TTDL-ZABTER-03-GA-005

From Dudjom Wiki
Revision as of 13:26, 6 August 2024 by Mort (talk | contribs)

TTDL-ZABTER-03-GA-005
Wylie title TTDL-ZABTER-03-GA-005.pdf
Location bdud 'joms gling pa zab gter
Volume 3, Text 5, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms thugs chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle འཕགས་མཆོག་ཐུགས་རྗེ་ཆེན་པོ་ ('phags mchog thugs rje chen po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity thugs rje chen po
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་པ་ཐུགས་རྗེ་ཆེན་པོའི་བསྐང་བཤགས་ཉམས་ཆགས་རང་གྲོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིགས༦༢རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བཤམས༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཚོགས༔ འུབ་ཆུབ་རོལ་པའི་ཏིང་འཛིན་གྱིས༔ ཆོས་ཉིད་སྤྲོས་བྲལ་ཆེན་པོར་བཤིག༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ཅིང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད་པས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཐམས་ཅད་མཆོད་སྤྲིན་རྒྱ་མཚོས་ཁྱབ་པར་བསྒོམ༔ དེ་ནས་ཐུགས་དམ་བསྐུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་མཁའ་དབྱིངས་ལས༔ ཡེ་ཤེས་རོལ་པའི་རྩལ་སྣང་དོན་དུ་ཤར༔ ཕྱི་ནང་གསང་མཆོད་འདོད་རྒུའི་དཔལ་ཡོན་ཀུན༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ་ཞིང་བསྒྱུར༔ རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་བཟང་འོད་མི་འགྱུར་བའི་ཐུགས་དམ་བསྐང་༔ བཀོད་པ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ ཀུན་གཟིགས་རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང་༔ ཡེ་ཤེས་སྒྱུ་འཕྲུལ་གསང་ཆེན་དཀྱིལ་འཁོར་ནས༔ ཁྱབ་བདག་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་རོལ་པའི་ཀློང་ཆེན་ནས༔ རིག་འཛིན་ཤྲཱི་སེང་ཧའི་ཐུགས་དམ་བསྐང་༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ཐུགས་དམ་བསྐང་༔ ཟག་མེད་བདེ་ཆེན་རོལ་པའི་མཁའ་ཀློང་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་ནས༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་ཐུགས་དམ་བསྐང༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་མཛོད་ནས༔ རིག་འཛིན་བདུད་འཇོམས་རྡོ་རྗེའི་ཐུགས་དམ་བསྐང༔ སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་དང་༔ བསླབ་བྱ་དམ་ཚིག་རྩ་བ་ཡན་ལག་ལས༔ འགལ་འཁྲུལ་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ བཟོད་པར་བཞེས་ལ་དག་ཅིང་ཚངས་པར་སྩོལ༔ ཚེ་འདིར་རྡོ་རྗེ་འཛིན་པའི་ས་རུ་སྐྱོལ༔ ཧཱུྃ་ཧྲཱིཿགནས་མཆོག་རི་བོ་ཏ་ལའི་རྩེ་མོ་ནས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ དག་པ་མཁའ་སྤྱོད་ཞིང་ཁམས་དམ་པ་ནས༔ ཡུམ་ཆེན་མཁའ་སྤྱོད་དབང་མོའི་ཐུགས་དམ་བསྐང་༔ མ་རིག་གཟུང་འཛིན་དབང་གྱུར་ཉེས་ལྟུང་བཤགས༔ དག་ནས་རྣམ་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ རིགས་བདག་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ འཁོར་འདས་སྟོང་པར་སྦྱོར་བའི་དབྱིངས་ཆེན་མོ༔ ཡུམ་མཆོག་ན་བཟའ་དཀར་མོའི་ཐུགས་དམ་བསྐང་༔ འདོད་ཆགས་དབང་གྱུར་ལས་ཉོན་བག་ཆགས་བཤགས༔ དག་ནས་རྣམ་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ མེ་ལོང་ཡེ་ཤེས་ཆེན་པོའི་རྒྱས་འདེབས་མ༔ ཡུམ་ཆེན་མ་མཱ་ཀི་ཡི་ཐུགས་དམ་བསྐང་༔ ཞེ་སྡང་དབང་གྱུར་ལས་ཉོན་བག་ཆགས་བཤགས༔ དག་ནས་རྣམ་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་རྒྱས་འདེབས་མ༔ ཡུམ་ཆེན་སངས་རྒྱས་སྤྱན་མའི་ཐུགས་དམ་བསྐང་༔ ང་རྒྱལ་དབང་གྱུར་ལས་ཉོན་བག་ཆགས་བཤགས༔ དག་ནས་རྣམ་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་རྣམ་པར་སྣང་མཛད་ཐུགས་དམ་བསྐང་༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་རྒྱས་འདེབས་མ༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ཐུགས་དམ་བསྐང་༔ གཏི་མུག་དབང་གྱུར་ལས་ཉོན་བག་ཆགས་བཤགས༔ དག་ནས་རྣམ་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བཅོམ་ལྡན་དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་༔ བྱ་གྲུབ་ཡེ་ཤེས་ཆེན་པོའི་རྒྱས་འདེབས་མ༔ ཡུམ་ཆེན་དམ་ཚིག་སྒྲོལ་མའི་ཐུགས་དམ་བསྐང་༔ ཕྲག་དོག་དབང་གྱུར་ལས་ཉོན་བག་ཆགས་བཤགས༔ དག་ནས་རྣམ་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ ཉོན་མོངས་ང་རྒྱལ་གནས་དག་ང་རྒྱལ་འཇོམས༔ བཅོམ་ལྡན་དབང་པོ་བརྒྱ་བྱིན་ཐུགས་དམ་བསྐང་༔ ཉོན་མོངས་ཕྲག་དོག་གནས་དག་ཕྲག་དོག་འཇོམས༔ བཅོམ་ལྡན་ཐག་བཟང་རིས་ཀྱི་ཐུགས་དམ་བསྐང་༔ ཉོན་མོངས་དུག་ལྔ་གནས་དག་དུག་ལྔ་འཇོམས༔ བཅོམ་ལྡན་ཤཱཀྱ་ཐུབ་པའི་ཐུགས་དམ་བསྐང་༔ ཉོན་མོངས་གཏི་མུག་གནས་དག་གཏི་མུག་འཇོམས༔ བཅོམ་ལྡན་སེང་གེ་རབ་བརྟན་ཐུགས་དམ་བསྐང་༔ ཉོན་མོངས་འདོད་ཆགས་གནས་དག་འདོད་ཆགས་འཇོམས༔ བཅོམ་ལྡན་ཁ་འབར་དྷེ་ཝའི་ཐུགས་དམ་བསྐང་༔ ཉོན་མོངས་ཞེ་སྡང་གནས་དག་ཞེ་སྡང་འཇོམས༔ བཅོམ་ལྡན་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་༔ གཟུང་འཛིན་དབང་གྱུར་ལས་ཉོན་བག་ཆགས་བཤགས༔ དག་ནས་རྣམ་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ༔ སྙིང་རྗེས་ཁམས་གསུམ་འགུག་བྱེད་ཅིང་༔ དུག་གསུམ་ཞི་བ་ཆེན་པོར་སྦྱོར༔ རྡོ་རྗེ་རྟ་མགྲིན་ཡབ་ཡུམ་གྱི༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ བྱམས་པས་འགྲོ་ཁམས་དབྱིངས་སུ་སྦྱོར༔ ཡེ་ཤེས་ཡོན་ཏན་རྒྱས་པར་བྱེད༔ རཏྣ་རྟ་མགྲིན་ཡབ་ཡུམ་གྱི༔ ཐུགས་དམ་བསྐང་ངོ་ཉམས་ཆགས་བཤགས༔ དགའ་བས་འཁོར་འདས་དབང་དུ་བྱེད༔ ཆོས་ཉིད་དག་མཉམ་ཆེན་པོར་རོལ༔ པདྨ་རྟ་མགྲིན་ཡབ་ཡུམ་གྱི༔ ཐུགས་དམ་བསྐང་ངོ་ཉམས་ཆགས་བཤགས༔ བཏང་སྙོམས་འཁོར་བ་དབྱིངས་སྒྲོལ་བྱེད༔ དྲག་པོའི་ཤུགས་ཀྱིས་རཱུ་ཏྲ་བསྒྲལ༔ ཀརྨ་རྟ་མགྲིན་ཡབ་ཡུམ་གྱི༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ དཀྱིལ་འཁོར་ཕྱི་ནང་བར་ཁྱམས་སུ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷ༔ སངས་རྒྱས་བྱང་སེམས་རིག་འཛིན་དང་༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས༔ མ་ལུས་འཁོར་བཅས་ཐུགས་དམ་བསྐང་༔ ཧོཿདཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་དབྱིངས༔ མ་རིག་བདག་སྣང་གྱིས་བསྒྲིབ་བཤགས༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ གཉིས་སུ་འཛིན་པའི་སྒྲིབ་པ་བཤགས༔ སྣང་སྲིད་མེད་པ་ཆེན་པོ་ལ༔ དངོས་པོར་འཛིན་པའི་སྒྲིབ་པ་བཤགས༔ འཁོར་འདས་ཆོས་ཉིད་གཅིག་པུ་རུ༔ མ་རྟོགས་ཐ་དད་བཟུང་བ་བཤགས༔ ཆོས་ཉིད་ཕྱལ་བ་ཆེན་པོ་ལ༔ བཟང་ངན་བལྟས་པ་མཐོལ་ལོ་བཤགས༔ སྐུ་གསུམ་ངོ་བོ་ལྷུན་གྲུབ་ངང་༔ མ་རིག་གཞན་དུ་འཛིན་པ་ཡི༔ ལས་དང་ཉོན་མོངས་བག་ཆགས་ཀུན༔ མ་ལུས་གཅིག་ཏུ་བསྡུས་ནས་སུ༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱི༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ༔ དུས་གསུམ་རྒྱལ་བ་དཔང་དུ་བཙུད༔ ན་རག་དོང་སྤྲུགས་ཡང་སྙིང་བཟླ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་ཅི་མང་བཟླ༔ དེ་ལྟར་ཁ་ཙམ་མ་ཡིན་པར༔ བསྐྱེད་དང་བསྒོམ་དང་དམིགས་པའི་གནད༔ ལྡན་ན་ཉམས་ཆག་ཀུན་བྱང་ཞིང་༔ མཆོག་གི་དངོས་གྲུབ་ངེས་པར་ཐོབ༔ ཡེ་ཤེས་ལྷ་མཉེས་ཞལ་གཟིགས་དང་༔ སྲུང་མ་ཀུན་གྱིས་ཕྲིན་ལས་བསྒྲུབ༔ བཀའ་སྲུང་མ་ཧཱ་དཱེ་ཝ་དང་༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ བསྟན་ལ་རྒོལ་བའི་དགྲ་བོ་སྒྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་མཐར་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་བསྟན་རྒྱས་ནོར་བུའི་གླིང་དུ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།