་ཆོས་སྐྱོང་རྒྱ་མཚོ་ཀུན་ལ་ཕོག༔ ཐུགས་དམ་རྒྱུད་བསྐུལ་ཐུགས་རྗེ་བྱིན་རླབས་ཀུན༔ འོད་ཟེར་དཀར་གསལ་དུང་མདོག་རྣམ་པར་བསྡུས༔ རང་ལ་ཐིམ་པས་ལས་སྒྲིབ་ནད་གདོན་རྣམས༔ འོད་ནག་ཚུལ་དུ་ཆོས་དབྱིངས་མཁའ་ལ་ཐིམ༔ རང་ལུས་དཀར་གསལ་ཤེལ་གོང་ལྟ་བུར་གྱུར༔ སྔགས་ཕྲེང་བདག་མདུན་བར་དུ་དལ་འཁོར་ལས༔ འོད་ཟེར་དུང་མདོག་སྣང་སྲིད་ཁྱབ་པར་འཕྲོས༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན་ལ་ཕོག༔ ཚེ་རབས་བསགས་པའི་ལས་ཉོན་སྡིག་སྒྲིབ་རྣམས༔ བ་མོ་ཉི་ཟེར་ཕོག་ལྟར་སངས་ཀྱིས་དག༔ ཐམས་ཅད་ཡི་དམ་ལྷ་དེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་གོ་འཕང་མཆོག་ཐོབ་ནས༔ རང་གིས་སྔགས་བཟླས་ཐམས་ཅད་ཀུན་གྱིས་ཐོས༔ ཐོས་མ་ཐག་ཏུ་རང་རང་སོ་སོ་ཡིས༔ ལྷར་བསྐྱེད་ཏིང་འཛིན་སྔགས་སྒྲ་སྒྲོགས་པར་བསམ༔ སྣང་སྲིད་འུར་ཆེམ་འཇིག་རྟེན་གཡོ་བར་བསྒོམ༔ རྒྱས་པའི་དུས་སུ་ལྷ་སྔགས་འོད་ཟེར་སེར༔ སྣང་སྲིད་ཁམས་དང་འཁོར་འདས་ཡོངས་ལ་ཁྱབ༔ སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དང་༔ མ་མོ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས༔ རྒྱ་བོད་མཁས་གྲུབ་ལོ་པཎ་ཐམས་ཅད་དང་༔ བྱང་ཆུབ་སེམས་དང་ཡོན་ཏན་ཁྱད་པར་ཅན༔ དཀར་པོ་ཆོས་ལ་མོས་པ་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་ཚེ་བསོད་ཡོན་ཏན་ཀུན༔ རྒྱུད་སྡེ་ལ་སོགས་སྣང་སྲིད་ཁམས་འདི་ན༔ ཆོས་གཟུགས་ཡི་གེ་འབྲུ་གཅིག་ཡན་ཆད་ཀྱི༔ ཐུགས་རྗེ་བྱིན་རླབས་གཅིག་ཀྱང་མ་ལུས་པ༔ འོད་ཟེར་གསེར་མདོག་རྣམ་པར་རང་ལ་བསྟིམ༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་པར་བསམ༔ འགྲོ་བའི་སྒྲིབ་སྦྱངས་སྔགས་བཟླས་གོང་བཞིན་ལ༔ ཕྱི་སྣོད་འཇིག་རྟེན་འོག་མིན་ལ་སོགས་གནས༔ ནང་བཅུད་སྐྱེ་འགྲོ་ལྷ་དང་ལྷ་མོར་གསལ༔ འབྱུང་ལྔའི་སྒྲ་ཡང་སྔགས་དེའི་སྒྲ་རུ་གསལ༔ དབང་གི་དུས་སུ་ལྷ་སྔགས་འོད་ཟེར་དམར༔ དམར་ལ་གསལ་བའི་འོད་ཟེར་དཔག་མེད་འཕྲོས༔ སངས་རྒྱས་བྱང་སེམས་རྩ་གསུམ་རྒྱ་མཚོར་ཕོག༔ ཐུགས་རྗེ་བྱིན་རླབས་དངོས་བཅས་མ་ལུས་པ༔ དབང་བསྡུས་ཚུལ་དུ་རང་ལ་སིབ་སིབ་བསྟིམ༔ རྒྱལ་ཀུན་སྐུ་དང་སྔགས་ཕྲེང་གཅིག་པར་བཟླས༔ སླར་ཡང་སྔགས་ཕྲེང་བར་མེད་འཁོར་བ་ལས༔ འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་མེད་ནི༔ སྣང་སྲིད་ཁམས་ཀུན་མ་ལུས་ཁྱབ་པར་སྤྲོས༔ ལྷ་སྲིན་སྡེ་བརྒྱད་མ་ལུས་ཐམས་ཅད་དང་༔ སྣང་སྲིད་ལྷ་འདྲེ་མ་ལུས་ཀུན་ལ་ཕོག༔ རང་དབང་མེད་པར་ཁབ་ལེན་རྡོ་བཞིན་དུ༔ བཀུག་ནས་རང་གི་མདུན་དུ་ཕབ་པ་ལ༔ ཚ་བ་མེས་གཟིར་སྤུ་གྲི་རླུང་གིས་གཏུབས༔ རྡོ་རྗེ་ཕུར་པ་ལྕགས་སྡིག་རྣམས་ཀྱིས་བརླག༔ སྐད་ཅིག་མི་བཟོད་སྔངས་སྐྲགས་འཇིགས་སྣང་གི༔ ཅི་བཅོལ་ལས་སྒྲུབ་ཅི་བསྒོའི་ལས་བགྱིད་དོ༔ ཟེར་ཞིང་ཁས་ལེན་མནའ་བོར་དམ་བཅས་ནས༔ དེ་མ་ཐག་ཏུ་ལྷ་འདྲེས་ཟས་ནོར་སྤུང་༔ དམ་ལ་འདའ་དབང་མེད་པར་རྡོ་རྗེ་གཏམས༔ ཕྲིན་ལས་བསྒྲུབ་ཞེས་ཁས་བླངས་བྲན་ཁོལ་བསམ༔ ཕྱི་ནང་སྣོད་བཅུད་སྒྲ་གྲགས་སྒྲིབ་སྦྱངས་ནི༔ གོང་ལྟར་གསལ་ཏེ་དབང་གི་དམིགས་བཟླས་བསྒྲིལ༔ དྲག་པོའི་དུས་སུ་ལྷ་སྔགས་འོད་ཟེར་ནག༔ མཐིང་ནག་འོད་ཟེར་རྒྱལ་བའི་ཞིང་ཀུན་ཁྱབ༔ སངས་རྒྱས་བྱང་སེམས་བཀའ་བརྒྱུད་བླ་མ་རྣམས༔ དྲག་པོ་ཁྲོ་བོ་ཁྲོ་མོ་མ་ལུས་པ༔ ཐམས་ཅད་དམ་ཚིག་དབང་གིས་སྤྱན་དྲངས་ནས༔ རང་ལ་ཁ་བ་བབས་ལྟར་སིབ་སིབ་བསྟིམ༔ སྔགས་ཕྲེང་དྲག་ཏུ་འཁོར་བའི་འོད་ཟེར་ནི༔ དྲག་ཅིང་ཚ་ལ་རྩུབ་པ་དཔག་མེད་འཕྲོས༔ གང་དག་སྣང་ཞིང་སྲིད་པའི་ཁམས་འདི་ན༔ ཞི་བས་མ་ཐུལ་རྒྱལ་བསེན་དམ་སྲི་དང་༔ རྒྱ་འདྲེ་བདུད་རིགས་བགེགས་ཚོགས་མ་ལུས་ལ༔ ཕོག་སྟེ་མེར་བསྲེག་སྤུ་གྲི་རླུང་གིས་གཏོར༔ མཚོན་ཆའི་ཆར་ཕབ་ཐུན་གྱི་ཚྭ་ཚྭས་གཟེར༔ ཐམས་ཅད་བརྒྱལ་བསྔངས་བྲེད་ཅིང་དབང་མེད་པར༔ བདག་ཅག་ཇི་སྲིད་འཁོར་བ་མ་སྟོང་བར༔ ཁྱེད་ཀྱིས་ཅི་བསྒོའི་བཀའ་བསྒྲུབ་འབངས་སུ་མཆི༔ འཁོར་དུ་གཏོགས་པ་གང་དག་སུ་ཡང་རུང་༔ ཅི་བསྒོའི་བཀའ་བསྒྲུབ་ཕྲིན་ལས་བསྒྲུབ་ཞེས་ཟེར༔ དེ་ལྟར་ཁས་བླངས་དམ་བཅས་མནའ་བོར་བསམ༔ དེ་མ་ཐག་ཏུ་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་གནམ་ལྕགས་ཕུར་པ་རེ་ཟུག་བསམ༔ བཀའ་བཞིན་བསྒྲུབ་ན་སྤྱི་བོའི་རྒྱན་དུ་ཤར༔ ཉམས་ན་ལུས་སེམས་ཐལ་བ་རྡུལ་བརླག་ནས༔ འབྱུང་ལྔའི་ཁམས་འདི་ཅི་སྲིད་མ་ཟད་པར༔ སྡུག་བསྔལ་ཟད་མེད་མྱོང་བར་བསམ་པ་ནི༔ གནད་ཡིན་ལས་སྦྱོར་རིམ་པ་དེ་ལྟར་ལ༔ བར་སྐབས་ཁྲོ་ཆུང་མེ་དཔུང་མཚོན་ཆ་དང་༔ ལྕགས་སྡིག་ནག་པོ་གྲངས་མེད་རླུང་ལྟར་འཚུབས༔ སྲིད་གསུམ་ཁམས་ཀུན་མ་ལུས་གང་ནས་སུ༔ བར་ཆད་གདོན་བགེགས་དམ་སྲི་རྒྱལ་བསེན་དང་༔ སྡེ་བརྒྱད་གདུག་རྩུབ་སྦྱོར་ངན་མ་ལུས་པ༔ ཐམས་ཅད་གཏུབ་ཅིང་ཁྲོ་ཆུང་ལྕགས་སྡིག་གིས༔ རྔམས་ཟས་ཧབ་སྒྲ་ཧོབ་སྒྲ་སྒྲོགས་པར་བསམ༔ ཀུན་གྱིས་ཁས་ལེན་དམ་བཅས་བྲན་ཁོལ་བསམ༔ བསྙེན་པའི་དུས་སུ་ཐུགས་ཀར་སྲོག་ཡིག་ལ༔ སྔགས་ཕྲེང་མགལ་མེ་ལྟར་དུ་འཁོར་བར་བསམ༔ འོད་འཕྲོས་སངས་རྒྱས་བྱང་སེམས་རྩ་གསུམ་ལ༔ མཉེས་མཆོད་ཕུལ་ཞིང་སྐུ་གསུང་ཐུགས་རྒྱུད་བསྐུལ༔ བྱིན་རླབས་སྐུ་ཡིག་ཕྱག་མཚན་རྣམ་རོལ་དུ༔ ཁ་བ་བབས་ལྟར་རང་དང་སྒྲུབ་རྫས་ལ༔ སིབ་སིབ་ཐིམ་སྟེ་གཟི་བརྗིད་རབ་འབར་བསམ༔ ཕྱི་སྣོད་ཐམས་ཅད་ལྷ་ཡི་ཞིང་ཁམས་ལ༔ ནང་བཅུད་སྐྱེ་འགྲོ་ལྷ་དང་ལྷ་མོར་གསལ༔ སྒྲ་གྲགས་དག་པ་སྔགས་ཀྱི་སྒྲ་རུ་དམིགས༔ མ་གྱུར་དོན་དུ་དམིགས་པ་གོང་བཞིན་གསལ༔ འོད་ཟེར་སྤྲོ་བསྡུ་དེ་ལྟར་ཡང་ཡང་བྱ༔ སྒྲུབ་པའི་དུས་སུ་རང་དང་མདུན་བསྐྱེད་ཀྱི༔ བར་དུ་སྔགས་ཕྲེང་དལ་དུ་འཁོར་བ་ལས༔ འོད་ཟེར་ཁ་དོག་ལྔ་ལྡན་དཔག་མེད་འཕྲོས༔ སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དང་༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱི༔ ཐུགས་ཀར་ཕོག་སྟེ་གསང་གསུམ་མཉེས་མཆོད་ཕུལ༔ ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་པ་ཀུན༔ ཚེ་བསོད་ཡེ་ཤེས་ངོ་བོ་ཀུན་བསྡུས་ནས༔ རང་དང་སྒྲུབ་རྫས་རྣམས་ལ་བསྟིམ་པར་བསམ༔ འགྲོ་ཀུན་སྒྲིབ་སྦྱངས་ལྷན་ཅིག་སྔགས་བཟླས་སོགས༔ སོ་དང་བ་སྤུའི་དམིགས་པ་གོང་བཞིན་དུ༔ མ་ནོར་བསྙེན་སྒྲུབ་ལས་སྦྱོར་གང་ལ་དགོས༔ སྒྲུབ་པར་མགལ་མེ་ཀླད་འཁོར་ལྟ་བུ་དང་༔ རྒྱལ་པོའི་ཕོ་ཉ་བུང་པ་ཚང་ཞིག་གསུམ༔ མ་ནོར་བསྒོམ་པ་ཁོ་ན་དག་ལ་རྣལ༔ དེ་ནས་ལས་སྦྱོར་ལས་བཞི་སོ་སོ་དང་༔ སྐབས་དང་སྐབས་སུ་དྲག་དམིགས་འཁོར་ལོ་དམིགས༔ ཀུན་ལ་སྐབས་སུ་འདི་ལྟར་དམིགས་པ་བྱ༔ འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་དང་༔ རྒྱ་བོད་མཁས་མཆོག་གྲུབ་ཐོབ་ལོ་ཙཱ་བ༔ པཎ་ཆེན་བཙུན་པ་ཡོན་ཏན་ལྡན་པ་དང་༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་སོགས༔ མཁའ་འགྲོ་ཕག་མོ་ཁྲོས་མ་སེང་གདོང་དང་༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་སོགས་པའི༔ སྐུ་གསུང་ཐུགས་ལ་མཉེས་མཆོད་དཔག་མེད་ཕུལ༔ ཐུགས་མཉེས་ཐུགས་རྗེ་བརྩེ་བ་ཆེན་པོ་དགོངས༔ དམ་ཚིག་དབང་གིས་སྐད་ཅིག་སྤྱན་དྲངས་ནས༔ ཡི་དམ་ལྷ་དེའི་སྐུ་གསུང་ཐུགས་དང་ནི༔ རྒྱན་དང་ཆ་ལུགས་རྣམ་པར་ཐིབ་ཀྱིས་བྱོན༔ བདག་དང་སྒྲུབ་རྫས་རྣམས་ལ་བསྟིམ་པར་བསྐྱེད༔ དེ་ནི་རྒྱལ་པོའི་ཕོ་ཉ་ལྟ་བུ་ཡིན༔ དེ་ནི་བསྙེན་སྒྲུབ་ལས་སྦྱོར་གང་ལའང་དགོས༔ དེ་ནས་མགལ་མེ་ཀླད་འཁོར་གང་ཞེ་ན༔ རང་གི་ཞལ་ནས་སྔགས་ཕྲེང་འོད་ཟེར་བཅས༔ ལུ་གུ་རྒྱུད་དུ་མདུན་བསྐྱེད་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་རྒྱུད་རྡོ་རྗེའི་སྦུབས་ནས་ཐོན༔ རང་གི་རྡོ་རྗེའི་སྦུབས་འདྲེན་ཧཱུྃ་ལ་ཐིམ༔ ཡང་ཡང་བར་མ་ཆད་པར་སྔ་མའི་རྗེས༔ ཕྱི་མ་བར་མ་ཆད་པར་ཆུ་རྒྱུན་ལྟར༔ འཁོར་བ་མགལ་མེ་ཀླད་འཁོར་ལྟ་བུའོ༔ དེ་ནི་སྒྲུབ་པ་ལས་སྦྱོར་གཉིས་ལ་བསྒོམ༔ འགྲོ་བའི་སྒྲིབ་སྦྱངས་ལྷ་ཡི་གོ་འཕང་འཐོབ༔ ཀུན་གྱིས་བུང་བ་ཚང་ཞིག་ཇི་བཞིན་དུ༔ འུར་ལྡིར་སྒྲོགས་པ་བུང་བ་ཚང་ཞིག་ཞེས༔ སྒྲུབ་པ་ལས་སྦྱོར་གཉིས་ལ་བསྒོམ་པར་བྱ༔ བསྙེན་སྒྲུབ་ལས་སྦྱོར་གང་གི་སྐབས་ལ་ཡང་༔ ཐུགས་ཀའི་སྔགས་ལས་འོད་ཟེར་ཡར་འཕྲོས་པས༔ རྒྱལ་བ་ཡོངས་མཆོད་ཐུགས་རྗེའི་བྱིན་རླབས་བསྡུས༔ མར་འཕྲོས་འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་བསམ༔ འོད་ཟེར་ཚུར་འདུས་སྔགས་ལ་ཐིམ་བསམ་ཞིང་༔ མ་གྱུར་འཁོར་བའི་སེམས་ཅན་ཆེད་དུ་དམིགས༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ༔ རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བདག་ཉིད་ཀྱིས༔ འདི་ལྟར་བསྒྲུབ་བོ་བསམ་ཞིང་བྱམས་སྙིང་རྗེ༔ བསྒོམ་པ་ཆོས་རྣམས་ཀུན་གྱི་རྩ་བ་ཡིན༔ མདོར་ན་འཛབ་ཀྱི་དམིགས་རིམ་འདི་ལྟར་བསྒོམ༔ གཞིར་གནས་ཡེ་ཤེས་སེམས་དཔའི་ཀློང་དུ་ཡང་༔ ལྔ་མདངས་གཉིས་གདན་ཆ་ཕྲའི་ཡི་གེ་བསྒོམ༔ འཁོར་སྤྲོ་བསྡུ་སྦྱངས་ལྷ་བཀོད་འཁོར་ལོ་གསུམ༔ བཞི་སྐབས་བཞི་བསྒོམ་རང་གསལ་རང་ལའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ འཛབ་འཁོར་དམིགས་རིམ་རྒྱ་མཚོའི་ལེའུ་སྟེ་ཉེར་གཅིག་པའོ༔ ({{TibChung|བརྡ་ཡིག་}}) དེ་ནས་དངོས་གྲུབ་ལེན་དང་བསྐུལ་བ་ནི༔ རང་ཉིད་ལྷ་ཡི་ཐུགས་ཀའི་འོད་ཟེར་འཕྲོས༔ སངས་རྒྱས་བྱང་སེམས་རྩ་གསུམ་རྒྱ་མཚོ་ཡི༔ ཐུགས་ཀར་ཕོག་སྟེ་ཐུགས་དམ་རྒྱུད་བསྐུལ་ནས༔ ཐམས་ཅད་དམ་ཚིག་དབང་གིས་སྤྱན་དྲངས་ནས༔ ནམ་མཁར་བཀའ་རྒྱུད་བླ་མ་སྤྲིན་ལྟར་འཁྲིགས༔ བར་སྣང་ཡི་དམ་ལྷ་ཚོགས་ན་བུན་ལྟར༔ ས་གཞིར་མ་ཚོགས་མཁའ་འགྲོ་རླུང་ལྟར་འཚུབས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་རྣམས༔ དཀར་སེར་དམར་ལྗང་མཐིང་ནག་ཁ་དོག་ཅན༔ རང་གི་གནས་དང་དངོས་གྲུབ་རྫས་རྣམས་ལ༔ གློག་འོད་ནམ་མཁར་ཐིམ་བཞིན་གཉིས་མེད་བསྟིམ༔ སྤྲུལ་སྐུའི་ཀློང་ནས་མཁའ་འགྲོ་དཀར་གསལ་གྱིས༔ ཕྱག་གཉིས་བུམ་པ་ཨོཾ་མཚན་ཐིག་ལེ་ཐོགས༔ རང་གི་སྤྱི་བོར་དབང་བསྐུར་བྱིན་རླབས་ནས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་དཔག་མེད་གནང་༔ ལུས་སྒྲིབ་ཀུན་དག་རྣམ་སྨིན་རིག་འཛིན་གྱི༔ གོ་འཕང་མཆོག་ཐོབ་སྤྲུལ་སྐུར་དབང་བསྒྱུར་བསམ༔ ལོངས་སྐུའི་དབྱིངས་ནས་མཁའ་འགྲོ་དམར་གསལ་གྱིས༔ ཕྱག་གཉིས་བྷནྡྷ་ཨཱཿམཚན་ཐིག་ལེ་ཐོགས༔ རང་གི་མགྲིན་པར་དབང་བསྐུར་བྱིན་རླབས་ནས༔ འགགས་མེད་གསུང་གི་དངོས་གྲུབ་དཔག་མེད་གནང་༔ ངག་སྒྲིབ་ཀུན་དག་ཚེ་དབང་རིག་འཛིན་གྱི༔ གོ་འཕང་མཆོག་ཐོབ་ལོངས་སྐུའི་དཔལ་ཡོན་རྫོགས༔ ཆོས་སྐུའི་མཁའ་ནས་ཌཱཀྐི་མཐིང་གསལ་གྱིས༔ ཕྱག་གཉིས་རྡོ་རྗེ་ཧཱུྃ་མཚན་ཐིག་ལེ་ཐོགས༔ རང་གི་སྙིང་གར་དབང་བསྐུར་བྱིན་རླབས་ནས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་དཔག་མེད་གནང་༔ ཡིད་སྒྲིབ་ཀུན་དག་ཕྱག་རྒྱའི་རིག་འཛིན་གྱི༔ གོ་འཕང་མཆོག་ཐོབ་ཆོས་སྐུའི་ངང་མངོན་གྱུར༔ ངོ་བོའི་ངང་ལས་རྣམ་གསུམ་མཁའ་འགྲོ་མ༔ རྣམ་པ་གཅིག་དྲིལ་འོད་ལྔའི་ཐིག་ལེར་གྱུར༔ རང་གི་སྙིང་གར་ཐིམ་པས་དབང་བྱིན་རླབས༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་དཔག་མེད་གནང་༔ སྒྲིབ་གཉིས་ཀུན་དག་ངོ་བོ་ཉིད་སྐུ་ཡི༔ གོ་འཕང་མངོན་གྱུར་ལྷུན་གྲུབ་རྫོགས་སངས་རྒྱས༔ དེ་དག་རྒྱུད་ནི་དག་པར་བྱེད་ཕྱིར་དུ༔ དངོས་གྲུབ་ལྷ་ལས་བླང་བའི་ཐབས་ཆེན་པོ༔ མཆོག་གི་དངོས་གྲུབ་སྐྱེ་འཇུག་གཉིས་དང་ནི༔ ཐུན་མོང་དངོས་གྲུབ་གྲུབ་པ་བརྒྱད་ལ་སོགས༔ དབང་ཕྱུག་ཐོབ་པར་བྱེད་པའི་མཆོག་ཆེན་དུ༔ འཛིན་ཅིང་བསྒོམ་པ་ལམ་གྱི་འབྲས་བུའོ༔ དེ་ཡང་མདོར་ན་བསྙེན་སྒྲུབ་རྣམ་བཞིའི་སྒྲོམ༔ བསྐྱེད་འཕྲོས་བསྡུ་བསྟིམས་དམ་ཡེ་གཉིས་མེད་ངང་༔ བཞི་བཞིའི་གནད་ལས་གཉིས་བསྒྱུར་ཟུང་བརྒྱད་ཐོབ༔ བདུན་ལྡན་བཅུ་གཉིས་ལ་སོགས་མངོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ དངོས་གྲུབ་ལེན་དམིགས་བསོད་ནམས་གཏེར་གྱི་བུམ་པའི་ལེའུ་སྟེ་ཉེར་གཉིས་པའོ།། ({{TibChung|བརྡ་ཡིག་}}) སླར་ཡང་དགོངས་པ་ཟང་ཐལ་དབྱིངས་ཀློང་ནས༔ ནམ་མཁའ་ཁྱབ་པའི་ཡིད་ཅན་དོན་གྱི་ཕྱིར༔ ནང་གསལ་གཞོན་ནུ་བུམ་སྐུའི་རྒྱལ་ས་རུ༔ བཅུ་གཉིས་བདག་པོས་ཡུལ་ལ་དབང་བསྒྱུར་བཞིན༔ མ་རིག་མུན་ཁམས་རིག་པའི་ཉིན་མོར་བྱེད༔ དགེ་ལེགས་ཕན་བདེའི་འོད་སྟོང་གཟི་འབར་བས༔ གདུལ་བྱའི་བློ་ཡི་པད་ཚལ་འདབ་རྒྱ་གྲོལ༔ དགེ་མཚན་བསླབ་གསུམ་རྩི་བཅུད་དར་བབས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ལས༔ བཀྲ་ཤིས་མཐའ་བརྒྱན་གྱི་ལེའུ་སྟེ་ཉེར་གསུམ་པའི་བདག་ཉིད་ཅན་གྱིས་རྫོགས་སོ༔ ཨ་ཐཾ༔ དེ་ལྟར་བསྐྱེད་རིམ་གསལ་བྱེད་མེ་ལོང་འདི༔ དཀྱིལ་འཁོར་ཀུན་གྱི་སྒོ་འབྱེད་ལྡེ་མིག་སྟེ༔ ཉམས་སུ་ལེན་ཀུན་རྣམ་མཁྱེན་ས་ལ་སྒྲོལ༔ རང་གཞན་དོན་གཉིས་ལྷུན་གྲུབ་དཔལ་ཐོབ་འགྱུར༔ ཟབ་པའི་ནང་ནས་ཡང་ཟབ་བཅུད་དྲིལ་བའི༔ མན་ངག་སྙིང་པོ་ཐུགས་ཀྱི་གཏེར་བུམ་མཆོག༔ སྙན་བརྒྱུད་ཡི་གེ་མེད་པའི་གསང་སྐོར་ལས༔ ཕྱི་རབས་བརྒྱུད་འཛིན་རྣམས་ཀྱི་དོན་ཕྱིར་གདམས༔ བཀའ་འདི་དྲེགས་པའི་གཙོ་བོ་རྣམ་གསུམ་དང་༔ ཆོས་སྐྱོང་དམ་ཅན་རྒྱ་མཚོར་གཉེར་དུ་གཏད༔ དམ་མེད་ལག་ཏུ་མ་ཤོར་ཨ་ཐཾ་རྒྱ༔ སྐལ་ལྡན་ལས་ཅན་རྣམས་ལ་སྤེལ་རྒྱས་ཐོབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་རང་སློབ་དམ་པ་བཅུ་པའི་མིང་ཅན་དང་སློབ་འབངས་འགའ་ཡིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་དཔལ་གྱི་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ༔ དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Latest revision as of 09:40, 4 September 2025
