ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་ཁམས་གསུམ་རོལ་པ༔ རྟ་མགྲིན་ཡང་ཁྲོས་ནག་པོའི༔ རྩ་སྒྲུབ་སྲུང་བའི་འཁོར་ལོ༔

From Dudjom Wiki
TTDL-ZABTER-03-GA-014
Wylie title zab gsang mkha' 'gro'i snying thig las: khro rgyal khams gsum rol pa: rta mgrin yang khros nag po'i: rtsa sgrub srung ba'i 'khor lo: TTDL-ZABTER-03-GA-014.pdf
Location bdud 'joms gling pa zab gter
Volume 3, Text 14, Pages 143-170 (Folios 1a1 to 14b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las khro rgyal khams gsum rol pa rta mgrin yang khros nag po'i rtsa sgrub srung ba'i 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 143-170. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rtsa sgrub   Verso: bdud 'joms rta mgrin yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khro rgyal khams gsum rol pa rta mgrin yang khros nag po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rta mgrin nag po
Colophon

དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྲོག་གི་ཡང་ཐིག་དམ་པ་རྟ་མགྲིན་ཡང་ཁྲོས་ནག་པོའི་གསང་སྒྲུབ་ཟབ་མོ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་གསུམ་བར་བཀའ་རྒྱས་བཏབ་ནས།མཐར་རྟེན་འབྲེལ་དུས་ལ་བབས་པ་ན་སློབ་བུ་བཱིདྱ་བྷ་དྲས་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

dus gsum gyi rgyal ba thams cad kyi srog gi yang thig dam pa rta mgrin yang khros nag po'i gsang sgrub zab mo 'di nyid khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs shwa brag rdo rje nas bton te mi lo sum cu so gsum bar bka' rgyas btab nas/mthar rten 'brel dus la babs pa na slob bu bId+ya b+ha dras bskul ngor lha lung nor bu'i gling du gtan la phab pa'i yi ge pa'ang de nyid do/ /dge'o/ /dge'o/ /dge'o/ /legs so/ /sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་ཁམས་གསུམ་རོལ་པ༔ རྟ་མགྲིན་ཡང་ཁྲོས་ནག་པོའི༔ རྩ་སྒྲུབ་སྲུང་བའི་འཁོར་ལོ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་)མ་འོངས་དུས་ཀྱི་སྙིགས་མ་ལ༔ སངས་རྒྱས་བསྟན་པ་ཉམས་དམའ་ནས༔ དཀར་ཕྱོགས་ཕམ་ལྟུང་བདུད་ཁ་དྲག༔ དགེ་བཙུན་མཚོན་ཐོགས་མཆེད་གྲོགས་གུམ༔ བདུད་སྲིན་རང་སྤྲུལ་མི་རྫུར་འཇུག༔ ས་འོག་འབྱུང་པོ་སྟེང་དུ་འདོན༔ ལྕགས་ལ་དུག་གི་མེ་ཏོག་བཞད༔ སྲིན་ཡུལ་སྡིག་བཤན་ཧ་ལ་ཟུང་༔ ར་སར་རྒྱལ་འགོང་དུག་སེར་བསྒྲིལ༔ གནམ་ལ་བདུད་གཟའ་དུད་མཇུག་ཤར༔ དམེ་འཁྲུགས་མཚོན་གྱི་འཚུབས་མ་ལངས༔ སྔགས་བཙུན་དམ་ཚིག་དཀོར་ལ་འཚོགས༔ དགེ་འདུན་ནོར་བུ་མཚལ་དུ་བརྗེ༔ དེ་དུས་མ་དང་མཁའ་འགྲོ་འཁྲུགས༔ གཉན་དང་རྒྱལ་བསེན་ཁ་དར་ནས༔ ནད་རིམས་མི་གཅིག་སྣ་ཚོགས་འབྱུང་༔ མ་མོ་ལས་བྱུང་ནད་རིམས་ནི༔ དགའ་བྱེད་བགད་པས་བརྒྱལ་ཏེ་འགུམ༔ གྲེ་ལོག་ཁྲག་ཏུ་སྐྱུག་སྟེ་འགུམ༔ དམར་བཤལ་ཞེས་བྱ་ཁོང་ཁྲག་འཁྲུ༔ མིག་ཚ་བྱ་བ་མིག་འབྲས་འབྱིན༔ གཟེར་ཐུམ་བྱ་བ་གློ་བུར་འཆི༔ དབྱུག་པ་ཞེས་བྱ་མི་བཟོད་གཟེར༔ རྐང་པའི་མཐིལ་ནས་སྤྱི་བོར་ཐལ༔ ཡང་ན་གོ་ལྡོག་མས་འབབ་འཆི༔ དེ་སོགས་མ་ངེས་སྣ་ཚོགས་འབྱུང༔ གཉན་ནད་གག་ལྷོག་གཟེར་གསུམ་དང་༔ ཤུ་བ་རྒྱ་འཐོར་རྒྱུ་ལང་འགགས༔ ཉ་གས་ཐོད་གས་སྐྲང་འགས་དང་༔ མཛེ་ཤུ་པགས་ནད་ལྕི་ཆུ་འགགས༔ མགུལ་འགགས་མགུལ་འགྲམ་མགུལ་སྐྲང་དང་༔ ལྐུགས་ཏེ་འཆི་དང་རེངས་པ་སོགས༔ གཉན་རིམས་རྣམ་པ་སྣ་ཚོགས་འབྱུང༔ གཉན་ཕྲན་རྒྱལ་པོའི་ནད་རིགས་ཀྱང་༔ སྨྱོ་འབོགས་བརྒྱལ་དང་ཤ་འགུལ་འཐོན༔ སྦྲིད་པ་འཁུམ་པ་ལ་སོགས་པའི༔ ནད་དང་རིམས་ནད་སྣ་ཚོགས་དར༔ མདོར་ན་མ་མོའི་མངའ་འོག་ཏུ༔ སྲིད་པ་འདི་ན་མ་འདུས་མེད༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི༔ ནད་རིགས་རྣམ་པ་སྣ་ཚོགས་དར༔ དེ་འདུས་མི་རྣམས་དམུ་རྒོད་པས༔ ཕ་སྤུན་ནང་འཁྲུགས་རྐུན་ཇག་བྱེད༔ བསྟན་པའི་ཆོས་ཁྲིམས་ཟོག་ཏུ་སྤྱོད༔ སློབ་དཔོན་ལ་ནི་བརྙས་འགྲན་སྙོག༔ ནོར་ལ་གོད་ཡམས་སྣ་དགུ་འབྱུང་༔ དེ་འདྲའི་བསྐལ་ངན་དུས་ཤར་ཚེ༔ ལྷ་ལ་ལྷ་མཆོག་དྲག་ཏུ་ཁྲོས༔ དེ་ལས་ཡང་ཁྲོས་ནག་པོ་ཡིས༔ གདུལ་བྱ་ཕྲིན་ལས་དུས་ལ་བབས༔ པད་འབྱུང་ང་དང་དབྱེར་མེད་པའི༔ སྦས་པའི་རྣལ་འབྱོར་འཆོལ་པོ་འབྱུང་༔ དེ་ལ་གཤེ་ཞིང་སྐུར་འདེབས་པ༔ ད་ལྟ་སྨོན་ལམ་ལོག་པ་ཡི༔ བདུད་བློན་བཅུ་དྲུག་དེ་རུ་འབྱུང་༔ ལ་ལ་སྔགས་བཙུན་ལ་ལ་ནི༔ དགེ་བཙུན་གྲོང་སྟོན་ཚུལ་དུ་འབྱུང་༔ ལ་ལ་མི་དཔོན་དེ་ཡི་མོ༔ ལ་ལ་བློན་རིགས་ལ་ལ་འབངས༔ དེ་ཡི་བར་ཆད་སྣ་ཚོགས་ནི༔ ལ་ལས་སྐུར་འདེབས་ལ་ལས་གཤེ༔ ལ་ལས་བརྙས་བཅོས་ཁྱད་དུ་གསོད༔ ལ་ལས་ཁ་ཡོག་ལ་ལས་བསྡིགས༔ ལ་ལས་འཇིགས་པའི་ང་རོ་སྒྲོགས༔ རྟེན་འབྲེལ་སྨ་བབ་སྣ་ཚོགས་བྱེད༔ གཞན་ཡང་རྒྱ་བོད་ལྷ་འདྲེ་ཡིས༔ འཇམ་རྩུབ་གང་རུང་སྣ་ཚོགས་སྟོན༔ མི་ནོར་མི་བདེའི་ཟུག་རྔུ་འགྱེད༔ དེ་དུས་པདྨའི་བུ་མཆོག་ལ༔ ཡ་ང་བག་ཚ་མ་མཆིས་ན༔ བདུད་ཀྱི་བར་ཆད་ག་ལ་འཇུག༔ དེ་དོན་སོམས་ཤིག་སྐལ་ལྡན་བུ༔ སྒྲུབ་པའི་སྙིང་པོ་ལྷུར་ལེན་གྱིས༔ འདུ་འཛི་རྣམ་གཡེང་ངོ་སྲུང་སྤངས༔ བཀའ་བབས་སྣོད་ལྡན་ཆོས་བདག་ལ༔ བཀའ་རྒྱ་བཀྲོལ་ཏེ་གཏད་རྒྱ་མཛོད༔ ཡང་གསང་ཐུགས་ཀྱི་སྒྲུབ་པ་འདི༔ དུས་གསུམ་རྒྱལ་པའི་ཐུགས་ཐིག་ཡིན༔ པདྨ་ང་ཡི་སྲོག་ཐིག་ཡིན༔ མཁའ་འགྲོ་བྱེ་བའི་སྙིང་ཁྲག་ཡིན༔ བཀའ་སྲུང་ཡོངས་ཀྱི་སྲོག་རྩ་ཡིན༔ འདི་ནི་སྙིང་གི་ཡང་ཐིག་སྟེ༔ བླ་མ་རྣམས་ཀྱིས་དགོངས་རྒྱས་བཏབ༔ ཡི་དམ་ལྷ་ཡིས་སྲོག་རྒྱས་བཏབ༔ མ་དང་མཁའ་འགྲོས་བརྡ་རྒྱས་བཏབ༔ བཀའ་སྲུང་ཡོངས་ཀྱི་དམ་རྒྱས་བཏབ༔ དམ་ཅན་རྒྱ་མཚོས་སྲུང་རྒྱས་བཏབ༔ བྱིན་རླབས་སྒྲོམ་དུ་གཏེར་རྒྱས་བཏབ༔ མི་ཞིག་གནས་ལ་སྦས་རྒྱས་བཏབ༔ བཀའ་ཡི་སྲུང་མར་གཏད་རྒྱས་བཏབ༔ ཡང་ཟབ་རྡོ་རྗེའི་རྒྱས་ཡང་བཏབ༔ གསང་བའི་ཡང་གསང་རྒྱ་ཡིས་བཏབ༔ མ་འོངས་བུ་ལ་བཀྲོལ་རྒྱས་བཏབ༔ སྨོན་ལམ་ལས་ཅན་སྨིན་རྒྱས་བཏབ༔ འགྲོ་དོན་ཕྱོགས་མེད་འབྱུང་འགྱུར་དུ༔ རྒྱལ་ཀུན་དགོངས་པ་འདུས་རྒྱས་བཏབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་གསུམ་རྒྱ་ཡིས་ཐེབས་པ་ཡི༔ པདྨ་འབྱུང་གནས་སྙིང་ཁྲག་འདི༔ ཤིན་ཏུ་གསང་བའི་རྒྱ་ཡིས་ཐོབས༔ བཀའ་སྐྱོང་རྒྱ་མཚོར་མ་གཡེལ་རེམ༔ དམ་མེད་རྣམས་ཀྱི་དབང་པོ་བསྣུབ༔ ལྟ་བ་ལོག་པའི་སྙིང་ཁྲག་རོལ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཀའ་དང་དམ་ཚིག་གཉན་གྱི་རྒྱ༔ ཚུལ་བཞིན་སྒྲུབ་པའི་སྐལ་ལྡན་ལ༔ མཆོག་གི་དངོས་གྲུབ་སྦྱིན་བདག་གྱིས༔ ས་མ་ཡ༔ ཉམས་སུ་ལེན་པའི་སྐལ་ལྡན་རྣམས༔ པདྨ་ང་དང་གཉིས་སུ་མེད༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ མི་བསླུ་རྡོ་རྗེའི་དམ་ཚིག་གོ༔ བར་ཆད་གཡུལ་ལས་རྣམ་རྒྱལ་ཕྱིར༔ ཡང་ཁྲོས་ནག་པོ་བསྒྲུབ་པའི་བུ༔ བར་ཆད་འཇུག་ལམ་རྩ་དང་ནི༔ སློབ་མ་ཁམས་དང་རླུང་ལ་སླེབ༔ དེ་ཕྱིར་བརྟན་པ་རྩ་དང་ནི༔ གཡོ་བ་རླུང་དང་བཀོད་པ་ཁམས༔ རྟེན་དང་བརྟེན་པའི་དལ་དུ་འཕོ༔ རྩ་གསུམ་སྐུ་གསུམ་ངོ་བོ་ལ༔ རྣམ་པ་འོད་ཀྱི་གོང་བུར་གསལ༔ ཁམས་ནི་ཡེ་ཤེས་ལྷ་རུ་གསལ༔ རླུང་གི་རྔུབས་པ་བྱིན་རླབས་རླུང་༔ དབྱུང་བ་ཕག་སྡིག་ཁྱུང་མེར་བསྒོམ༔ སྲུང་བ་རྩ་ལྷ་བརྟན་པས་ན༔ སྲུང་བ་ཀུན་གྱི་རྒྱལ་པོར་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱིཿསྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ པདྨ་ཉི་མ་སྡེ་བརྒྱད་སྟེང་༔ དུར་ཕག་ནག་མོ་མགོ་དགུ་པའི༔ སྟེང་དུ་རང་ཉིད་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོ་ཆེ༔ ཞལ་གཅིག་ཕྱག་བཞི་རྔམས་པའི་སྐུ༔ གཡས་གཉིས་རལ་གྲི་གྲི་གུག་དང་༔ གཡོན་གཉིས་སྦྲུལ་ཞགས་ཐོད་ཁྲག་བསྣམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཤངས་ནས་ཕག་སྡིག་ཁྱུང་ཆེན་འཕྲོ༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ སྨ་ར་སྨིན་མ་མེ་ཞགས་འཕྲོ༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ མེ་རླུང་དུག་མཚོའི་ཀློང་དུ་བསྐྱེད༔ དར་ནག་བེར་ཆེན་བརྗིད་པར་གསོལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་པ་གསུམ་པོ་ཟིལ་གྱིས་གནོན༔ སྐུ་དབུས་དྲང་པོར་རྩ་དབུ་མ༔ དཀར་དམར་མཐིང་གསུམ་མདངས་ལྡན་སྦུབས༔ འཇམ་དཔལ་མཐིང་ནག་རལ་གྲི་དང་༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ འཁོར་ལོ་ལྔ་ཡི་དང་པོ་ནས༔ རིམ་བཞིན་བུདྡྷ་པདྨ་དང་༔ རྡོ་རྗེ་རིན་ཆེན་ཀརྨའི་རིགས༔ ཁྲག་འཐུང་ཡབ་ཡུམ་དཀར་དམར་མཐིང་༔ སེར་དང་ལྗང་ནག་འབར་བའི་སྐུ༔ དུག་ལྔ་དབྱིངས་སུ་སྒྲོལ་བའི་ཕྱིར༔ རབ་འཇིགས་དྲག་པོའི་སྐུ་རུ་བསྐྱེད༔ གཡས་སུ་རོ་མ་དཀར་གསལ་སྦུབས༔ རྟ་མགྲིན་དམར་པོ་དབྱུག་ཏོ་དང་༔ གཡོན་པས་དབང་གི་ཞགས་པ་བསྣམས༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ གཡོན་དུ་རྐྱང་མ་དམར་གསལ་སྦུབས༔ ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་༔ གཡོན་པས་དབང་གི་ཞགས་པ་བསྣམས༔ ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་དང་༔ དཔལ་གྱི་ཆས་དང་གར་དགུའི་ཉམས༔ རབ་རྫོགས་གྱད་ཀྱི་འདོར་སྟབས་བསྒྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔ གཞན་ཡང་རྩ་གསུམ་འཁོར་ལོ་བདུན༔ ཡེ་ཤེས་རོལ་པའི་རྩལ་གྱི་ལྷ༔ རྣམ་པ་ཁྱུང་དང་ཕག་སྡིག་གིས༔ ཏིལ་གོང་ཕྱུར་བཞིན་གང་བར་བསམ༔ བུ་ག་དགུ་དང་བ་སྤུའི་སྒོར༔ མེ་ཁྱུང་ལྕགས་སྡིག་ཕག་ནག་དང་༔ རླུང་མེ་བཙན་དུག་ངད་རླངས་ནི༔ སེར་རླུང་འཚུབས་ལྟར་རབ་འཕྲོས་པས༔ ནད་རིམས་གདོན་བཅས་བརླག་པར་བསམ༔ རང་སྣང་རང་དབང་བསྐུར་བ་ནི༔ ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་དཔའ་བོ་རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ༔ རྡོ་རྗེ་གསུམ་གྱིས་རྒྱས་གདབ༔ བུམ་ཆུས་སྤྱི་བོ་ནས་དབང་བསྐུར༔ སྐུ་གང་དྲི་མ་དག་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་དབུ་རྒྱན་པར་གྱུར༔ སླར་ཡང་ལྷ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ༔ ཨཱཿབཛྲ༔ ཧཱུྃ་བཛྲ༔ སྭཱ་བཛྲ༔ ཧཱ་བཛྲ་སརྦ་ཨ་བྷི་ཥིཉྩ་ཨཱཿཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་བྷི་ཥིཉྩ་སྟྭཾ༔ ཨོཾ་ཛྙཱ་ན་པཉྩ་བཛྲ་ས་མ་ཡ་སྟྭཾ༔ ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད༔ སྔགས་ཀྱི་དམིགས་གནད་འཁོར་ལོས་སྒྱུར་བ་ནི༔ ཧཱུྃ༔ རང་སྣང་ཡེ་ཤེས་གཞལ་ཡས་དབུས༔ རང་རིག་དོན་གྱི་ཧེ་རུ་ཀ༔ རང་རྩལ་འཁོར་གྱི་རོལ་པར་བཞེངས༔ བསྐུལ་ལོ་ཆོས་སྐུའི་ཀློང་ནས་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ འགྲོ་བ་འདྲེན་པའི་ཕྲིན་ལས་མཛོད༔ བསྐུལ་ནས་བསྙེན་པའི་དམིགས་པ་ནི༔ ཧཱུྃ༔ རང་ཉིད་ཡང་ཁྲོས་སྐུར་གསལ་བའི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ མཐིང་ནག་གཅེར་བུ་གྲི་ཐོད་ཅན༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ ཕ་ལམ་རྡོ་རྗེའི་ལྟེ་བ་རུ༔ པདྨ་ཟླ་བ་ཉི་མའི་སྟེང་༔ ཧཱུྃ་མཐིང་ཁོང་གསེང་ཧྲཱིཿཡིག་ནག༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རབ་ཏུ་འཁོར་བར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ རྩ་གདན་ཉི་མའི་གདན་འོག་ཏུ༔ གནོད་བྱེད་གདུག་པའི་སྲོག་ཡིག་མཐར༔ སྡེ་བརྒྱད་འདུས་པའི་སྲོག་ཡིག་ནི༔ མདུན་ནས་ཨཿདཀར་ལྷོར་ཡཿསྔོན༔ ནུབ་ཏུ་མཿནག་བྱང་དུཿནག༔ ཤར་ལྷོའི་མཚམས་སུ་རུཿཡིག་སེར༔ ལྷོ་ནུབ་མཚམས་སུ་ཙ༔ དམར་པོ༔ ནུབ་བྱང་མཚམས་སུ་ཤཿདམར་ནག༔ དེ་བཞིན་བྱང་ཤར་ནཿསྔོན་པོ༔ དེ་དག་ལས་ནི་འོད་འཕྲོས་པས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་དང་༔ ལྷ་སྲིན་དྲེགས་པ་སྡེ་བརྒྱད་དང་༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ བསྡུས་ཏེ་རིགས་སྔགས་སྲོག་ལ་བསྟིམ༔ ཐབས་དང་ཤེས་རབ་སྒྲོམ་དུ་བཅུག༔ དྲག་སྔགས་འཁོར་ལོའི་ཟིལ་གྱིས་མནན༔ ཡེ་ཤེས་ཟེར་གྱི་དྲྭ་བས་བསྡམས༔ ནུས་མཐུ་སྲོག་གི་སྙིང་པོར་བཅུན༔ འཁོར་འདས་ཡོངས་ཀྱི་སྲོག་འདུས་ཤིང༔ འཁོར་བ་ཡོངས་སྒྲོལ་དབང་རྫོགས་སོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཁྲག་འཐུང་ཡོངས་འདུས་སྙིང་པོ་བཟླ༔ ཧཱུྃ་ཧྲཱིཿ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་ཧཱུྃ་ལ་དྲག་སྔགས་འཁོར༔ རིགས་ཀུན་སྲོག་སྔགས་གཅིག་ཏུ་བསྒྲུབ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་སརྦ་ཛྙཱ་ན་ཀྲོ་དྷི་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བདག་ཉིད་དབང་ཆེན་ཡང་ཁྲོས་ཀྱི༔ སྤྱི་བོ་ནས་བཟུང་རྐང་མཐིལ་ཡན༔ ཡང་ཁྲོས་ཕྲ་རབ་རྡུལ་ཆ་ཙམ༔ བར་མེད་མ་འདྲེས་ཏིལ་གོང་བཞིན༔ ཚོགས་པའི་ཕུང་པོར་ལྷུན་གྲུབ་རྫོགས༔ ཀུན་ཀྱང་དྲག་སྔགས་སྒྲོགས་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ སོ་ནི་དཔའ་བོ་མཁའ་འགྲོ་དང་༔ ལྕེ་དབང་འཇམ་དཔལ་གཞོན་ནུར་བསྒོམ༔ བ་སྤུ་དཔའ་བོ་དཔའ་མོར་བསྒོམ༔ ཀུན་ཀྱང་དྲག་སྔགས་སྒྲོགས་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ སྣང་བ་ལྷ་དང་སྒྲ་གྲགས་སྔགས༔ དྲན་རྟོག་ཆོས་ཉིད་རོལ་པར་གསལ༔ མདོར་ན་འཁོར་འདས་དབང་དྲག་དལ༔ དབྱིངས་དང་དགོངས་པ་རོ་གཅིག་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ རང་ཉིད་དྲག་པོའི་སྐུར་བསྒོམ་པའི༔ ཤངས་ནས་དྲག་སྔགས་མེ་དབལ་དང་༔ ཕག་ནག་ཁྱུང་དང་ལྕགས་སྡིག་འཕྲོས༔ གནོད་བྱེད་དམ་སྲི་རྒྱལ་བསེན་དང་༔ གཉན་དང་ས་བདག་ཀླུ་སྲིན་དང་༔ ནད་རིམས་ཡམས་ནད་གདོན་དང་བཅས༔ བསྲེག་གཏུབ་ཧབ་ཧབ་ཟས་སུ་ཟོས༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ཎི་སྭཱ་ཧཱ༔ རྩ་གནས་ལྷ་ཡི་སྔགས་འཁོར་བཟླ༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཁྲག་འཐུང་འབར་བའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྔགས་ཕྲེང་རབ་ཏུ་འཁོར༔ བཟླས་པས་ལྷ་ཚོགས་དབྱིངས་ནས་བསྐུལ༔ དབྱིངས་དང་དགོངས་པ་ཕྱམ་གཅིག་ཏུ༔ དྲག་སྔགས་འུར་ཆེམ་སྒྲོགས་པ་ཡིས༔ འོད་ཟེར་སྤྲུལ་པ་དཔག་མེད་ཀྱིས༔ རྩ་ཁམས་མ་ལུས་ཡོངས་ཁྱབ་སྟེ༔ གཞལ་ཡས་ལྷ་སྔགས་རོལ་པར་དམིགས༔ སྣང་བ་སྣོད་དང་སྲིད་པ་བཅུད༔ མ་ལུས་འོད་དང་སྤྲུལ་པས་ཁེངས༔ བར་ཆད་གདོན་བགེགས་སྡེ་བརྒྱད་དང༔ སྡུག་བསྔལ་སྡིག་སྒྲིབ་ལས་ཉོན་དང་༔ ནད་རིམས་ཡམས་ནད་གཉན་ཀླུ་གདོན༔ མ་ལུས་སྦུར་མ་མེར་བསྲེག་བཞིན༔ རྗེས་ཤུལ་ཙམ་ཡང་མེད་པར་བསྲེགས༔ སྣོད་བཅུད་རྡོ་རྗེ་གསུམ་ཀློང་བཟླུམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ཎི་སྭཱ་ཧཱ༔ འདི་ལ་འབུམ་ཕྲག་བཅུ་བཟླས་ཏེ༔ ཨོཾ་བཛྲ་ཛྙཱ་ན་པཉྩ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་སརྦ་ཛྭ་ར་མཱ་ར་ཡ་ཕཊ༔ འདི་ལ་འབུམ་ཕྲག་བདུན་བརྗོད་མཐར༔ ཨོཾ་པདྨནྟ་ཀྲིཏ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཡ་མཱནྟ་ཀ་ཁྲོཾ་ག་རུ་ཌ་ཡཀྴ་རཀྴ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ཎི་སྭཱ་ཧཱ༔ ཀཱ་ལ་རཱུ་པ་ཨ་མུ་ཀ་དུ་ཏྲི་ཛྭ་ལ་རཾ་རཾ་མཱ་ར་ཡ་རྦད་སོད་ནན་ཕཊ༔ ཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མི་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿཀཾ་ཤཾ་རྦད་ཕཊ༔ ཨོཾ་ཐིམ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དྲག་སྔགས་མེ་ལྕེའི་འཁོར་ལོ་འདི༔ འབུམ་ཕྲག་བཟླས་པས་འགྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲུང་བ་རྫས་སྔགས་འཁོར་ལོ་གསུམ༔ བསྟེན་པས་ནད་རིམས་འཇིགས་ལས་གྲོལ༔ དེ་ལ་རྫས་སུ་བསྟན་པ་ནི༔ གླ་རྩི་སྡོང་རོས་མུ་ཟི་ནག༔ བཙན་དུག་ཤིང་ཀུན་ཤུ་དག་ནག༔ མཚལ་དང་སེང་ལྡེང་མི་ཡི་ཚིལ༔ ཤི་སྐྲའི་གཞོབ་དང་ཉུང་དཀར་ནག༔ སྤྲུ་ནག་མཁན་དམར་རྩ་བ་དང་༔ རྟ་དང་དྲེའུའི་སྤུ་གཞོབ་དང་༔ གླང་དམར་རྭ་གཞོབ་སྒོག་གཅིག་པ༔ གུ་གུལ་ཚེར་ནག་ཐར་ནུ་བཅས༔ ཆ་མཉམ་སྦྱོར་བ་ཟངས་སྣོད་བླུག༔ ཞག་ནི་ཉི་ཤུར་སྨྲ་བཅད་དེ༔ མེ་ལྕེའི་འཁོར་ལོ་བཟླས་ནས་བཏབ༔ སླར་ཡང་ཞིབ་བཏགས་རིལ་བུ་བྱ༔ དབང་ལག་ཁུ་བས་རིལ་བུ་བསྒྲིལ༔ དཀྱིལ་འཁོར་དབུས་བཞུགས་ཟླ་གཅིག་བསྒྲུབ༔ བ་གླང་མཛོ་རྭ་སོགས་སུ་བླུག༔ ལོ་རེར་སྔགས་སྒྲུབ་ངར་གསོས་ན༔ སྡེ་བརྒྱད་ལྷ་འདྲེ་ནད་རིམས་གདོན༔ བྱད་ཁ་རྦོད་གཏོང་ཀླུ་གཉན་སོགས༔ མི་མཐུན་ཕྱོགས་ངན་ཐམས་ཅད་བསྲུང་༔ འདི་ཉིད་མགུལ་དུ་འཆང་བའི་མིར༔ ནད་རིམས་ཀུན་གྱིས་མི་ཚུག་གོ༔ གནམ་ལྕགས་རྡོ་རྗེའི་རྫོང་དུ་ཚུད༔ ས་མ་ཡ༔ སླར་ཡང་གཉན་རྫས་ཤ་ལྔ་ནི༔ བྱི་དམར་ཕོ་རོག་འོལ་བ་དང་༔ འཇོལ་མོ་ཁྲུང་ཁྲུང་ཤ་རྣམས་དང་༔ བོང་ནག་བོང་དཀར་བོང་སེར་དང་༔ བོང་དམར་ཐང་ཕྲོམ་མཉམ་སྦྱོར་བཏགས༔ རྩ་སྔགས་འབུམ་དང་ལས་སྦྱོར་ཁྲི༔ བཏབ་ནས་མགུལ་འཆང་གཉན་ལས་གྲོལ༔ ས་མ་ཡ༔ རྒྱལ་གདོན་སྲུང་བའི་རྫས་བསྟན་པ༔ རྟ་དང་ས་བྲི་ཁྱི་སྤྱང་ཤ༔ གུ་གུལ་ཤིང་ཀུན་ཉུང་དཀར་དང་༔ སྡིག་པའི་ཤ་ཁྲག་ཁུ་བས་བསྒྲིལ༔ རྭ་ཡི་སྡིག་གཟུགས་ནང་དུ་བླུགས༔ སྔགས་ནི་འབུམ་གྱིས་བཏབ་སྟེ་འཆང་༔ སྡིག་པ་ར་ཙ་ནག་པོ་ལ༔ བྱེ་བ་དུང་ཕྱུར་དཔག་མེད་འཕྲོས༔ ནད་རིམས་རྒྱལ་གདོན་འཇོམས་པར་བསྒོམ༔ དེ་ཡིས་རྒྱལ་གདོན་ཐམས་ཅད་ཐུབ༔ ས་མ་ཡ༔ སླར་ཡང་རིམས་ནད་འཇོམས་པའི་རྫས༔ ཁྱི་རྟ་ཕག་དང་བྱི་བ་དང་༔ གྲུམ་པ་ཝ་དང་སྲེ་མོང་དང་༔ སྤྱང་ཀི་བྱི་ལ་ཏེ་ལོ་དང་༔ སྟག་གཟིག་དོམ་དྲེད་གཡི་འཕར་བ༔ མི་དང་སྤྲེའུ་རྣམས་ཀྱི་ཤ༔ སྒོག་གཅིག་པ་དང་ཐར་ནུ་དང་༔ བཙན་དུག་ར་དུག་ལ་སོགས་པ༔ བསྲེས་ཏེ་ཐུམ་བུར་བྱས་ནས་སུ༔ མགུལ་དུ་བཏགས་པས་རིམས་ནད་བསྲུང་༔ ཡང་ཅིག་ཨར་ནག་མུར་ནག་དང་༔ སྤྲུ་ནག་སྦྲུལ་ནག་གླ་རྩི་དང་༔ ཧ་ལ་ཤིང་ཀུན་ཤུ་དག་ནག༔ རྟ་བོན་མཁན་ནག་རྩ་བ་དང༔ དེ་བཞིན་སེར་པོ་དགུ་ཡང་སྦྱོར༔ ཡུངས་དཀར་ཡུངས་ནག་ཀེ་ཤངས་མཚེ༔ ཏིལ་ནག་དང་བཅས་སྦྱར་བ་ལ༔ སྐྱོབ་བྱས་སྔགས་འདི་འབུམ་ཕྲག་བཏབ༔ སྔགས་ནི༔ ནག་པོ་ཚལ་པ་ཤག་ཏི་རྦད༔ རྩ་སྔགས་དང་སྦྱར་བཏབ་པ་ཡིས༔ མགུལ་དུ་དྲོད་དང་མ་བྲལ་བར༔ བཅང་བས་ནད་རིམས་ཀུན་བསྲུང་འགྱུར༔ ཡང་ཅིག་སྔགས་ཀྱི་རིམ་པ་ལ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཁྲོཾཿཡིག་ནག་པོ་མེ་འབར་བ༔ དེ་ལས་འོད་ཟེར་ཡར་འཕྲོས་པས༔ རྒྱལ་བ་མཆོད་ཅིང་རྟེན་བརྟེན་པ༔ ཚུར་འདུས་ཁྲོཾཿལ་བཅུད་དུ་དྲིལ༔ མར་འཕྲོས་འགྲོ་བའི་རྒྱུད་སྦྱངས་ཏེ༔ སྣོད་བཅུད་བཀྲག་མདངས་གཟི་བརྗིད་དཔལ༔ བསྡུས་ཏེ་ཁྲོཾཿཡིག་ཉིད་ལ་ཐིམ༔ ཁྲོཾཿལས་འོད་ཟེར་འོག་ཏུ་འཕྲོས༔ དུག་མཚོ་ཁོལ་མ་འཁྱིལ་བའི་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ བསྣོལ་བའི་ཁྲི་སྟེང་ཁྲོཾཿབབ་སྟེང་༔ ཁྲོ་ཆུ་ཁོལ་མ་ལས་གྲུབ་པའི༔ ཁྱུང་ནག་མེ་ཡི་གཤོག་པ་ཅན༔ རྭ་ཡིས་སྟེང་གི་ལྷ་གདོན་འབིགས༔ གཤོག་པས་བར་སྣང་སྡེ་བརྒྱད་བསྲེགས༔ རྐང་པས་འོག་གི་ཀླུ་གཉན་གནོན༔ ལག་པས་ཀླུ་བརྒྱུད་དམ་དུ་བཅིང་༔ མགོ་བོ་ཁར་བཅུག་རྔམས་ཟས་བྱེད༔ མེ་ལྕེའི་སྤུ་ཕྲན་སྤྲུགས་པ་ལ༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ སྤྱན་གསུམ་ཉི་སྟོང་འོད་འབར་བས༔ ཀླུ་གཉན་ས་བདག་ཐམས་ཅད་བསྲེག༔ རྭ་བར་ཡིད་བཞིན་ནོར་བུ་ལས༔ འདོད་རྒུའི་དཔལ་ཡོན་ཆར་དུ་འབེབས༔ ཡེ་ཤེས་མེ་དཔུང་འབར་ཀློང་ནས༔ རང་འདྲའི་བྱ་ཁྱུང་དཔག་མེད་འཕྲོས༔ ཉོན་མོངས་དུག་ལྔའི་རྒྱུད་འཁྲུལ་གྱི༔ འདྲེ་གདོན་འབྱུང་པོ་ཐམས་ཅད་ཀུན༔ གཤོག་པས་བརྡབ་ཅིང་སྡེར་མོས་བསྒྲད༔ ཧབ་ཧབ་མྱག་མྱག་ཟས་སུ་རོལ༔ སྲིད་པའི་ཕག་ནག་མགོ་དགུ་ཞོན༔ ཐུགས་ཀར་ཉི་སྟེང་ཁྲོཾཿནག་ལས༔ ཡེ་ཤེས་མེ་དཔུང་རབ་འབར་བས༔ ལུས་ཀྱི་ཕྱི་ནང་ཐམས་ཅད་དུ༔ གནས་པའི་བག་ཆགས་ནད་རྣམས་ཀུན༔ རྩྭ་ཕུང་སྐམ་ལ་མེ་མཆེད་བཞིན༔ རྗེས་ཤུལ་མེད་པར་བསྲེག་བསམ་ཞིང་༔ ཁ་ནས་དྲག་སྔགས་ཚྭ་ཚྭ་ཡིས༔ གདོན་བགེགས་མ་ལུས་གཞོམ་པར་བསྒོམ༔ བཟླས་པའི་སྔགས་ནི༔ ཨོཾ་ལྷང་ལྷང་ཚེར་ཚེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ་ཐུམ་ཐུམ་ཀས་པུར་ནཾ་སོད་སོད་སོད༔ འདི་ལ་འབྲུ་འབུམ་གཅིག་བཟླས་ཏེ༔ རྟག་ཏུ་ཡི་དམ་ལ་བརྟེན་ན༔ ནད་གདོན་ཀུན་ལས་རྣམ་པར་གྲོལ༔ ཆུ་ལ་བཏབ་སྟེ་བཏུང་བའི་མི༔ ནད་གདོན་ཀུན་ལས་རྣམ་པར་གྲོལ༔ མགོ་ནད་རིམས་ཡམས་ཐམས་ཅད་ལས༔ གྲོལ་བར་འགྱུར་བ་གདོན་མི་ཟ༔ རྟག་ཏུ་བརྒྱ་རྩ་མ་ཆག་ན༔ གདོན་བགེགས་ནད་རིམས་ཐམས་ཅད་ཀྱིས༔ ཚུགས་པར་མི་འགྱུར་ཉམ་མི་ང༔ རང་གཞན་བསྲུང་དང་ནད་འཚོ་ཞིང་༔ གདོན་གསོད་བྱད་བཟློག་མཆོག་ཏུ་འགྱུར༔ ས་མ་ཡ༔ ཡང་ཅིག་རྒྱལ་བ་ཐམས་ཅད་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་ཐམས་ཅད་བཅུད་དྲིལ་བའི༔ ཀུན་ཐུབ་རིགས་སྔགས་རྒྱལ་མོ་ནི༔ སྲུང་བ་རྡོ་རྗེའི་གོ་ཁྲབ་དང་༔ བཟླས་ཆོག་དཀར་པོའི་སྔགས་འབུམ་དང་༔ སླེབས་ཆོག་ཡེ་ཤེས་བདུད་རྩི་ལ༔ བཟློག་བྱེད་ཀུན་ཐུབ་རྡོ་རྗེ་ཞེས༔ གསོད་བྱེད་ཤེས་རབ་རལ་གྲིར་གྲགས༔ བསྲེག་བྱེད་ཡེ་ཤེས་མེ་ལྕེ་དང་༔ སྒྲོལ་བྱེད་འཁོར་བ་དོང་སྤྲུག་ཅེས༔ སྔགས་ཀྱི་རྒྱལ་པོ་འདི་བཟླས་སོ༔ རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ༔ ཧཱུྃ་བཛྲ་ཕཊ༔ ཨོཾ་པདྨ་ཤ་ཝ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན༔ བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ དང་པོ་ཞག་གྲངས་བཅུ་ཕྲག་གསུམ༔ བར་དུ་སྨྲ་བཅད་སྔགས་འདི་བཟླས༔ དེ་ནས་ཉིན་བཞིན་བརྒྱ་རྩ་རེ༔ ཆགས་མེད་ཁ་ཐོན་བྱེད་པའི་མི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང་༔ བྱད་ཕུད་རྦོད་གཏོང་ཐམས་ཅད་ཀྱིས༔ མི་ཚུགས་རྡོ་རྗེའི་བསྲུང་དུ་ཚུད༔ ཁྱད་པར་ཕྱོགས་བཅུའི་གདོན་རྣམས་དང་༔ སྟེང་གི་ལྷ་དང་གཟའ་ཡི་གདོན༔ བར་གྱི་གཉན་དང་སྡེ་བརྒྱད་གདོན༔ འོག་གི་ཀླུ་དང་ས་བདག་གདོན༔ ཀུན་གྱིས་ཚུགས་པར་མི་འགྱུར་ཏེ༔ སྐབས་ཚོལ་གླགས་ལྟ་ཐམས་ཅད་ཀུན༔ བསྐལ་པ་མེ་ཡིས་གཞོམ་བཞིན་འགྱུར༔ འགོ་བའི་ནད་རིམས་ཐམས་ཅད་ལ༔ སྲུང་བའི་རྒྱལ་འགྱུར་ཐེ་ཚོམ་མེད༔ མཛེ་ཤུ་པགས་ནད་ལ་སོགས་པའི༔ ནད་ཀྱིས་ཐེབས་པའི་སྐྱེས་བུ་ཡི༔ ནད་སོས་གྱུར་གྱི་བར་དུ་ནི༔ སྨྲ་བཅད་སྔགས་འདི་བཟླས་བྱས་ཏེ༔ བཙན་དུག་གླ་རྩིའི་ཁུ་བ་ལ༔ བཏབ་ཅིང་བཏུང་བྱུག་བྱས་པ་ན༔ ནད་སེལ་གདོན་འཇོམས་ཚེ་བསྲིང་འགྱུར༔ སྲིན་དང་ཡ་མ་རུས་ནད་ལ༔ ཚ་ཆུར་སྔགས་བཏབ་བཏུང་བས་སེལ༔ ཚད་པའི་རིགས་ཀྱི་ནད་རྣམས་ལ༔ གངས་ཆུ་ལ་བཏབ་བཏུང་བས་སེལ༔ གྲང་བའི་ནད་རིགས་ཐམས་ཅད་ལ༔ ཆང་རྙིང་ལ་བཏབ་བཏུང་བས་སེལ༔ རླུང་ལ་ཛ་ཏིའི་ཁུ་བར་བཏབ༔ མདོར་ན་རྒྱ་མཚོའི་ཆུ་རྣམས་ལ༔ ས་སྣ་ལྔ་ ས་སྣ་ལྔ་ནི གངས་ས་ གྷི་ཝཾ་ གཅུ་གང་ སིནྡྷུ་ར༔ ས་དམར་ མཆན། དང་ཅོང་ཞི་བཅས༔ ཞིབ་བཏགས་ཕྱེ་བཏབ་སྐྱོབ་བྱས་ནས༔ སྔགས་འདི་བཏབ་པས་ནད་གང་ལ༔ ཕན་པར་འགྱུར་བ་གདོན་མི་ཟ༔ མདོར་ན་ནད་རིགས་གང་ལ་ཡང་༔ བསྟེན་པས་མི་སོས་གང་ཡང་མེད༔ འདི་ལ་རྟག་ཏུ་འབད་པའི་མི༔ རང་དང་གཞན་གྱི་དོན་འགྲུབ་ཅིང་༔ ཕྱི་མ་རྣམ་པར་གྲོལ་ཐོབ་འགྱུར༔ འདི་ཕྱིའི་དགེ་ལེགས་ཐམས་ཅད་ཀུན༔ རིགས་སྔགས་རྒྱལ་པོ་འདི་ལས་འབྱུང་༔ གང་ལ་གཅུན་པ་འདི་དོན་ཡོད༔ ས་མ་ཡ༔ སུ་ལ་མ་སྤེལ་གསང་རྒྱ་རྒྱ༔ ཨོཾ་རྒྱན་པདྨ་ཐོད་ཕྲེང་ངས༔ སྲོག་གི་ཡང་ཐིག་དམ་པ་སྟེ༔ གདམས་ངག་ཀུན་གྱི་སྙིང་པོ་འདི༔ ནུབ་པར་འཕང་ནས་འཛམ་གླིང་གི༔ ས་མིག་བརྒྱ་དང་བརྒྱ་རྩ་རུ༔ གཏེར་དུ་སྦས་ཤིང་ཡང་ཡང་འབྱིན༔ འདི་འཕྲད་ལས་དང་སྐལ་ལྡན་གྱིས༔ འདི་ཕྱིའི་དོན་ཀུན་ངེས་པར་འགྲུབ༔ གསང་སྔགས་གསང་རྒྱས་ཐོབ་ཅིག་བུ༔ བཀའ་སྲུང་སྔགས་ཀྱི་བདག་མོས་སྲུངས༔ ས་མ་ཡ༔ ཨ་ཐཾ་རྒྱ༔ རབ་མཛེས་ངོས་འཇམ་མཐིང་ཤོག་ངོར༔ རིན་ཆེན་གསེར་གྱིས་དབུ་ཅན་བྲིས༔ རང་སྔགས་སྟོང་གིས་རབ་གནས་བྱ༔ འདི་དག་ལྷག་ཆད་མེད་པ་གལ༔ འགོས་ནད་རིམས་ཡམས་ཐམས་ཅད་དང་༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ལས༔ བསྲུང་དང་བཟློག་པའི་མཆོག་ཏུ་འགྱུར༔ བསྲུང་བ་རྡོ་རྗེའི་ཕ་ལམ་ཡིན༔ ས་མ་ཡ༔ ཨ་ཐམ་རྒྱ༔ དར་རམ་རླུང་གི་འཁོར་ལོ་ལ༔ འདི་དང་གཞན་གཉིས་བྲིས་ནས་སུ༔ དང་པོ་སྣ་སེལ་བྱ་བ་ལ༔ སྡེ་བརྒྱད་མཆོད་དང་ཆུ་སྦྱིན་དང་༔ མེ་མཆོད་དང་ནི་ཡས་གླུད་དང་༔ ཚྭ་ཚྭ་སྐུ་འདྲ་བཏབ་པ་སོགས༔ འབྱུང་ལྔའི་སྣ་སེལ་གྲུབ་པའི་མཐར༔ འཁོར་ལོ་ལ་བཙུགས་དར་ཕྱར་འབད༔ འགགས་ལྷོག་གཟེར་དང་བྱད་རྦོད་གཏོང་༔ མི་ནད་ནོར་གྱི་གོད་ཁ་ཀུན༔ བཟློག་བསྒྱུར་དགེ་ལེགས་འཕེལ་རྒྱས་ཤིང་༔ ཀླུ་གཉན་གདུག་པ་ཚར་གཅོད་འགྱུར༔ ས་མ་ཡ༔ ཨ་ཐམ་རྒྱ༔ གཞན་ཡང་རྒྱལ་བ་རྒྱ་མཚོ་ཡི༔ ཟབ་ཁྱད་བྲམ་ཟེ་འབར་བའི་སྔགས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སེམས་ཅན་བསོད་ནམས་དམན་པ་དང་༔ ལས་ངན་བསགས་པའི་རྣམ་སྨིན་གྱིས༔ བསྐྱེད་པའི་འདྲེ་བགེགས་གདུག་པ་དར༔ གཟའ་ཀླུ་སྡེ་བརྒྱད་གཞི་བདག་དང་༔ གཉན་དང་ས་སྲིན་མ་མོའི་ཚོགས༔ མི་ཕྱུགས་སྲོག་ལ་རྒོལ་བ་ཡི༔ ནད་རིམས་གོད་ཡམས་སྣ་ཚོགས་གཏོང་༔ ཁ་རླངས་ནད་དུ་སྤྲིན་བཞིན་གཡོ༔ དེ་དུས་སྔགས་མཆོག་འདི་ལ་འབད༔ སྔགས་ནི༔ ན་མོ་རཏྣ་ཏྲ་ཡཱ་ཡ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ༔ ཨོཾ་བྷེ་ཧུ་ན་ཁེ༔ ཙ་ན་དུ་ཧེ་ཧུ༔ བྷི་ཤ་མ༔ ཧེར་ཧོམ༔ ཏྲི་དུ་ཁེ༔ བྷི་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ སརྦ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ༔ དེ་ལྟར་ཀུན་ཐུབ་རྒྱལ་པོ་སྔགས་ཀྱི་མཆོག༔ སྨྲ་བཅད་ལྷག་ཆད་མེད་པར་འབྲུ་འབུམ་བཟླས༔ སྔགས་འདིའི་ཚད་ནི་འབུམ་ཕྲག་བཞི་བཟླས་ནས༔ མི་བརྗེད་བློ་ལ་བཟུང་བའི་ཡོན་ཏན་ནི༔ ནད་ངན་ཁྲོད་དུ་འདུག་ཀྱང་ཉམ་མི་ང་༔ སྨན་མེད་སྔགས་ཆུ་གཅིག་གི་ནུས་པས་ཀྱང་༔ ནད་གདོན་ཀུན་འཇོམས་འཆི་བདག་བདུད་ལས་ཐར༔ གྲང་བའི་ནད་རིགས་མ་གཏོགས་ནད་གཞན་ལ༔ སྨན་སྦྱོར་སྔགས་འདི་སྟོང་རེ་བཏབ་པས་ན༔ ནད་གདོན་མ་ལུས་འཇོམས་པའི་མཆོག་ཏུ་འགྱུར༔ ཁྱད་པར་ཆམ་པ་རིམས་ལས་བྱུང་བ་ཡི༔ མགོ་ནད་སྟོད་གཟེར་དམར་བཤལ་རྒྱུ་གཟེར་རིགས༔ རྒྱ་ཚད་བལ་ཚད་འགགས་ལྷོག་གཟེར་གསུམ་དང་༔ མཛེ་ཤུ་པགས་ནད་ལ་སོགས་རྦོད་གཏོང་རིགསཿསྨྱོ་བྱེད་བརྒྱལ་བྱེད་ལ་སོགས་གདོན་གྱི་རིགས༔ གཟའ་སོགས་སྡེ་བརྒྱད་དལ་ཡམས་སྣ་ཚོགས་པ༔ སྔགས་རྒོད་འདི་ཡིས་མི་ཐུབ་གང་ཡང་མེད༔ ཡ་མ་སྲིན་ནད་རུས་ནད་སྣ་ཚོགས་ཐུབ༔ མདོར་ན་འགོ་བའི་ནད་རིགས་མཐའ་དག་དང་༔ ཚད་པའི་ནད་རིགས་ཀུན་ལ་འདི་བསྔགས་སོ༔ སྦྲུམ་མ་རླུང་དང་གྲང་བར་འདི་མི་འགྲོ༔ དེ་མ་གཏོགས་པ་ཀུན་ལ་སླེབ་ཆོག་སྟེ༔ འདི་ཡི་ཆོ་ག་གཟའ་དང་སྡེ་བརྒྱད་ལ༔ སྔགས་ཆུ་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་ཀློང་༔ པད་ཉིའི་སྟེང་དུ་ཕྱག་ན་རྡོ་རྗེ་བསྒོམ༔ རྒྱལ་བ་སྲས་བཅས་དེ་ཡི་རྣམ་རོལ་དུ༔ མཚོ་ལ་ཁ་བ་བབས་ལྟར་བསྐྱེད་བསྟིམ་པས༔ ཏིང་འཛིན་ཡེངས་མེད་སྔགས་འདི་སྨྲ་བཅད་བཟླས༔ གཉན་དང་ས་བདག་རིམས་ཡམས་ཐམས་ཅད་ལ༔ ཁྱུང་ནག་ཕག་ཞོན་བསྒོམ་ཞིང་བཟླས་པར་བྱ༔ རྒྱལ་པོའི་ནད་ལ་རྟ་མགྲིན་ཡང་ཁྲོས་པ༔ ལྕགས་སྡིག་ནག་པོ་ཞོན་པ་ཞིག་ཏུ་བསྒོམ༔ ཡ་མ་སྲིན་རིགས་ཀུན་ལ་དུག་ཁྱུང་བསྒོམ༔ རྦོད་གཏོང་ནད་ལ་གཤིན་རྗེ་གཤེད་པོ་བསྒོམ༔ སྤྱི་འཇོམས་ཆེད་དུ་བདུད་རྩི་འཁྱིལ་བ་གསལ༔ ཐུན་མཚམས་ལྷ་ཞུ་ཆུ་ལ་ཐིམ་པ་ཡིས༔ གང་ལ་གཅུན་པས་ནད་དེ་མ་ལུས་པ༔ མེ་སྟག་ཆུ་ཡིས་བསད་བཞིན་བསྣུབས་པ་དང་༔ རྩྭ་ཕུང་སྐམ་ལ་མེ་མཆེད་བཞིན་བསྲེགས་པས༔ ནུས་མཐུ་དང་ལྡན་བསྒོམ་པ་གནད་དུ་ཤེས༔ དེ་ལྟར་གཞན་ལས་ཁྱད་དུ་འཕགས་པ་ཡི༔ གསང་སྔགས་ཡང་སྙིང་སྔགས་ཀྱི་རྒྱལ་པོ་གསུམ༔ རླུང་འཁོར་བསྐོར་དང་དར་ལྕོག་ལ་བྲིས་ཏེ༔ གྲོང་ཁྱེར་དབུས་སུ་གོང་བཞིན་བཙུགས་པས་ན༔ བསྲུང་དང་བཟློག་པའི་མཆོག་ཏུ་འདི་འགྱུར་རོ༔ རྟེན་འབྲེལ་སྙིང་པོའི་སྔགས་ཀྱིས་མགོ་འདྲེན་ཅིང་༔ ཙཀྲ་བཅུ་གསུམ་ཆོ་གའི་མཐའ་བརྟེན་བྱ༔ གྲོང་དེ་མི་ཤིགས་རྡོ་རྗེའི་སྲུང་དུ་ཚུད༔ མི་ཕྱུགས་ཀུན་ལ་ཕན་པ་དཔག་ཏུ་མེད༔ བཀའ་སྲུང་དྲེགས་པ་ལེགས་ལྡན་ནག་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀགསུམ་པ་སྲུང་བའི་འཁོར་ལོ་བཅིང་བ་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར་བྱས་ཏེ༔ ལྟེ་བར་ཧཱུྃ་བྲིས་དེ་མཐར་གང་སྲུང་མིང་༔ འཆང་བ་པོ་ལ་འགོ་བའི་ནད་རིམས་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག༔ ཨོཾ་རཀྵ༔ ཨཱཿརཀྵ༔ ཧཱུྃ་རཀྵ༔ སྭཱ་རཀྵ༔ ཧཱ་རཀྵ༔ བྷྲུྃ་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ གནོད་བྱེད་འབྱུང་པོ་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འཁོར་ལོ་རྩིབས་བརྒྱད་བྲིས་བྱས་ཏེ༔ རྩིབས་དང་པོ་ལ༔ ཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མི་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿཀཾ་ཤཾ་དྲཾ་རྦད་ཕཊ་སྭཱ་ཧཱ༔ ཨོཾ་ཐིམ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ གཉིས་པ་ལ༔ ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲྭི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གསུམ་པ་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བཞི་པ་ལ༔ ཨོཾ་ག་རུ་ཌ་ཧཱུྃ༔ ནཱ་ག་རཱ་ཙ་སརྦ་ཏ་མཱ་ར་ཡ་རྦད་སོད་ནན༔ ལྔ་པ་ལ༔ ཨོཾ་བུདྡྷ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དྲུག་པ་ལ༔ ཨོཾ་རཏྣ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བདུན་པ་ལ༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བརྒྱད་པ་ལ༔ ཨོཾ་ཕེཾ་ཁྱི་མ་ཀཱ་ལི་ཧཱུྃ་ཕཊ༔ ནག་པོ་ཏི་པ་རཱ་ཙ་ཏྲི་ཏྲི་ཕཊ༔ ཅེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་རཏྣ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ བཛྲ་ཨངྐུ་ཤ་ཛཿཛཿརཏྣ་པ་ཤ་ཧཱུྃ་ཧཱུྃ༔ པདྨ་སྥོ་ཊ་བྃ་བྃ༔ ཀརྨ་གྷཎྜེ་ཧོ་ ཧོཿ སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱ་ཧཱ༔ སྔགས་མཆོག་རྒྱལ་པོ་གསུམ་ཀྱང་བྲི༔ མཐར༔ ནད་གདོན་སྡུག་བསྔལ་ཐམས་ཅད་མཱ་ར་ཡ་ཕཊ༔ སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནན་སོད༔ རྦད་བྷྱོ༔ བཞི་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་མཐར༔ འཆང་བ་པོ་ལ་ནད་གདོན་ཆམ་རིམས་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ དེ་མཐར་མེ་རིས་བསྐོར༔ རྫས་ནི་བཙན་དུག་ནག་པོ་དང་༔ གུར་ནག་བོང་དམར་གླ་རྩི་དང་༔ སྦྲུལ་ནག་ཡུངས་དཀར་ཁྱི་སྤྱང་ཕག་བྲུན་བཅས༔ ཞིབ་བཏུལ་མགུལ་དུ་བཅིང་བས་ན༔ མི་ཤིགས་རྡོ་རྗེའི་སྲུང་དུ་ཚུད༔ ནད་རིམས་གཅིག་ཐུབ་བསྲུང་བའོ༔ ས་མ་ཡ༔ སླར་ཡང་གདོན་རིགས་སྤྱི་འཇོམས་སྔགས༔ ཨོཾ་ཧྱ་ཧཱུྃ་བཱིདྱ་ཧྲཱིཿཨོཾ༔ ནི་ཨ་པ་ར་ཀྲེ་ལོ་ཁྲོཾ་ཕེ་ལམ་བཛྲ་ནཱ་ག་སརྦ་ཏ་ནཱ་ག་རྦད་སོད་ཤག་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ག་ག་དུར་ག་ནན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྔགས་རྒོད་འདི་ལ་ཁྲི་བཟླས་ཏེ༔ ཡུངས་དཀར་ཏིལ་ནག་འདྲེ་འཇིགས་པར༔ བསྔགས་ནས་བདུག་པས་བགེགས་རྣམས་བྲོས༔ སྟོང་ཕྲག་བརྒྱད་ཅུའི་བགེགས་བརླག་ཅིང་༔ ནད་རིམས་ཐམས་ཅད་གཞོམ་འགྱུར་རོ༔ ས་མ་ཡ༔ རྒྱལ་གཉན་འཇོམས་པའི་ཙཀྲ་ལ༔ ཡང་ཁྲོས་ནག་པོའི་སྐུ་བྲིས་ཏེ༔ སྤྱི་བོར་རྟ་མགོ་ཁྱུང་གདོང་ཅན༔ ལྟེ་བར་མུ་ཁྱུད་རིམ་ལྔར་བསྐོར༔ དེའི་ལྟེ་བར་ཧཱུྃ་ཎི་བྷྲུྃ༔ དེ་མཐར༔ འཆང་བ་པོ་ལ་རྒྱལ་བསེན་གཉན་དང་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ དེའི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཁྲོཾ་ག་རུ་ཌ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ དེའི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་ཕེཾ་ལཾ་ཧཱུྃ༔ ཧྲཱིཿ པདྨནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཧཱུྃ་བཛྲ་ཕཊ༔ ཆེ་གེ་མོ་ལ་རཀྵ་རཀྵ་ཧཱུྃ་བྷྲུྃ་སྭཱ་ཧཱ༔ ཞེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ འཁོར་ལོ་རྩིབས་བཅུ་རུ་ཧཱུྃ་བཅུ་བྲི༔ རྩིབས་མཆན་རྣམས་སུ༔ ནཱ་ག་རཱ་ཙ་ཙིཏྟ་རྦད་སོད་བྷྱོ་ནན༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ དྲག་སྔགས་མེ་ལྕེའི་འཁོར་ལོ་དང་༔ གསང་སྔགས་རྒྱལ་པོ་ཚན་གསུམ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ བསྟན་པ་སྤྱི་ཡི་སྙིང་པོ་དང་༔ རྟེན་སྙིང་འདོད་གསོལ་བྲི་བར་བྱ༔ རྫས་ནི་ནག་པོ་དགུ་སྦྱོར་དང་༔ སེར་པོ་དགུ་སྦྱོར་དག་གིས་བྱུག༔ སྒྲུབ་པའི་རྟེན་དུ་བཙུག་བྱས་ཏེ༔ རབ་གནས་ནན་བྱས་མགུལ་དུ་བཅིང་༔ ནད་རིམས་ཐམས་ཅད་སྲུང་བའི་མཆོག༔ གདོན་རྣམས་མ་ལུས་ཚར་གཅོད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཡང་ཟབ་རྡོ་རྗེའི་བཅུད་འདི་དག༔ རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས༔ རིག་འཛིན་རྒྱ་མཚོའི་དགོངས་རྒྱས་བཏབ༔ མ་དང་མཁའ་འགྲོའི་ཐུགས་བཅུད་བསྡུས༔ བཀའ་སྲུང་ཡོངས་ལ་གཉེར་དུ་གཏད༔ གང་གིས་ཉམས་སུ་ལེན་པས་ན༔ བདུད་དང་ལོག་ལྟའི་གཡུལ་ལས་རྒྱལ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྲོག་གི་ཡང་ཐིག་དམ་པ་རྟ་མགྲིན་ཡང་ཁྲོས་ནག་པོའི་གསང་སྒྲུབ་ཟབ་མོ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་གསུམ་བར་བཀའ་རྒྱས་བཏབ་ནས།མཐར་རྟེན་འབྲེལ་དུས་ལ་བབས་པ་ན་སློབ་བུ་བཱིདྱ་བྷ་དྲས་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།