| Wylie title | dag snang ye shes drwa ba las: bskyed rim gsal byed me long dkyil 'khor kun gyi lde mig nam mkha'i bcud yig yig med mkha' 'gro'i klong byang 'od gsal gsang ba'i gab thig: | |
|---|---|---|
| Location | bdud 'joms gling pa zab gter Volume 16, Text 29, Pages 197-289 (Folios 1a1 to 47a1) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Dag snang ye shes drwa ba las bskyed rim gsal byed me long dkyil 'khor kun gyi lde mig nam mkha'i bcud yig yig med mkha' 'gro'i klong byang 'od gsal gsang ba'i gab thig. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: 197-289. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: bskyed rim Verso: bdud 'joms zab gter | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Contemplative Guide Books and Instructional Manuals - khrid yig · Generation Stage - bskyed rim | |
| Cycle | དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba) | |
| Colophon |
ཞེས་པ་འདི་ཉིད་རང་སློབ་དམ་པ་བཅུ་པའི་མིང་ཅན་དང་སློབ་འབངས་འགའ་ཡིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་དཔལ་གྱི་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ༔ དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |
|
zhes pa 'di nyid rang slob dam pa bcu pa'i ming can dang slob 'bangs 'ga' yis bskul ngor khrag 'thung bdud 'joms dpal gyi rdo rjes gtan la phab pa'i yi ge pa ni phun tshogs bkra shis so:_dge'o/_/dge'o/_/dge'o/_/legs so/_/sarba mang+ga laM// | ||