TTDL-ZABTER-04-NGA-001: Difference between revisions
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.") |
No edit summary |
||
| (One intermediate revision by the same user not shown) | |||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་ཕྲིན་ལས་བཅུ་བདུན་གྱི་ཁ་བྱང་ཐེམ་གྱི་བང་མཛོད༔ | |||
|fulltitle=zab gsang mkha' 'gro'i snying thig las: dpal chen phrin las bcu bdun gyi kha byang them gyi bang mdzod: | |||
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las dpal chen phrin las bcu bdun gyi kha byang them gyi bang mdzod''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 4: 1-42. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
| | |tibgenre=Treasure Inventory - kha byang | ||
| | |terma=Yes | ||
|deity=rdo rje phur pa | |||
| | |cycle=thugs sgrub gsang ba rgya can | ||
|cycletib=ཐུགས་སྒྲུབ་གསང་བ་རྒྱ་ཅན་ | |||
|parentcycle=zab gsang mkha' 'gro'i snying thig | |||
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |||
|volumenumber=04 | |volumenumber=04 | ||
| | |volnumtib=༢༡ | ||
|volyigtib=ཨ | |||
|totalvolumes=21 | |||
|textnuminvol=001 | |textnuminvol=001 | ||
|pagenumbers=1-42 | |||
|totalpages=42 | |||
|beginfolioline=1a1 | |||
|endfolioline=21b4 | |||
|totalfolios=21 | |||
|multivolumework=No | |||
|rectonotes=kha byang | |||
|versonotes=bdud 'joms thugs sgrub gsang ba rgya can | |||
|colophontib=ཞེས་ཁ་བྱང་ལུང་བསྟན་འདི་ཉིད་རང་སློབ་དམ་པ་ཕུན་ཚོགས་བཀྲ་ཤིས་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དྷེ་ཤ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |||
|colophonwylie=zhes kha byang lung bstan 'di nyid rang slob dam pa phun tshogs bkra shis dang ngag dbang phrin las gnyis kyis bskul ngor khrag 'thung bdud 'joms rdo rjes yig med u pa d+he sha las bsgyur ba'o/_/dge'o/_/dge'o/_/dge'o/__/sarba mang+ga laM// | |||
|pdflink=File:TTDL-ZABTER-04-NGA-001.pdf | |pdflink=File:TTDL-ZABTER-04-NGA-001.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|volumeLetter=NGA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-04-NGA | |InitCategories=Dudjom Tersar Project; TTDL-ZABTER-Volume-04-NGA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་ཕྲིན་ལས་བཅུ་བདུན་གྱི་ཁ་བྱང་ཐེམ་གྱི་བང་མཛོད་བཞུགས་སོ༔ | ||
ཐྂ༎༔ ({{TibChung|བརྡ་ཡིག་}}) བདག་འདྲ་རིག་འཛིན་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཕྲིན་ལས་སྒྲུབ་སྐོར་བཅུ་བདུན་གྱི༔ ཁ་བྱང་ཐེམ་གྱི་བང་མཛོད་འདི་བསྟན་གྱིས༔ ཕུར་པའི་བཀའ་བབ་ཇོ་མོ་མཚོ་རྒྱལ་ཁྱོད༔ མ་འོངས་དོན་དུ་བརྡ་ཡི་རིས་སུ་ཐོབས༔ ཞེས་གསུངས་བརྡ་ཡི་རིས་སུ་བཏབ་བྱས་ཏེ༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གསེར་གྱི་མཎྜལ་གཡུ་ཡི་ཚོམ་བུ་བཀོད༔ ཀྱེ་མ་ཀྱེ་ཧུད་གུ་རུ་རིན་པོ་ཆེ༔ ཟབ་གཏེར་འདི་ཡི་གདུལ་བྱ་ཇི་ལྟར་ཡོད༔ འདི་ཉིད་འབྱིན་པའི་དུས་ན་བོད་ཁམས་འདིར༔ སངས་རྒྱས་བསྟན་པ་ཇི་ཙམ་གནས་པའི་ཚུལ༔ དུས་གསུམ་ཀུན་མཁྱེན་གུ་རུས་བསྟན་དུ་གསོལ༔ ཞེས་ཞུས་ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ ལེགས་པར་ཉོན་ཅིག་ཇོ་མོ་མཚོ་རྒྱལ་མ༔ ཟབ་གཏེར་འདི་ཡི་གདུལ་བྱ་འདི་ལྟ་སྟེ༔ མ་འོངས་ལྔ་བརྒྱའི་ཐ་མ་རྩུབ་འགྱུར་དུས༔ ཇོ་ནེའི་ཕྱོགས་ནས་ནམ་སྙིང་སྤྲུལ་པ་འབྱུང་༔ བོད་འདིར་གྲུབ་པའི་མཚན་མ་ངོམ་པ་ལ༔ དམ་སྲི་ནག་པོས་ཆེ་རྒུའི་བློ་ཡིད་བསླུས༔ སྨ་ཕབ་སླར་ཡང་རྒྱ་ཡི་ཕྱོགས་སུ་སྤྱུགས༔ དེ་འོག་དེ་མོ་ལ་ཡི་ཉེ་ཚལ་དུ༔ བི་མའི་སྤྲུལ་པས་སྣ་ཚོགས་གར་བྱེད་ལ༔ སྨོན་ལོག་བདུད་ཀྱིས་མི་ཡི་བློ་ཡིད་བསླུས༔ སྨ་ཕབ་ཡུལ་ཕུད་བོད་ཀྱི་བདེ་སྐྱིད་ཉམས༔ འགོང་པོའི་ཆོ་འཕྲུལ་འབུ་སྲིན་ལ་བརྫུས་ཏེ༔ ལོ་ཐོག་བཅོམ་སྟེ་ཟས་ཀྱི་དཔལ་ཁ་ཉམས༔ དེ་ནས་བཟུང་སྟེ་བདུད་དང་དམ་སྲི་ཡིས༔ མི་ཡི་བློ་བསླུས་ཡ་རབས་ཆེ་རྒུ་གསོད༔ ཕྱི་འཁྲུགས་ནང་འཁྲུགས་འཐབ་རྩོད་ཡོ་ལང་གཡོ༔ ཡ་རབས་ཆེ་རྒུ་ཕལ་ཆེར་རིམ་བཞིན་དུ༔ གསོད་ཅིང་མཐའ་ལ་སྤྱུགས་པའི་ལས་ངན་མང་༔ ཁམས་ཀྱི་ཉག་ལ་སེ་ཕུང་ནག་པོ་སྐྱེས༔ དམག་འཁྲུགས་མཚོན་གྱི་ཆར་པ་ཧོར་ལ་འབེབས༔ ལ་ལུང་དགུ་ཕྲག་ཁ་ལོ་བསྒྱུར་བ་དང་༔ དམེ་འཁྲུགས་མཚོན་གྱི་ཡོ་ལང་ལན་བརྒྱར་འགྱེད༔ དེ་ཚེ་ཟབ་གཏེར་འདི་འབྱིན་དུས་ཚིགས་ལགས༔ ས་མོ་ལུག་ལ་ཟབ་གཏེར་སྒོ་འབྱེད་དེ༔ ཤིང་མོ་གླང་ལ་ཡི་གེར་ཕབ་ཙམ་ནས༔ བདུད་ཀྱི་སྡེ་དཔོན་བཅུ་གཉིས་རིམ་བཞིན་འཇོམས༔ དེ་རྗེས་བདུད་དང་དམ་སྲིས་རྒྱུད་བསླུས་ནས༔ གཏེར་མིན་གཏེར་འདྲས་ས་སྟེང་ཁྱབ་པ་འབྱུང་༔ འདི་དུས་ཟབ་གཏེར་འབྱིན་པའི་དུས་ཚིགས་ཏེ༔ ཆོས་ཀྱི་བདག་པོ་བརྒྱ་ཕྲག་ལྷག་ཙམ་འབྱུང་༔ དེ་རྣམས་ད་ལྟ་བདག་གི་སྨོན་ལམ་མཐུས༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ཕྱིར་སྤྲུལ༔ གདུལ་བྱའི་ལྷག་མ་བརྒྱ་ཕྲག་བཅོ་ལྔ་འདུལ༔ དེ་རྣམས་ད་ལྟ་བདག་གི་ཞལ་སྔར་འཁོད༔ གསུང་ཐོས་གདམས་པ་ཐོབ་པ་ཤ་སྟག་གོ༔ གཞན་ཡང་ཟབ་ཆོས་འདི་འཕྲད་མི་རྣམས་ཀུན༔ ཐར་པའི་ལམ་སྣེ་ཟིན་ཅིང་ཚེ་རབས་ཀུན༔ དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་ཐོབ་འགྱུར༔ མཐར་ཐུག་པདྨ་ང་ཡི་དྲུང་དུ་འཕོ༔ བསྐྱེད་དང་རྫོགས་པའི་རིམ་པ་ཚུལ་བཞིན་དུ༔ གཞུང་བཞིན་ཚེ་གཅིག་ཉམས་སུ་ལེན་པའི་མི༔ ཕུང་པོ་ལྷག་མ་མེད་པར་མྱ་ངན་འདའ༔ གནས་སྐབས་བར་ཆད་གེགས་རྐྱེན་ངན་རྒུ་སེལ༔ ཟབ་གཏེར་བསྟན་པའི་གདུལ་བྱ་དེ་ལྟར་ལགས༔ ཡོན་ཏན་བགྲང་ན་བསམ་གྱིས་ཁྱབ་པ་མིན༔ སྔོན་ཚེ་ན་ལེནྡྲ་ཡི་གཙུག་ལག་ཁང་༔ དེར་གནས་དགེ་སློང་ཞིག་གིས་ལོག་སྨོན་བཏབ༔ རྒྱ་མཚོའི་ཕ་མཐར་ཕྱིན་ཏེ་འབྱུང་པོ་བསྒྲུབ༔ འགྲུབ་སྟེ་རྒྱུད་བརླམས་ལོག་པའི་བསྟན་བཅོས་བརྩམས༔ འབྱུང་པོ་རཀྵ་གཟི་འབར་བསྡོང་ཟླ་བྱས༔ རང་གི་སྟོན་པ་མང་དུ་འཕེལ་བའི་སྡེ༔ སྲུང་མས་བསྐུལ་བས་སྟོབས་ལྡན་རྒྱལ་པོས་བཅོམ༔ མཁས་ཤིང་རང་ལུགས་གྲུབ་པ་བརྙེས་པ་ཡིས༔ བསྟན་ལ་རྒོལ་ཕྱིར་ས་མཐར་བགྲོད་པ་ཞིག༔ ལྷག་མར་ལུས་པས་ཀླ་ཀློ་ཞེས་བྱའི་སྡེ༔ མང་དུ་འཕེལ་ཏེ་འཛམ་གླིང་མཐའ་ནས་བསྐོར༔ རྫས་སྔགས་ཏིང་ངེ་འཛིན་གྱི་སྟོབས་ཤུགས་ཀྱིས༔ རྩྭ་སྐམ་དག་ལ་མེ་དཔུང་མཆེད་པ་བཞིན༔ སྐྱེ་འགྲོའི་རྒྱུད་བརླམ་བསྟན་པའི་ཞིང་ས་འཇོམས༔ བྱ་བྱེད་བརྗོད་རྐྱེན་གཡོ་སྒྱུས་རྒྱུད་གང་སྟེ༔ སྙིགས་མ་ལྔ་བདོ་མི་ཐུབ་ལྔ་འབྱུང་ནས༔ ཕ་སྤུན་ནང་འཁྲུག་ཕུ་ནུ་ཉེ་བ་འཐབ༔ རི་རླུང་མེད་པར་ཨར་ཇག་རྐུན་མ་དར༔ རང་གིས་རང་ལ་ཡིད་མི་ཆེས་པ་འབྱུང་༔ རྟ་དང་མཚོན་ཆ་ཕྱུག་ནོར་མཆོག་ཏུ་འཛིན༔ གོ་ཆ་སྣ་ཚོགས་གོས་ཀྱི་མཆོག་ཏུ་བཀུར༔ རྒྱ་ནག་རྒྱལ་པོ་མཐའ་མིའི་བུ་མོར་འགྲོགས༔ དེ་ཡི་དབང་གིས་མཐའ་མི་དབུས་སུ་རྡིབ༔ འབྱུང་པོའི་རིགས་སྔགས་རྫས་སྦྱོར་འཕྲུལ་སྟོབས་ཀྱིས༔ ཟླ་བ་བཅོ་ལྔར་ནམ་མཁའ་ཁྲག་མདོག་འགྱུར༔ མི་ནད་ཕྱུགས་ནད་མ་ངེས་སྣ་ཚོགས་འབྱུང་༔ ལོ་ཉེས་སད་སེར་ཐན་པ་འབུ་སྲིན་དང་༔ སྲོག་ཆགས་ཕྲ་མོས་འབྲས་བུ་སྣ་ཚོགས་འཇོམས༔ མུ་གེའི་བསྐལ་པས་མི་རྣམས་ཕལ་ཆེར་འཆི༔ ཕྱུག་པོ་ནོར་ལྡན་དབུལ་པོས་ཧབ་ཐོབ་བྱེད༔ དགོན་གནས་ཆོས་སྡེ་ཆོམ་རྐུན་ཚོགས་ཀྱིས་འཇོམས༔ མེ་སྤྲེལ་ལོ་ནས་ནད་ཀྱི་བསྐལ་ངན་དར༔ མེ་བྱའི་ལོ་ནས་མུ་གེའི་བསྐལ་ངན་འབྱུང་༔ ས་ཁྱིའི་ལོ་ནས་མཚོན་གྱི་ཡོ་ལང་འཚུབས༔ ཕྱི་འཁྲུགས་ནང་འཁྲུགས་འཁྲུག་རྩོད་འཐབ་ར་འཆའ༔ དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནི༔ རིམ་བཞིན་ཉི་ཟླ་སྤྲིན་གྱིས་བསྒྲིབ་ལྟར་ནུབ༔ ཀླ་ཀློའི་ཆོས་ཀྱིས་ས་སྟེང་ཐམས་ཅད་ཁྱབ༔ བསྐལ་ངན་དེ་རུ་མ་ཐུག་སྔ་ཐོག་ཏུ༔ གདུལ་བྱའི་ལྷག་མ་ཟབ་གཏེར་འདིས་སྡུད་དེ༔ སླར་ཡང་ས་སྤྱོད་མཁའ་འགྲོའི་དབྱིངས་སུ་ཡིབ༔ ཅེས་གསུངས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཀྱེ་མ་ཉོན་མོངས་སེམས་ཅན་སྙིང་རེ་རྗེ༔ དེ་དག་དུས་ཀྱི་ཁུག་པ་ཆེན་པོ་སྟེ༔ བཟློག་པའི་ཐབས་མེད་བསྐལ་པའི་ཁུག་པ་ལགས༔ གདུལ་བྱའི་ལྷག་མ་དབྱིངས་སུ་སྡུད་པ་ཡི༔ ཟབ་གཏེར་མཆོག་འདི་གཏེར་སྟོན་སུ་ཡིས་འབྱིན༔ ད་ལྟའི་རྗེ་འབངས་ནང་ནས་གང་ལགས་དང་༔ དེ་འཁོར་བཀའ་བབ་ཆོས་བདག་ཇི་ཙམ་མཆིས༔ ཉེར་འཚེའི་གེགས་དང་བར་ཆད་ཡོད་དམ་མེད༔ དུས་གསུམ་མཁྱེན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཞེས་ཞུས་ཨོ་རྒྱན་ཆེན་པོའི་ཞལ་ན་རེ༔ ཡང་ཅིག་གསོན་དང་ཇོ་མོ་མཚོ་རྒྱལ་མ༔ ཟབ་མོའི་གཏེར་འདི་འབྱིན་པའི་གཏེར་སྟོན་ནི༔ ད་ལྟའི་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་བ༔ གཏེར་སྟོན་བརྒྱད་ཀྱི་སྐྱེ་ཕྲེང་བརྒྱུད་པའི་མཐར༔ ཁམས་ཀྱི་གསེར་ལུང་ནམ་སྙིང་རུས་བརྒྱུད་འཛིན༔ གར་དབང་ལྷ་ཡི་མིང་འཛིན་ཤེས་རབ་ཅན༔ རྫོགས་ཆེན་བསྟན་པའི་ཉི་མ་ལྟ་བུ་འབྱུང་༔ དེ་ལ་ས་གཏེར་དགོངས་གཏེར་གཉིས་ཀ་འབབ༔ འབྲེལ་ཚད་རིག་འཛིན་གཉིས་པའི་ས་རུ་འཕོ༔ མ་ངེས་སྤྱོད་པ་སྒྱུ་མ་ལྟ་བུར་སྟོན༔ བརྟུལ་ཞུགས་སྤྱོད་པས་རྟག་འཛིན་ཞེན་པ་གཅོད༔ ཆོས་ཀྱི་བདག་པོ་ཁྲི་སྲོང་ལྡེའུ་བཙན་དང༔ རྒྱལ་སྲས་ལྷ་རྗེ་མུ་རུམ་བཙན་པོ་དང་༔ ལང་གྲོ་ལོ་ཙཱ་ཨ་ཙར་དཔལ་དབྱངས་དང་༔ སངས་རྒྱས་ཡེ་ཤེས་གསང་བདག་རྡོ་རྗེ་ཅན༔ རྡོ་རྗེ་ཕུར་པའི་དངོས་སྤྲུལ་དང་ནི་བརྒྱད༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ཕྱིར་དུ༔ རིགས་ཀྱི་སྲས་སུ་སྤྲུལ་ནས་བརྒྱུད་པ་འཛིན༔ ཆོས་ཀྱི་བདག་པོ་དེ་དག་ཐམས་ཅད་ལ༔ མ་ནོར་བ་ཡི་རྟགས་ནི་འདི་ལྟར་མཆིས༔ ཟབ་ཆོས་འདི་ལ་རྩེ་གཅིག་དད་ཅིང་མོས༔ འཛིན་སྐྱོང་སྤེལ་བའི་ལས་ལ་རྟག་ཏུ་བརྩོན༔ སྒྲུབ་པ་ལྷུར་ལེན་ལྟ་སྒོམ་ལ་སློབ་ཅིང་༔ ངེས་གསང་རྫོགས་པ་ཆེན་པོའི་བརྒྱུད་པ་འཛིན༔ སྨོན་ལམ་ལས་འབྲེལ་གདུལ་བྱའི་ཚོགས་ལ་འདོམས༔ བརྒྱུད་པའི་ཟམ་འཛུག་རིག་འཛིན་ས་རུ་སྦྱོར༔ དེ་དག་པད་འབྱུང་ང་དང་གཉིས་སུ་མེད༔ འབྲེལ་བ་ཐོབ་ཚད་ངན་སོང་སྐྱེ་སྒོ་ཁེག༔ པད་འབྱུང་ང་དང་སྐད་ཅིག་འདུ་འབྲལ་མེད༔ འཁྲུལ་མེད་རྟགས་རྣམས་དེ་དང་མི་ལྡན་པའི༔ ལས་ཀྱིས་དབང་གིས་འཕང་བའི་བུ་དང་ནི༔ བུ་མོ་དག་ལ་རྟགས་རྣམས་ཚང་མི་འགྱུར༔ ཚུལ་དེ་མ་ནོར་ཟབ་ཆོས་གཏད་རྒྱ་ཁྲོལ༔ དེ་དག་ཀུན་གྱི་ཚེ་དང་ཆོས་རྣམས་ལ༔ གེགས་དང་བར་ཆད་གཡུལ་རྐྱེན་བཟློག་པའི་ཕྱིར༔ གནོད་སྦྱིན་ཤན་པ་དབང་དྲག་རྒྱལ་པོ་དང་༔ ལྷ་ཆེན་དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ གཟའ་བདུད་སྲོག་གི་སྤུ་གྲི་འབར་བ་རྣམས༔ བཀའ་ཡི་སྲུང་མ་གཉེན་པོར་བརྟེན་ནས་སུ༔ འགྲུབ་ལྟས་མངོན་དུ་མ་གྱུར་བར་དུ་བསྒྲུབ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལྷག་ལྷར་བསྒྲུབ༔ ཕ་ལྷར་གདིང་བཅས་རྐྱེན་ངན་བར་ཆད་སེལ༔ ལྟ་བའི་གདིང་ཐོབ་སྒོམ་པའི་ལམ་དུ་ཚུད༔ ཕྱོགས་མེད་འགྲོ་དོན་འབྱུང་བར་གདོན་མི་ཟ༔ གཞན་ཡང་བཀའ་བབ་ཆོས་ཀྱི་བདག་པོ་ནི༔ སྙི་ཡི་སྟོད་དུ་སངས་རྒྱས་ཡེ་ཤེས་ཀྱི༔ དངོས་སྤྲུལ་ཕུར་པའི་བཀའ་བབ་ཆེན་པོ་ནི༔ ཆོས་ཀྱི་བདག་པོ་རང་གྲོལ་མིང་མཐའ་ཅན༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་དང་འཕྲད་ན༔ ལོངས་སྤྱོད་དཔལ་རྒྱས་ཚེ་ཡི་བར་ཆད་སེལ༔ གནས་དེར་ཨ་བྷ་ཡ་ཡི་མཚན་འཛིན་པ༔ སྐྱེ་ཕྲེང་གཉིས་སུ་ཆོས་ཀྱི་བདག་པོ་སྟེ༔ རྡོ་རྗེ་ཕུར་པའི་སྒྲུབ་པ་དང་འཕྲད་ནས༔ གནོད་སྦྱིན་ཤན་པ་དམར་ནག་དང་འཕྲད་ན༔ ཚེ་ཡི་གེགས་སེལ་མཐུ་ཡི་དངོས་གྲུབ་བརྙེས༔ དབང་ཕྱུག་ཆེན་པོས་གཞན་སྣང་དབང་དུ་བསྒྱུར༔ གནས་དེར་དཔལ་གྱི་རྡོ་རྗེ་རྣམ་རོལ་གར༔ རྣལ་འབྱོར་དམ་པ་སྙིང་པོའི་མིང་མཐའ་ཅན༔ རྡོ་རྗེ་ཕུར་པའི་སྒྲུབ་པ་དང་འཕྲད་ན༔ ཚེ་ཡི་གེགས་སེལ་མངོན་སྤྱོད་ལས་ལ་དབང་༔ དབང་ཕྱུག་ཆེན་པོས་འདོད་དོན་ཕྲིན་ལས་སྒྲུབ༔ གནས་དེར་ཡེ་ཤེས་དབྱངས་ཀྱི་རྣམ་རོལ་གར༔ རྣལ་འབྱོར་དབང་ཕྱུག་རྣམ་གྱི་མིང་མཐའ་ཅན༔ རྡོ་རྗེ་ཕུར་པའི་སྒྲུབ་པ་དང་འཕྲད་དེ༔ ལོ་གསུམ་ཟླ་གསུམ་ཞག་གསུམ་སྒྲུབ་གཞོལ་ན༔ ཚེ་ཡི་གེགས་སེལ་བསྟན་ལ་ཕན་ཆེར་ཐོགས༔ གནས་དེར་རྣལ་འབྱོར་བསམ་གྱི་མིང་མཐའ་ཅན༔ རྡོ་རྗེ་ཕུར་པའི་སྒྲུབ་པ་དང་འཕྲད་ན༔ གཡུ་སྒྲ་སྙིང་པོའི་སྨོན་ལམ་མཐུ་བཙན་པས༔ ཚེ་ཡི་གེགས་སེལ་མངོན་སྤྱོད་ལས་ལ་དབང་༔ དེ་དག་སྨོན་ལོག་བདུད་ཀྱི་སྟོབས་དབང་གིས༔ ཚེ་གེགས་བར་ཆད་རྐྱེན་དབང་མི་ཤོར་ཕྱིར༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་པ་ལ༔ ནན་ཆེར་འབད་ཅིང་གྲུབ་ལྟས་མངོན་གྱུར་བྱ༔ གནས་དེས་གཞན་སྣང་དབང་དུ་འདུ་བ་དང་༔ ལོངས་སྤྱོད་དཔལ་འབྱོར་མི་ཟད་གཏེར་དུ་འཕེལ༔ གནོད་སྦྱིན་ཤན་པ་དམར་ནག་སྒྲུབ་བརྩོན་ཏེ༔ གྲུབ་ལྟས་མངོན་དུ་གྱུར་ན་བགེགས་ཚོགས་གཞོམ༔ གཞན་ཡང་དགོན་གནས་ཆེན་པོ་དེ་ཉིད་དུ༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ནི༔ འོད་གསལ་ཐེག་ཆེན་བཀའ་བབ་དམ་པ་རྣམས༔ བཅུ་ཕྲག་བདུན་གྱིས་རིག་འཛིན་ས་ལམ་བགྲོད༔ གནས་དེ་མི་རིང་སྙི་ཡི་ལུང་པ་རུ༔ ཐང་སྟོང་སྤྲུལ་པ་རྒྱལ་མཚན་མིང་མཐའ་ཅན༔ རྡོ་རྗེ་ཕུར་པའི་སྒྲུབ་པ་དང་འཕྲད་ནས༔ ལོ་གསུམ་ཟླ་གསུམ་ཞག་གསུམ་སྒྲུབ་གཞོལ་ན༔ མངོན་སྤྱོད་ལས་འགྲུབ་ཚེ་ཕུག་མཐའ་རུ་ཕྱིན༔ ལྷ་ཆེན་དབང་ཕྱུག་འགྲུབ་ལྟས་མངོན་གྱུར་བར༔ བསྒྲུབ་ན་གཞན་སྣང་དབང་དུ་བསྒྱུར་ནས་སུ༔ བསྟན་དང་འགྲོ་ལ་ཕན་ཐོགས་དཔག་མེད་འབྱུང་༔ ཡང་ཅིག་རྣལ་འབྱོར་རཏྣའི་མིང་ཅན་འབྱུང་༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་དང་འཕྲད་ན༔ ཚེ་གེགས་སེལ་ཞིང་ཉམས་རྟོགས་ཡོན་ཏན་རྒྱས༔ ཡང་ཅིག་རྣལ་འབྱོར་སྲུང་གི་མིང་མཐའ་ཅན༔ གུ་རུ་དྲག་པོའི་སྒྲུབ་པ་དང་འཕྲད་ན༔ ལྷ་འདྲེ་མི་གསུམ་དབང་དུ་འདུ་བར་འགྱུར༔ རྡོ་རྗེ་ཕུར་པའི་སྒྲུབ་སྐོར་དང་འཕྲད་ན༔ མངོན་སྤྱོད་ལས་འགྲུབ་བསྟན་འགྲོར་ཕན་ཆེར་ཐོགས༔ གནས་དེར་སྐྱེས་མཆོག་རྒྱལ་གྱི་མིང་མཐའ་ཅན༔ རྡོ་རྗེ་ཕུར་པའི་སྒྲུབ་པ་དང་འཕྲད་ཅིང་༔ ལྷ་ཆེན་དབང་ཕྱུག་གཟའ་བདུད་བསྒྲུབ་བརྩོན་ཏེ༔ གྲུབ་ལྟས་མངོན་དུ་མ་གྱུར་བར་དུ་ནི༔ བསྒྲུབ་པའི་ལས་དང་སྐལ་བར་ལྡན་གྱུར་ན༔ ཚེ་ཕུག་མཐའ་ཕྱིན་མངོན་སྤྱོད་ཕྲིན་ལས་འགྲུབ༔ གཞན་སྣང་དབང་སྡུད་བསྟན་འགྲོར་ཕན་ཆེར་འགྲུབ༔ གནས་དེར་འོད་གསལ་རྫོགས་ཆེན་བཀའ་བབས་པའི༔ སྐྱེས་མཆོག་དྲུག་ཕྲག་གཉིས་ཀྱིས་རིག་འཛིན་བརྙེས༔ རྟ་གདོང་སྒང་དུ་རྡོ་རྗེའི་མིང་མཐའ་ཅན༔ ཚེ་གཅིག་མངོན་སངས་རྒྱས་པའི་འབྲས་བུ་འཐོབ༔ སྨར་གྱི་སྟོད་དུ་རྒྱ་མཚོའི་མིང་མཐའ་ཅན༔ དེ་ནི་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་ལགས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་དང་༔ འཕྲད་དེ་སྒྲུབ་པ་ལྷུར་ལེན་བྱེད་པ་དང་༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་བརྩོན་ཏེ༔ འགྲུབ་ལྟས་མངོན་དུ་གྱུར་པ་ཞིག་བྱུང་ན༔ ཚེ་ཡི་གེགས་སེལ་གཞན་སྣང་དབང་དུ་བྱེད༔ བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་༔ ཡུལ་དེར་སྐྱེས་མཆོག་མང་གའི་མིང་མཐའ་ཅན༔ དབེན་པའི་རི་སུལ་འཛིན་ཅིང་སྒྲུབ་ལ་བརྩོན༔ དེ་ལ་འོད་གསལ་རྫོགས་ཆེན་བཀའ་ཡང་བབས༔ ཡང་ཅིག་སྐྱེས་མཆོག་བཅུ་པའི་མིང་མཐའ་ཅན༔ དེ་ལ་རྟ་མགྲིན་ཡང་ཁྲོས་བཀའ་བབ་ཅིང་༔ གནོད་སྦྱིན་ཤན་པ་དྲག་ཤུལ་སྒྲུབ་ལ་དབང་༔ ཁྲོས་མ་དང་ནི་རྫོགས་ཆེན་མ་བུ་ཡི༔ བཤད་སྒྲུབ་བསྟན་པ་འཛིན་ལ་དབང་ཡང་འབྱོར༔ ཡུལ་དེར་སྐྱེས་མཆོག་རྒྱན་གྱི་མིང་མཐའ་ཅན༔ མ་ངེས་ཕྱོགས་མེད་རྒྱལ་ཁམས་ཀུན་ཏུ་རྒྱུ༔ དམ་སྲི་ནག་པོའི་ཚེ་བདུད་མ་བྱུང་ན༔ རྫོགས་ཆེན་མ་བུ་ཁྲོས་མ་སྐོར་གསུམ་དང་༔ ལྷ་ཆེན་དབང་ཕྱུག་མ་ཧཱ་དཱེ་ཝ་ལ༔ བསྟེན་ན་སྐྱེ་འགྲོའི་བློ་ཡིད་དབང་བསྒྱུར་ཏེ༔ བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་༔ ཡུལ་དེར་བཀའ་བབས་བུ་ཆེན་བདུན་ཕྲག་འབྱུང་༔ དེ་དག་རྐྱེན་ལས་གདུལ་བྱའི་ཚོམ་བུ་འདྲེན༔ གསེར་སྟོད་སྐྱེས་མཆོག་བཟང་པོའི་མིང་མཐའ་ཅན༔ སྨོན་ལོག་བདུད་ཀྱིས་སྲོག་ལ་མ་རྒོལ་ན༔ ཁྲོས་མ་ལོ་གསུམ་བསྒྲུབ་ན་གྲུབ་པ་ཐོབ༔ བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེར་འབྱུང༔ ཡུལ་དེར་སྐྱེས་མཆོག་བསོད་ནམས་མིང་མཐའ་ཅན༔ སྒྲུབ་པ་མཐར་ཕྱིན་ཚེ་འདིར་མངོན་སངས་རྒྱས༔ ཡང་ཅིག་རྣལ་འབྱོར་ཤྲཱིའི་མིང་མཐའ་ཅན༔ སྒྲུབ་ལ་མངའ་བརྙེས་ཚེ་འདིར་གྲོལ་བ་ཐོབ༔ ཡང་ཅིག་སྐྱེས་མཆོག་སེམས་ཀྱི་མིང་མཐའ་ཅན༔ ཚེ་སྒྲུབ་མཐའ་ཕྱིན་བསྟན་འགྲོའི་མགོན་དུ་འགྱུར༔ ཡང་ཅིག་སློབ་བུ་སྣོད་ལྡན་བདུན་ཕྲག་བཅུའི༔ རྣམ་པར་སྨིན་པའི་རིག་འཛིན་མཆོག་བརྙེས་འགྱུར༔ ལི་རྩང་གཡུ་རི་སྣོད་ལྡན་བཅུ་ཕྲག་ལྔས༔ རྣམ་པར་གྲོལ་བའི་ས་ལམ་མཆོག་ཏུ་བརྒལ༔ རྨ་སྟོད་ལས་ལྡན་སློབ་བུ་བཅོ་ལྔ་འབྱུང་༔ སྒྲུབ་པ་མཐར་ཕྱིན་ཐར་པའི་ལམ་སྣེ་ཟིན༔ རྡོ་སྙིའི་མཚམས་སུ་བུ་སློབ་བརྒྱ་རྩ་འབྱུང་༔ ཁྱད་པར་རྒྱ་མཚོའི་མིང་མཐའ་ཅན་ཞིག་དང་༔ སྒྲ་ཡི་མིང་མཐའ་ཅན་ཟུང་སྒྲུབ་མཐར་སོན༔ རྡོ་ཡི་སྟོད་དུ་རྒྱ་མཚོའི་མིང་མཐའ་ཅན༔ ཟུང་ཞིག་ཆོས་ཀྱི་བདག་པོར་ལས་ཀྱིས་འཕེན༔ ཡང་ཅིག་སྐྱེས་མཆོག་དབང་གི་མིང་མཐའ་ཅན༔ སྒྲུབ་པ་ལྷུར་ལེན་ནུས་ན་མངོན་སངས་རྒྱས༔ ཡང་ཅིག་སྐྱེས་མཆོག་མཆོག་གི་མིང་མཐའ་ཅན༔ རྫོགས་ཆེན་མ་བུའི་གདམས་པ་དང་འཕྲད་ན༔ ཚེ་འདིའི་བཅུ་གསུམ་རྡོ་རྗེ་འཛིན་པར་གྲོལ༔ ཡང་ཅིག་རྣལ་འབྱོར་རྒྱལ་གྱི་མིང་མཐའ་ཅན༔ དེ་དག་པད་འབྱུང་ང་དང་གཉིས་སུ་མེད༔ རྫ་རྒྱུད་སྐྱེས་མཆོག་བསྟན་འཛིན་མིང་མཐའ་ཅན༔ ཡང་ཅིག་སྐྱེས་མཆོག་དཔལ་གྱི་མིང་མཐའ་ཅན༔ དེ་གཉིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ འཇམ་དཔལ་གསང་བ་འདུས་པའི་བཀའ་བབས་ཏེ༔ ཡང་ཅིག་དཔལ་གྱི་སེང་གེའི་རྣམ་འཕྲུལ་འབྱུང་༔ དེ་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ལྷ་ཆེན་མ་ཧཱ་དཱེ་ཝའི་བཀའ་ཡང་བབས༔ ཡུལ་དེར་སྐྱེས་མཆོག་རྣམ་གྱི་མིང་མཐའ་ཅན༔ དེ་ལ་མ་ཅིག་ཁྲོས་མའི་སྒྲུབ་སྐོར་དང་༔ རྫོགས་ཆེན་མ་བུའི་བཀའ་བབས་བསྒྲུབ་ལ་དབང་༔ ཡང་ཅིག་རྣལ་འབྱོར་རྡོ་རྗེའི་མིང་མཐའ་ཅན༔ དེ་ལ་ཟབ་གསང་ཡོངས་རྫོགས་བཀའ་ཡང་བབས༔ ཡུལ་དེར་སྐྱེས་མཆོག་མགོན་གྱི་མིང་མཐའ་ཅན༔ དེ་ལ་བདེ་ཆེན་རྒྱལ་པོའི་བཀའ་ཡང་བབས༔ ཟླ་སྨད་རྣལ་འབྱོར་ཁྲིམས་ཀྱི་མིང་མཐའ་ཅན༔ དེ་ལ་ཁྲོས་མ་ནག་མོའི་བཀའ་ཡང་བབས༔ ཡུལ་དེར་སྐྱེས་མཆོག་རྒྱལ་གྱི་མིང་མཐའ་ཅན༔ ཡང་ཅིག་རྣལ་འབྱོར་དམ་གྱི་མིང་མཐའ་ཅན༔ དེ་ལ་རྟ་མགྲིན་ཡང་ཁྲོས་བཀའ་ཡང་བབས༔ ཡང་ཅིག་རྣལ་འབྱོར་རྒྱས་པའི་མིང་མཐའ་ཅན༔ དེ་ལ་མཁའ་འགྲོའི་སྒྲུབ་སྐོར་ཡོངས་རྫོགས་སྤྲོད༔ གཞན་ཡང་ཡུལ་དེར་བཀའ་བབས་བཅུ་བདུན་ཡོད༔ རེ་བརྐོང་ཡུལ་དུ་རྡོ་རྗེ་རྣམ་པར་རྒྱལ༔ དེ་ལ་རྡོ་རྗེ་ཕུར་པའི་སྒྲུབ་པ་སྤྲོད༔ ཡུལ་དེར་རྣལ་འབྱོར་དགེ་འདུན་ཞེས་བྱ་ཡོད༔ དེ་ལ་ཟབ་གསང་ཡོངས་རྫོགས་བཀའ་ཡང་བབས༔ ཡུལ་དེར་རྣལ་འབྱོར་རྒྱལ་གྱི་མིང་མཐའ་ཅན༔ དེ་ལ་ནམ་མཁའི་ཀློང་མཛོད་ཡོངས་རྫོགས་སྤྲོད༔ ཡུལ་དེར་རྣལ་འབྱོར་མཆོག་གི་མིང་མཐའ་ཅན༔ དེ་ལ་དག་སྣང་སྐོར་གསུམ་བཀའ་ཡང་བབས༔ ཡུལ་དེར་རྣལ་འབྱོར་མཁྱེན་གྱི་མིང་མཐའ་ཅན༔ དེ་ལ་རྫོགས་ཆེན་མ་བུའི་བཀའ་ཡང་བབས༔ གཞན་ཡང་བཀའ་བབས་ཆོས་བདག་བཅུ་བདུན་མཆིས༔ ཁམས་ཀྱི་སྡེ་དགེར་བཀའ་བབས་ཆོས་བདག་བརྒྱད༔ ལྷ་སར་ཆོས་ཀྱི་བདག་པོ་བཅུ་ཕྲག་གཅིག༔ སྤུ་ཡུལ་ཀཿགནམ་རྒྱལ་པོ་ལ་སོགས་པའི༔ བཀའ་བབས་ཆོས་བདག་བཅུ་དྲུག་འབྱུང་འགྱུར་རོ༔ པདྨ་བཀོད་དུ་ཆོས་བདག་ལྔ་ཕྲག་གཉིས༔ མི་མིན་ལྗོངས་སུ་བཀའ་བབས་ཆེན་པོ་དགུ༔ དྲི་ཟའི་ལྗོངས་སུ་བཀའ་བབས་ཆེན་པོ་ལྔ༔ བདུད་ཀྱི་ལྗོངས་སུ་བཀའ་བབས་ཆེན་པོ་ལྔ༔ དེ་ལྟར་བཀའ་བབས་ཆོས་ཀྱི་བདག་པོ་རྣམས༔ པདྨ་ང་ཡི་སྨོན་ལམ་སྟོབས་ལས་འབྱུང་༔ རང་རང་དབང་སྐལ་ལྡན་པའི་ཟབ་ཆོས་དང་༔ འཕྲད་ནས་སྒྲུབ་པ་ལྷུར་ལེན་བྱེད་ནུས་ན༔ ཚེ་སྒྲུབ་མཐར་ཕྱིན་འགྲོ་དོན་རྒྱ་ཆེར་འགྲུབ༔ ཆོས་བདག་རང་རང་དབང་སྐལ་མ་འཕྲད་ན༔ ཚེ་ཡིས་དུས་བསྟུང་བསོད་ནམས་དབང་ཐང་ཞན༔ དཔེར་ན་སེང་ཕྲུག་མ་དང་མ་འཕྲད་ལྟར༔ བར་ཆད་རྐྱེན་སྣང་གར་གྱི་འགྱུར་བཞིན་མཐོང་༔ ཞེས་གསུངས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ འདི་འབྱིན་དུས་ཀྱི་རྟགས་དང་འབྱུང་འགྱུར་གྱི༔ ལེགས་ཉེས་ཇི་ལྟར་འབྱུང་ཚུལ་བསྟན་དུ་གསོལ༔ དེ་ནས་ཨོ་རྒྱན་ཆེན་པོའི་ཞལ་ན་རེ༔ ཀྱེ་ཧོ་ཉོན་དང་ཇོ་མོ་མཚོ་རྒྱལ་མ༔ ཟབ་གཏེར་འདི་ཉིད་འབྱིན་པའི་དུས་བབས་རྟགས༔ ཉག་གི་རྒྱུད་དུ་སེ་ཕུང་ནག་པོ་འབྱུང་༔ ལ་ལུང་བདུན་དུ་ཁྲག་གི་ཆར་པ་འབེབས༔ གནམ་ལ་སྐར་ཆེན་དུད་པའི་རལ་པ་ཅན༔ རིགས་བཞི་རེས་མོས་ཡང་ཡང་འཆར་བ་དང་༔ སེར་འབྲས་དགའ་ཞེས་ཆོས་ཀྱི་སྡེ་གསུམ་དུ༔ དམེ་འཁྲུགས་མཚོན་གྱི་ཁྲག་ཆར་ལན་གསུམ་འབེབས༔ ཟུང་ཆུ་མི་སྲུན་སྡིག་པའི་སྒོ་དེ་རུ༔ དམེ་འཁྲུགས་མཚོན་ཆར་བབས་ནས་གྲོང་སྟོང་འབྱུང་༔ དེ་འོག་ཟ་ལད་ཅན་གྱི་མགོ་འཕང་དྲག༔ རྒྱ་ནག་ཡུལ་དུ་དམེ་འཁྲུགས་ཁྲག་མཚོ་ཁོལ༔ མགོ་ལོག་བདུད་དང་སྲིན་མོ་ཟུང་དུ་བསྡེབས༔ རྨ་སྟོད་དྲི་ཟའི་གྲོང་ཁྱེར་སྟོང་པར་འཇིག༔ ཕྱོགས་བཞིར་དམག་དང་མཚོན་གྱི་ཡོ་ལང་འགྱེད༔ ཧོར་གྱི་ཡུལ་གྲུ་དམ་སྲི་སྤུན་དགུས་འཛིན༔ ཕྱི་འཁྲུགས་ནང་འཁྲུགས་ཡ་རབས་ཆེ་རྒུ་གསོད༔ རྒྱལ་རོང་རྒྱལ་ཁབ་བདུད་ཀྱིས་བརླམས་པའི་རྐྱེན༔ དམེ་འཁྲུགས་འཚུབས་མ་བཞིན་དུ་ཡང་ཡང་ལྡང་༔ ཁྲོ་ཡི་ཡུལ་དུ་དུ་རུ་ཀས་བརླབས་པས༔ སྡིག་པའི་ཁྲག་མཚོ་བསྐོལ་པའི་མཆོད་རྟེན་བརྩིགས༔ ཡུལ་དེར་མི་བདེའི་ཉེས་ཚོགས་ཡང་ཡང་འབྱུང་༔ དར་མདོར་མཐའ་མིའི་གྲོང་ཆགས་ས་བོན་འདེབས༔ དེ་ནས་བཟུང་སྟེ་མཐའ་མི་དབུས་སུ་རྡིབ༔ ཐང་ལ་མེ་མཆེད་ལྟ་བུར་རིམ་བཞིན་འཕེལ༔ དེ་ཡི་རྫས་སྔགས་ཏིང་ངེ་འཛིན་གྱིས་མཐུས༔ ནད་རིགས་མི་གཅིག་འཚུབས་མ་བཞིན་དུ་ལང་༔ མི་ཡི་གྲངས་ཉམས་ཕྱུགས་ཀྱི་དཔལ་ཁ་འགྲིབ༔ རི་རླུང་མེད་པར་ཨར་ཇག་རྐུན་མ་དར༔ དགོན་གནས་ཆོས་སྡེ་ཆོམ་རྐུན་ཚོགས་ཀྱི་འཇོམས༔ བླ་བཙུན་རྒྱུད་བསླུས་དཀོར་ལ་རྟག་ཏུ་འབྱམས༔ དྷ་དྷུ་ར་ཡིས་རྩ་ཁམས་མྱོས་པ་བཞིན༔ སྒོམ་སྒྲུབ་མི་བྱེད་འདུ་འཛིས་རྣམ་པར་གཡེང་༔ སྒོམ་པའི་གདིང་མེད་སྒྲུབ་པའི་སྟོབས་ཤུགས་མེད༔ དེ་ཕྱིར་མཐུ་མེད་ལྷ་ལ་ཡི་ཆད་འདོན༔ མཐའ་མིའི་རྫས་དང་སྔགས་ཀྱིས་སྦྱོར་བ་ཡིས༔ ས་ཡི་གནད་དང་ས་ཡི་མིག་རྣམས་སུ༔ དབང་དུ་བྱེད་པའི་ཐབས་རྣམས་དུ་མ་སྤྱོད༔ དེ་མཐུས་ཡུལ་ཀུན་འབྱུང་པོའི་མངའ་དབང་བྱེད༔ དགེ་སྦྱོར་སྤྱོད་པའི་གང་ཟག་ཉིན་སྐར་ལྟར༔ རིམ་བཞིན་ཇེ་ཉུང་འགྲོ་སྟེ་ཤེས་རྒྱུད་རྩིང་༔ ཚེ་འདིའི་བྱ་བ་དོན་དུ་གཉེར་བ་དང་༔ འདོད་སྲེད་ཁྱི་དང་སྤྲང་པོ་ལས་ཀྱང་ཆེ༔ གཅིག་གིས་གཅིག་བསླུ་ཕ་སྤུན་ཉེ་བ་བསླུ༔ ཁྲེལ་མེད་རྐུན་པོ་མི་ཡི་མཆོག་ཏུ་བསྔགས༔ གཡོ་སྒྱུ་མནའ་ཟན་འཕྲོག་བཅོམ་བྱེད་པ་དང་༔ ཉེ་རིང་མེད་པར་དོ་བདོ་བྱེད་པ་དང་༔ དཀོན་མཆོག་གསུམ་ཡང་རྒྱབ་ཏུ་དོར་བའི་མི༔ དེ་ཀུན་མི་ཡི་རྗེ་བོར་བཀུར་བ་འབྱུང་༔ འབྱུང་པོ་ཧ་ལུ་མནྡྷ་བསྐུལ་བ་ལས༔ རི་རབ་ཟོམ་གྱི་འབྱུང་དམག་ནམ་མཁར་རྒྱུ༔ ལྷ་ཡི་གྲོང་ཁྱེར་དཀྲུགས་ཤིང་འཐབ་པའི་ལྟས༔ གཟའ་དང་སྐར་མ་འཐབ་ཅིང་འཁྲུགས་པ་འབྱུང་༔ ཀླ་ཀློའི་སྟོབས་ནུས་རྫས་སྔགས་སྦྱོར་བ་ཡིས༔ ནམ་མཁའི་ཁ་དོག་སྔོ་དམར་ཁྲག་མདོག་ངོམས༔ མིག་སྒྲིབ་རྫས་འགྱེད་ཤིང་གི་རྟ་ཞོན་ནས༔ བུད་མེད་སྟོང་གིས་ལྷ་ལམ་བགྲོད་པ་ཡི༔ མེ་མདའི་སྐད་ཀྱིས་ས་གཞི་ཁྱབ་པར་གྲགས༔ དེ་དག་ཀུན་གྱི་ཐ་མ་དབུས་ཕྱོགས་སུ༔ ཇོ་བོའི་གྲོང་དུ་སྔར་མེད་རྟེན་ཞིག་འབྱུང་༔ ཇོ་ཁང་རྒྱབ་ཏུ་མཚོ་ཡི་རླབས་རྩེ་བརྡོལ༔ ལྷ་སའི་ཉེ་སར་ཉ་སྦྲུལ་སྦལ་གཅོང་འདྲའི༔ ས་རལ་གད་པ་སྣ་ཚོགས་བརྡོལ་བ་དང་༔ མཐའ་མིའི་ཚོང་པ་དང་ནི་བཙུན་གཟུགས་འབྱུང་༔ ཆོས་ལ་རྒོལ་ཕྱིར་ཆོས་ཀྱི་རྒྱུས་སློབ་པའི༔ ཀླ་ཀློའི་ཕོ་ཉ་མང་པོ་བར་བར་འབྱུང་༔ རྨ་རྒྱལ་སྤོམ་རའི་ས་སྙིང་ཀླ་ཀློས་འཕྲོག༔ སྟོང་གི་ཡུལ་དུ་ས་མཁར་གྲོང་ཁྱིམ་འཛུག༔ རྔ་ཡི་གཞུང་དུ་མཁར་རྫོང་ཆེན་པོ་འབྱུང་༔ རྨ་རྡོ་གསེར་ལ་དངུལ་གྱི་སྟོན་མོ་འགྱེད༔ གཅིག་བསླུ་གཉིས་བསླུ་རིམ་གྱིས་ཐམས་ཅད་བསླུ༔ ཕན་མེད་ནད་ཀྱི་དུ་རུ་ཀ་བྱུང་ནས༔ མཐའ་མིའི་སྨན་སྦྱོར་བྱེད་པ་མང་དུ་འབྱུང་༔ ནད་འཚོ་རྒྱུད་བསླུ་ཀླ་ཀློའི་གྲོགས་སུ་འགྱུར༔ ལོ་ཉེས་སད་སེར་བཙའ་དང་ཐན་པ་ཡིས༔ རོང་ཆེན་དག་ལ་མུ་གེའི་བསྐལ་པ་འབྱུང་༔ ཕྱུགས་ལ་གོད་འབྱུང་རྩི་བཅུད་ཐན་པས་བཅོམ༔ བྱང་འབྲོག་ཀུན་ལ་མུ་གེའི་བསྐལ་པ་དར༔ ཕྱུག་པོའི་དཔལ་ལ་དབུལ་པོས་ཧབ་ཤ་བྱེད༔ ནང་འཁྲུགས་མཚོན་གྱི་ཡོ་ལང་རླུང་ལྟར་འཚུབས༔ ཀླ་ཀློའི་དམག་དང་གཡུལ་འགྱེད་མཚོན་སྐལ་འགྱེད༔ ཧོར་སྡེ་མཇུག་ནས་རིམ་བཞིན་ཁ་ལོ་བསྒྱུར༔ མདོ་ཁམས་སྒང་དྲུག་ཀླ་ཀློས་དེ་ནས་བསླུ༔ རྒྱ་གར་མས་ནས་ཀླ་ཀློ་ཆུ་བཞིན་བརྡོལ༔ མངའ་རིས་དབུས་གཙང་བོད་ཀྱི་ཡུལ་ཁམས་འཇོམས༔ དེ་སྔོན་རྒྱལ་མོ་རོང་དུ་སྔར་མེད་ཀྱི༔ རྒྱལ་པོའི་ས་འཛིན་རྒྱལ་ཁྲིམས་གསར་དུ་འཛུག༔ བོད་ཀྱིས་ཁྲིམས་ལོག་ཁམས་ཀྱི་ཕྱོགས་སུ་འཛུག༔ དེ་ཚེ་ཟབ་གཏེར་འདི་འབྱིན་ཡུལ་ཀུན་གྱིས༔ ཉམས་སུ་བླང་ན་མི་ལོ་བཅུ་ཕྲག་བརྒྱད༔ བསྐལ་ངན་དེ་ཡི་ཡོ་ལངས་བཟློག་འགྱུར་ཏེ༔ བསྟན་པའི་ཉི་གཞོན་སྤྲིན་གྱིས་བསྒྲིབ་མི་འགྱུར༔ དུས་ངན་སེམས་ཅན་ལས་ངན་དབང་ཆེ་བས༔ ཟབ་ཆོས་འདི་ཉིད་ཉམས་ལེན་སྐལ་མེད་ན༔ གཏེར་མིན་གཏེར་འདྲས་ས་སྟེང་ཁྱབ་ན་ཡང་༔ བསྐལ་ངན་འདི་ཉིད་བཟློག་པའི་ཐབས་གཞན་མེད༔ དམ་ཆོས་འདུལ་བའི་བསྟན་པས་མདོ་ཁམས་མཛེས༔ གསང་སྔགས་རྡོ་རྗེའི་ཐེག་པ་བོད་དུ་དར༔ སྟོད་ནས་སྨད་དུ་ཆས་པ་མཇུག་མར་འདའ༔ སྨད་ནས་སྟོད་དུ་ཆས་པ་རྭ་རྩེར་ནུབ༔ མིག་གི་འབྲས་བུ་མི་མིན་ཡུལ་དུ་ཡིབ༔ སྙིང་གི་ཡང་སྙིང་སྦས་པའི་ཡུལ་དུ་གབ༔ བདུད་ཀྱི་བདུད་ཚོགས་ཤམྦྷ་ལ་ནས་འབྱུང་༔ དེ་ནས་བདུད་བསྟན་མི་ལོ་ལྔ་བརྒྱ་རུ༔ བཅུ་ཕྲག་ལྔ་ཆད་བར་དུ་གནས་པ་ནས༔ ལོ་གྲངས་གསུམ་གྱིས་དྲི་ཟའི་གྲོང་དུ་སྟོན༔ སླར་ཡང་རྒྱུད་སྡེའི་བསྟན་པ་ཉིན་མོར་བྱེད༔ སྦས་པའི་ཡུལ་ནས་ཙིཏྟ་སླར་ཡང་འབྱིན༔ མི་མིན་ཡུལ་ནས་མིག་གི་འབྲས་བུ་རྙེད༔ གདུལ་བྱ་ཐེར་འབུམ་བྱང་ཆུབ་ཆེན་པོར་ཞི༔ ཞེས་གསུངས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཀྱེ་མ་དེ་ལྟར་བསྐལ་པའི་ཁུག་ཆེན་ལ༔ ཐུག་ཚེ་ཟབ་གཏེར་འབྱིན་པའི་སྐྱེས་བུ་དེར༔ བར་ཆད་རྩོམ་པའི་འགལ་ཟླ་ཇི་མཆིས་དང་༔ གདུལ་བྱ་འདུལ་མཛད་སྟོན་པ་ཇི་ལྟར་མཆི༔ བསྟན་ལ་རྒོལ་བྱེད་བསྟན་པའི་དགྲ་བོ་དང་༔ དུ་རུ་ཀ་ཡི་ཆོ་འཕྲུལ་ཇི་ལྟར་འབྱུང་༔ རྗེ་བཙུན་མ་ཧཱ་གུ་རུས་བསྟན་དུ་གསོལ༔ དེ་ལྟར་ཞུས་པས་གུ་རུས་བཀའ་སྩལ་པ༔ ཉོན་ཅིག་ཟུངས་ཤིག་ཡེ་ཤེས་མཚོ་རྒྱལ་མ༔ ང་སྤྲུལ་ང་དང་གཉིས་སུ་མེད་པའི་བུ༔ ཁམས་ཀྱི་ཟལ་མོ་སྒང་གི་རྒྱུད་ཞོལ་དུ༔ དགེ་བསྙེན་རྡོ་རྗེ་ལེགས་པའི་ས་འཛིན་པའི༔ ཡུལ་གྱི་མིང་ནི་གསེར་གྱི་ལུང་པ་རུ༔ ཆུ་བོ་ཆེན་པོ་འབབས་པའི་རྒྱུད་དེ་རུ༔ ད་ལྟ་ནམ་སྙིང་སངས་རྒྱས་ཡེ་ཤེས་ཀྱི༔ རུས་བརྒྱུད་ཟུར་ཆགས་ལྕགས་མོ་ཞེས་བྱ་བའི༔ རུས་སུ་ཆད་པའི་གར་དབང་ལྷ་ཡི་མིང་༔ བདག་ཉིད་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱིས༔ རྗེས་སུ་འཛིན་ཅིང་སྐད་ཅིག་འབྲལ་བ་མེད༔ བྱིས་པའི་དུས་ནས་མ་ངེས་སྤྱོད་པ་སྟོན༔ རྟག་ཏུ་བསྒོམ་བཟླས་གནད་མཆོག་དོར་མེད་བརྩོན༔ ཁས་ཉེན་དབང་ཆུང་ཟས་དང་ནོར་གྱིས་དབུལ༔ ལོ་དགུའི་དུས་ན་ནམ་སྙིང་སྤྲུལ་པར་འཕྲད༔ ཆོས་དང་ཟང་ཟིང་ཟས་ཀྱིས་བསྐྱང་ནས་མཐར༔ ད་ལྟ་ང་ཡི་འབངས་གྱུར་དཔའ་འཛིན་དེ༔ ལས་དབང་ཤུགས་ཀྱིས་མི་མིན་ཡུལ་ནས་འབྱུང་༔ དེ་དང་འཕྲད་ནས་དེ་ཡིས་གྲོགས་བྱས་ཏེ༔ ཉེར་གསུམ་ལོ་ལ་བབས་ཚེ་ཡུལ་དེར་ཕྱིན༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྟོབས་ཤུགས་ལས༔ སྐྱེས་པའི་སྐྱེ་བོ་ཕོ་མོས་སྦྱིན་བདག་བྱེད༔ དེ་ཚེ་ད་ལྟའི་དྲན་པ་ནམ་མཁའ་ཡི༔ བྱིན་བརླབས་སྤྲུལ་པའི་སྐྱེས་མཆོག་དད་དམ་ཅན༔ དེ་ཡིས་རྒྱུད་བསྐུལ་དག་སྣང་ཀློང་མཛོད་ཀྱི༔ དབུ་འཛུག་རེ་ཞིག་ལོ་ཁྱིམ་གཅིག་རྫོགས་མཐར༔ རིིན་ཆེན་མཆོག་གིས་སྨོན་ལམ་མཐུས་བསྐྲུན་པའི༔ སྐྱེས་བུ་དབང་རྣོན་ཤེས་རབ་ཅན་དང་འཕྲད༔ དེ་གསུམ་ལྷན་དུ་འཚོགས་པའི་རྟེན་འབྲེལ་གྱིས༔ གསལ་བྱེད་འོད་བརྒྱ་སྤྲིན་ལས་ཐོན་པ་བཞིན༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་དང་༔ གདུལ་བྱ་སྙན་གྲགས་བསྟན་པ་རིམ་བཞིན་འཕེལ༔ གཞན་ཡང་ལས་དང་སྨོན་ལམ་སྟོབས་ཤུགས་ཀྱིས༔ པད་འབྱུང་ངའི་འབངས་སྐྱེས་བུ་རིམ་པ་བཞིན༔ འབྱུང་སྟེ་ང་ཡི་སྤྲུལ་པའི་སྐྱེས་བུ་དང་༔ ཟབ་ཆོས་རྣམས་ལ་དད་ཅིང་མོས་གུས་ཀྱིས༔ འཛིན་སྐྱོང་སྤེལ་དང་སྒྲུབ་པ་ལྷུར་ལེན་ཅིང་༔ མི་མེད་རི་སུལ་ཕྱོགས་མེད་རྒྱལ་ཁམས་འགྲིམས༔ ལྟ་བའི་གདིང་ཐོབ་སྒོམ་པའི་ལམ་དུ་ཚུད༔ བསྟན་དང་འགྲོ་ལ་ཕན་ཐོགས་ཤུགས་ཀྱིས་འབྱུང་༔ འདི་དུས་གདུལ་བྱའི་ལྷག་མ་སྐྱོང་བྱེད་ཀྱི༔ པད་འབྱུང་ང་ཡི་སྤྲུལ་པ་འདི་ལྟར་འབྱུང་༔ རྫ་རྒྱུད་ཕྱོགས་སུ་ཆོས་ཀྱི་དབང་པོ་འབྱུང་༔ ཕྱོགས་མེད་རྒྱལ་ཁམས་འགྲིམས་ཤིང་འགྲོ་དོན་མཛད༔ ཁམས་ཀྱི་སྡེ་དགེར་མཁྱེན་བརྩེའི་དབང་པོ་འབྱུང་༔ བརྒྱུད་པ་འཛིན་ཅིང་མདོ་སྔགས་ཆོས་རྒྱུད་འདོམས༔ ཡུལ་དེར་སྐྱེས་མཆོག་ཡོན་ཏན་རྒྱ་མཚོ་འབྱུང་༔ པདྨ་བདག་གི་ཟབ་གཏེར་ཆོས་རྣམས་ཀྱི༔ ཕུད་རྣམས་བསྡུ་ཞིང་བཅུད་དུ་དྲིལ་བར་བྱེད༔ མི་ཕམ་རྒྱ་མཚོས་མཐའ་དམག་ཆུ་ཀླུང་བསྒྱུར༔ ལྟ་བ་ལོག་པའི་གྲུབ་མཐའ་གཞོམ་པ་དང་༔ གསང་སྔགས་བསྟན་པའི་མདངས་ཕྱུངས་ཉིན་མོར་བྱེད༔ མདོ་ཁམས་གསེར་སྟོད་འགྱུར་མེད་མིང་ཅན་འབྱུང་༔ ཕྱོགས་མེད་རྒྱལ་ཁམས་འགྲིམས་ཏེ་སྒྲུབ་ལ་བརྩོན༔ བརྟུལ་ཞུགས་སྤྱོད་པས་བདུད་དང་དམ་སྲི་འདུལ༔ དུ་རུ་ཀ་ཡི་སྡེ་དཔུང་ཟིལ་གྱིས་གནོན༔ ཟླ་ཡི་སྟོད་དུ་དྷརྨའི་མིང་ཅན་གྱིས༔ བདུད་གཅོད་ཟབ་མོ་འདོམས་ཤིང་ངེས་དོན་སྟོན༔ མདོ་ཁམས་སྙི་སྟོད་བསྟན་འཛིན་མིང་ཅན་གྱིས༔ སྟོང་ཉིད་དོན་སྟོན་གདུལ་བྱ་གྲངས་མེད་འདྲེན༔ གསེར་སྨད་ཕྱོགས་སུ་སངས་རྒྱས་མཚན་ཅན་གྱིས༔ ཐེག་ཆེན་དོན་སྟོན་གདུལ་བྱའི་ཤེས་རྒྱུད་འདུལ༔ ཉག་སྟོད་པདྨའི་མཚན་ཅན་ཞིག་འབྱུང་ནས༔ ཐེག་ཆེན་དོན་སྟོན་འབྲེལ་ཚད་རིག་འཛིན་གྱི༔ སར་འགོད་གསང་སྔགས་བསྟན་པ་ཉིན་མོར་བྱེད༔ སྨར་གྱི་ས་ཆར་ལུང་རྟོགས་མིང་ཅན་འབྱུང་༔ དེ་ཡང་མི་སྲུན་དམ་སྲིས་མ་བསྒྲིབ་ན༔ བསྟན་དང་འགྲོ་ལ་ཕན་ཐོགས་ཆེན་པོ་འབྱུང་༔ གངས་རིའི་ཉེ་འདབ་ཕུན་ཚོགས་མིང་ཅན་གྱིས༔ སྨོན་ལམ་ལས་འབྲེལ་ཚོགས་ཀྱི་ཚོམ་བུ་འདུལ༔ ལ་སྟོད་ཕྱོགས་སུ་དགེ་བའི་མིང་ཅན་གྱིས༔ དམ་ཆོས་འདུལ་བའི་བསྟན་ལ་སོ་ནམ་བྱེད༔ སྨར་གྱི་ལུང་པར་ཚེས་བཅུའི་མིང་ཅན་འབྱུང་༔ གདུལ་བྱའི་ཡུལ་ལ་ཟབ་ཆོས་ངེས་དོན་སྟོན༔ འདི་དག་ང་སྤྲུལ་ང་ཡི་རྒྱལ་ཚབ་སྟེ༔ འབངས་སུ་གྱུར་ཚད་ཐར་པའི་ལམ་སྣ་ཟིན༔ ང་སྤྲུལ་ཟབ་གཏེར་དབང་ཕྱུག་མཆོག་འདི་ལ༔ འགལ་ཟླ་ད་ལྟའི་བདུད་བློན་འདི་དག་གིས༔ ལོག་པའི་སྨོན་ལམ་གྲུབ་པའི་འབྲས་བུ་ལས༔ སྐྱེས་པའི་མི་སྲུན་སྐྱེས་བུ་མང་པོ་འབྱུང་༔ མ་ཉེས་ཁ་ཡོག་ཁ་མཆུ་གླེང་བ་དང་༔ ལ་ལས་ལོག་ལྟ་གཤེ་ཞིང་སྐུར་བ་འབྱུང་༔ སློབ་ངན་འགའ་ཞིག་དམ་སྲིའི་དབང་གྱུར་ཏེ༔ བླ་མར་ལོག་ལྟ་ཆོས་ལ་སྡང་བར་བྱེད༔ ལ་ལས་དམག་འདྲེན་སྲོག་དང་དཀོར་ལ་རྒོལ༔ ལ་ལས་རྐུ་ཐབས་བྱེད་པའི་ལས་དེས་རྐྱེན༔ ཆོས་སྲིད་བསྟན་པའི་སྨ་ཕབ་བྱེད་པ་འབྱུང་༔ ལ་ལ་བྲན་ཁོལ་ཚུལ་འཛིན་དཔོན་ལ་བདོ༔ འདི་དག་དམ་སྲི་མི་ཡི་གཟུགས་ཅན་ཏེ༔ ལྷ་ཆེན་དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ དབང་དྲག་གནོད་སྦྱིན་ཤན་པ་དམར་ནག་གི༔ བསྙེན་སྒྲུབ་ལ་འབད་ཟིལ་གྱིས་གནོན་པར་འགྱུར༔ སྲོག་བདག་ཆེན་པོ་གཟའ་བདུད་རཱ་ཧུ་ལ༔ གཉེན་དུ་བཏང་བས་བསྟན་དགྲའི་དབང་པོ་བསྣུབ༔ དེ་མིན་ལྷ་གཞན་བསྒྲུབ་ཀྱང་བཟློག་མི་ནུས༔ གདུང་སྲས་བརྒྱུད་པ་འཛིན་པ་རྣམས་ཀྱིས་ཀྱང་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་བསྟེན་ནས༔ སྲི་མནན་དགྲ་མནན་དག་ལ་ཆེས་ཆེར་འབད༔ ཡི་དམ་དང་ནི་བཀའ་སྲུང་མཆོག་འདི་རྣམས༔ ནན་ཆེར་བསྐྱར་ནས་བསྒྲུབ་པ་མཆོག་ཏུ་གནད༔ གནད་དེས་གཞན་སྣང་དབང་དུ་འདུ་བར་བྱེད༔ བསྟན་དང་འགྲོ་ལ་ཕན་ཐོགས་དེ་ཡིས་འབྱུང་༔ སྤྱིར་ན་ལྔ་བརྒྱ་དུས་ཀྱི་ཐ་མའི་ཚེ༔ ཕྲིན་ལས་ལས་ཀྱིས་གདུལ་བྱ་དུས་བབས་པས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་མ་གཏོགས་པའི༔ ལྷ་གཞན་བསྒྲུབ་ཀྱང་ལམ་དུ་འགྲོ་དཀའ་ཞིང་༔ སྒྲུབ་འབྲས་མངོན་དུ་འགྱུར་བ་ཤིན་ཏུ་དཀོན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་མ་གཏོགས་པའི༔ འབྱུང་སྡེ་ཀླ་ཀློའི་གཡུལ་ངོ་སུས་བཟློག་ནུས༔ དྲང་སྲོང་གཟའ་མཆོག་ཆེན་པོ་མ་གཏོགས་པའི༔ དུས་ཀྱི་ཡོ་ལང་ཇག་རྐུན་སུ་ཡིས་གཞོམ༔ དེ་དོན་ཤེས་མཛོད་མ་འོངས་བརྒྱུད་འཛིན་རྣམས༔ ལྔ་བརྒྱའི་སེམས་ཅན་ལས་ངན་སྐྱོབ་དཀའ་ཡང་༔ པད་འབྱུང་བདག་ལ་གསོལ་བ་རྒྱུན་དུ་ཐོབ༔ སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག་ཏུ་སྒོམས༔ ཚེ་འདིར་བློ་སྣ་དམ་ཆོས་ལམ་དུ་འཛིན༔ ཕྱི་མ་བར་དོར་མཐོ་རིས་ལམ་དུ་འདྲོང་༔ ང་སྤྲུལ་ལས་ཅན་སྐྱེས་བུ་ལ་སོགས་པའི༔ པདྨ་ང་ཡི་གདུལ་བྱར་གྱུར་པ་རྣམས༔ ང་ལ་མོས་གུས་གསོལ་བ་བཏབ་གྱུར་ན༔ ང་དང་སྐད་ཅིག་ཙམ་ཡང་འབྲལ་བ་མེད༔ ལྔ་བརྒྱ་སྙིགས་དུས་བདུད་དང་དམ་སྲི་ཡི༔ འབངས་གྱུར་ཆོས་སྡེའི་ཚུལ་འཛིན་ཕལ་ཆེར་གྱིས༔ པདྨ་ང་ལ་ལོག་ལྟ་སྒྲོ་སྐུར་འདེབས༔ རྡོ་རྗེ་ཐེག་པ་ཆོས་ལོག་ཡིན་ཞེས་གྱེར༔ དེ་དག་བདུད་ཀྱི་དབང་དུ་གྱུར་པ་ཡིས༔ ཁོང་ཁྲོས་རྒྱུད་གང་ཞེ་སྡང་མེ་ལྟར་འབར༔ འཁྲུགས་དང་རྩོད་པ་གསོད་གཅོད་དག་ལ་དགའ༔ མི་ནག་ཆས་དང་བཙུན་ཆས་འཆང་ནས་སུ༔ མ་ངེས་ལུགས་ཟུང་གྲལ་དུ་རྒྱུ་ཞིང་སྤྱོད༔ སྤྱང་ཀི་རྒྱབ་སེར་བསྟན་པའི་ཐ་མར་འབྱུང་༔ བསྟན་པའི་ལག་དམར་དཀོན་མཆོག་རྐང་འདྲེན་ཚོགས༔ རྫོགས་པའི་སངས་རྒྱས་བྱོན་ཡང་སྐྱོབ་ཐབས་མེད༔ ཕྱི་ཚུལ་ནང་པའི་ལུགས་སུ་ཁས་ལེན་ཅིང་༔ དོན་ལ་མུ་སྟེགས་པ་ལས་ཐ་ཤལ་བ༔ ལྟ་ལོག་ཀླ་ཀློའི་བསམ་སྤྱོད་ཡོངས་རྫོགས་ཚང་༔ འདི་ནི་བསྐལ་ངན་དུས་ངན་སླེབས་པའི་ལྟས༔ གཞན་ཡང་སྐྱེ་འགྲོ་མི་རྣམས་ཐམས་ཅད་ཀྱིས༔ སྔར་གྱི་མི་རྣམས་ཀུན་གྱིས་མི་ཤེས་པའི༔ ལས་ཀ་བྱ་སྤྱོད་སྣ་ཚོགས་ཤེས་པ་དང་༔ ཆས་དང་གོས་རྒྱན་སྣ་ཚོགས་རིམ་བཞིན་འགྱུར༔ བརྗེད་བྱེད་གདོན་གྱིས་ཟིན་ལྟར་བརྗེད་ངེས་ཆེ༔ འདི་དག་དུ་རུ་ཀ་ཡི་རླབས་ཤུགས་ཀྱིས༔ སྐྱེ་འགྲོའི་ཤེས་རྒྱུད་བརླབས་པའི་རྟགས་མཚན་ཡིན༔ དེ་ཚེ་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་རྣམས༔ དབེན་པའི་སར་སོང་སྙིང་པོའི་སྒྲུབ་ཚུགས་ཟུངས༔ བློ་སྙིང་བྲང་གསུམ་པདྨ་ང་ལ་གཏོད༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒོམ་བཟླས་འབུངས༔ ཡུལ་ངན་རྐྱེན་ངན་ཐམས་ཅད་ངང་གིས་ཡལ༔ རིང་པོར་མི་ཐོགས་ཐར་པའི་ལམ་དུ་ཚུད༔ བརྒྱུད་འཛིན་རྣམས་ལ་བརྩེ་བའི་སྙིང་གཏམ་ཡིན༔ ཡལ་བར་མ་དོར་ལག་ཏུ་ལེན་པར་གྱིས༔ སྨོན་ལམ་ལོག་པའི་བདུད་འབངས་ཀླ་ཀློའི་སྡེའི༔ ཆོ་འཕྲུལ་སྔ་ལྟས་དང་ནི་ཕོ་ཉ་ཡི༔ འབྱུང་ཚུལ་ཟུར་ཙམ་ལས་ནི་བརྗོད་དུ་མེད༔ གནམ་ལ་ལྟས་བྱུང་ཁ་དོག་འགྱུར་བ་དང་༔ སྲོག་ཆགས་དང་ནི་མཚོན་གྱི་གཟུགས་འདྲ་བའི༔ སྤྲིན་ནི་དཀར་དམར་སེར་ནག་སྣ་ཚོགས་འབྱུང་༔ བར་ལ་རླུང་ནི་དམར་ནག་ཁ་དོག་ངོམས༔ ས་གཞིར་རྩྭ་དང་ལོ་འབྲས་སྔར་ལས་ཉུང་༔ ཟས་ཀྱི་བཅུད་ཉམས་གོས་ཀྱི་ཁ་དོག་ཉམས༔ དབྱར་གྱི་ཡུན་ཐུང་ཆར་ཆུ་མི་སྙོམས་ཤིང་༔ དགུན་དུས་གྲང་ངར་ཆེ་ཞིང་ཁ་བ་མང་༔ དུས་རྟགས་སྔར་དང་མི་འདྲ་སྣ་ཚོགས་འབྱུང་༔ མི་རྣམས་བསམ་སྤྱོད་འགྱུར་ཏེ་མི་དགེ་ལས༔ གཞན་ལ་གནོད་སེམས་རང་འདོད་རེ་རྐམ་གྱིས༔ དམག་ཇག་བརྐུ་འཕྲོག་འཁྲུགས་རྩོད་སྣ་ཚོགས་པས༔ ལ་ལུང་ཀུན་ལ་བདེ་བའི་གནས་སྐབས་མེད༔ འདི་དག་དུ་རུ་ཀ་ཡི་སྔ་ལྟས་ཡིན༔ བདུད་རྗེ་དེ་ཡི་ཡུལ་ཉུལ་ཕོ་ཉ་རུ༔ ཙི་ནའི་ཡུལ་ནས་བུད་མེད་མི་སྡུག་པ༔ འབྱུང་སྟེ་ས་འཛིན་རང་གི་དཔུང་ཚོགས་འདྲེན༔ མི་འཕྲུལ་དགུ་འཕྲུལ་ནད་དང་མུ་གེ་འཕྲུལ༔ ས་བདག་གནས་བདག་གཞི་བདག་ཀུན་དབང་བསྒྱུར༔ མི་ཡི་ཤེས་རྒྱུད་བསླུས་ཏེ་སྣང་བ་བསྒྱུར༔ དེ་མཐར་ཁམས་ཀྱི་ཡུལ་བགྲོད་རྒྱ་གར་འགྲོ༔ རྒྱ་དང་བོད་ཁམས་ཀུན་གྱི་ཡུལ་ལྷ་དང་༔ ས་བདག་ཀླུ་གཉན་ཀུན་གྱི་སྣང་བ་བསྒྱུར༔ དེ་འོག་འཇང་གི་ཡུལ་ནས་མི་བདུན་འབྱུང་༔ ལི་ཐང་ཕྱོགས་སུ་གནས་ས་འཛིན་པ་འབྱུང་༔ རྒྱ་གར་མཐིལ་ནས་ཕོ་ཉ་ཁྱུ་ཞིག་འབྱུང་༔ ལྷ་ས་དམར་པོ་རི་རྒྱུད་རྫོང་ཁར་བརྩིགས༔ གོར་ཁའི་ཡུལ་ནས་ཀླ་ཀློའི་དམག་དཔུང་འཁྲུགས༔ རྒྱ་བོད་མཚམས་སུ་ཁྲག་གི་ཆར་པ་འབེབས༔ སླར་ཡང་ཡུལ་ཕྱོགས་དེ་ནས་མི་བཞི་བྱུང་༔ ར་སའི་གྲོང་དུ་གནས་ཀྱི་གཞི་ཡང་འཛིན༔ གསེར་དང་དངུལ་གྱིས་ཡ་རབས་ཆེ་རྒུ་བསླུ༔ ཚོང་པའི་ལམ་ཕྱེ་མཚན་མོ་ཚོང་དུས་འཛུག༔ ཆུ་འདུ་ཧོ་ནས་བུད་མེད་སྨ་ར་ཅན༔ ཁམས་ཀྱི་སྡེ་དགེར་གར་གྱི་རྣམ་འགྱུར་ངོམས༔ བསྟན་པའི་མིག་འབྱིན་རྗེ་འབངས་ནང་འཁྲུགས་འགྱེད༔ དེ་འོག་སླར་ཡང་བུད་མེད་མི་སྡུག་པ༔ རི་རུམ་ལུང་པ་ནག་པོར་ཕྱིན་ནས་སུ༔ ནོར་བུ་རིན་ཆེན་རྒྱ་མཚོའི་གཏིང་དུ་ཁྱེར༔ དེ་འོག་དར་མདོའི་ཕྱོགས་ནས་མི་ལྔ་འབྱུང་༔ ཧོར་གྱི་ཡུལ་བགྲོད་དགོན་གནས་ཀུན་ཏུ་རྒྱུ༔ སྔགས་དང་རྫས་སྦྱོར་སྣ་ཚོགས་འགྱེད་ནས་སུ༔ ཡུལ་ལྷ་གནས་སྲུང་ཐམས་ཅད་མངའ་དབང་བསྒྱུར༔ ཆོས་སྡེའི་མགོ་འཛིན་ཡ་རབས་ཐམས་ཅད་ནུབ༔ གྲལ་སྡེ་ནང་འཁྲུགས་དགོན་གནས་རིམ་བཞིན་སྟོང་༔ སླར་ཡང་དུ་རུ་ཀ་ཡི་ཕོ་ཉ་ཞིག༔ ཉམ་ཐག་སྤྲང་པོའི་ཚུལ་བཟུང་སྡེ་དགེར་འབྱུང་༔ ཆོས་སྡེ་ཀུན་མྱུལ་ཀཿཐོག་གནས་སུ་ཕྱིན༔ རྡོ་གཉན་ལ་གནས་མི་མིན་སྣང་བ་བསྒྱུར༔ དེ་ཉིད་དམ་སྲི་དམར་སེར་བསྡོང་ནས་སུ༔ ནད་དང་ནང་འཁྲུགས་འཚུབས་མ་བཞིན་དུ་ལང་༔ སྒྱུ་མའི་གྲོང་ཁྱེར་མཐོང་བའི་མཐའ་ཇི་བཞིན༔ ཡང་གཅིག་ལྷོ་རྒྱུད་ཕྱོགས་ནས་ཕོ་ཉ་བ༔ ཆོས་ཀྱི་རྒྱུས་དང་ཚུལ་ལ་མཁས་པ་ཡི༔ བླ་ཆེན་ཞིག་འབྱུང་མདོ་ཁམས་ཀུན་ཏུ་རྒྱུ༔ ཟང་ཟིང་སྣ་ཚོགས་ཐབས་ཀྱིས་སྐྱེ་འགྲོ་བསླུ༔ ནད་རིགས་སྣ་ཚོགས་གདོན་རྒོད་སྣ་ཚོགས་པ༔ རང་གིས་འཕྲུལ་ཏེ་རང་གིས་བསལ་བ་ཡིས༔ ཀུན་གྱི་སྣང་བ་བསྒྱུར་ནས་དབང་དུ་བྱེད༔ བྱང་ཤར་མཚམས་ནས་བུད་མེད་འཕྲུལ་མོ་ཆེ༔ ཁམས་ཀྱི་ཡུལ་ཀུན་ཉུལ་ནས་ས་མཁན་བྱེད༔ དུ་རུ་ཀ་ཡི་དམག་སྣ་འདྲེན་པའི་ཕྱིར༔ བོད་ཁམས་ཡུལ་ཀུན་རྒྱ་མི་སྤྲང་པོས་ཁྱབ༔ སྨད་ནས་སྟོད་དུ་འགྲོ་བའི་མགྲོན་པོ་དང་༔ དེ་བཞིན་སྟོད་ནས་སྨད་དུ་འགྲོ་བ་ཡི༔ རྒྱ་མིན་སོག་མིན་མགྲོན་པོ་སྣ་ཚོགས་འབྱུང་༔ ཧོར་གྱི་རྒྱལ་ཁབ་རྒྱ་མི་གསུམ་གྱིས་འཛིན༔ ད་ལྟའི་ཞང་བློན་ཁྲ་ཡི་མགོ་ཅན་དང་༔ ཐེའུ་རང་སྤྲུལ་པ་སྤྲེའུ་མགོ་ཅན་གཉིས༔ ལས་ངན་སྤྱོད་དང་སྨོན་ལམ་ལོག་པའི་མཐུས༔ བོད་ཁམས་གཉིས་སུ་ཡང་ཡང་སྐྱེ་སྲིད་འཛིན༔ སེ་ཕུང་སྤྲུལ་པ་རྒྱལ་པོ་གླང་དར་མས༔ བར་བར་བོད་ཁམས་གཉིས་ཀྱི་རྗེ་བོར་སྤྲུལ༔ དེ་གསུམ་ལས་ཀ་དམག་འཁྲུགས་ཡོ་ལང་འགྱེད༔ ཡུལ་ཁམས་ཀུན་ཏུ་མི་བདེའི་ལ་ཡོག་འདོར༔ རྒྱལ་མོ་རོང་དུ་རྒྱལ་གྱི་མིང་ཅན་དང་༔ རྔ་ཡི་ལུང་པར་ཁྲ་མགོའི་སྤྲུལ་པ་འབྱུང་༔ མཐའ་མིའི་སྣ་འདྲེན་བསྟན་འགྲོའི་བདེ་སྐྱིད་བསྣུབ༔ གནོད་སྦྱིན་ལྗོངས་སུ་སྲིན་མོའི་སྤྲུལ་པ་འབྱུང་༔ མི་མིན་ལྗོངས་སུ་མི་མིན་སྤྲུལ་པ་འབྱུང་༔ འཁྲུགས་དང་རྩོད་པའི་ལས་ལ་རྟག་ཏུ་བརྩོན༔ རྩེ་མང་རྒྱུད་དུ་རྒྱལ་པོའི་སྤྲུལ་པ་འབྱུང་༔ ཛམ་བྷ་ལ་ཐང་འཕྲོག་བྱེད་དགའ་བོ་འབྱུང་༔ ཅོག་ཅོག་རི་ལ་བདུད་ཀྱི་དམག་སྒར་འདེབས༔ ལི་ཐང་ཕྱོགས་སུ་དམ་སྲིའི་སྤྲུལ་པ་འབྱུང་༔ ལྟ་བ་ལོག་པའི་ལམ་སྟོན་འབངས་གྱུར་བསླུ༔ རྫ་ཆུའི་རྒྱུད་དུ་ཐེའུ་རང་སྤྲུལ་པ་སླེབས༔ མིག་འཕྲུལ་འགྱེད་ཅིང་སྐྱེ་འགྲོའི་བློ་ཡིད་བསླུ༔ ཤྭ་རི་དམ་སྲི་མེ་སྟག་དམར་པོ་འབྱུང་༔ མགོ་ལ་བདུད་པོ་རོག་ཏིའི་སྤྲུལ་པ་འབྱུང་༔ དམེ་འཁྲུགས་གྲོང་གསུམ་ཡུལ་འབུད་བྱེད་པ་འབྱུང་༔ གསེར་ལུང་སྨད་དུ་བཙན་གྱི་སྤྲུལ་པ་འབྱུང་༔ སྙི་གསེར་མཚམས་སུ་ཀླུ་བཙན་སྤྲུལ་པ་འབྱུང་༔ རྐུ་ཇག་འཁྲུགས་དང་རྩོད་པའི་ལས་ལ་བརྩོན༔ མི་ཡི་ཤེས་རྒྱུད་དམ་སྲི་བདུད་ཀྱིས་བསླུས༔ དགོན་སྡེ་ཆོས་སྡེའི་དཀོར་ལ་ཧབ་ཤ་བྱེད༔ ད་ལྟའི་བདུད་བློན་ཟུང་ཞིག་སྤུ་ཡུལ་འབྱུང་༔ ནང་འཐབ་གསོད་གཅོད་མཚོན་གྱི་ཡོ་ལང་འགྱེད༔ གྲ་དཀར་གྲ་ནག་ཟུང་སྡེབས་བྱེད་པ་འབྱུང་༔ དེ་དག་མཐའ་མི་དབུས་རྡིབ་སྔ་ལྟས་ཡིན༔ དུ་རུ་ཀ་ཡིས་ཡུལ་ཁམས་ཁྱབ་པའི་ལྟས༔ རི་བོ་དག་ལ་མེ་དཔུང་མཆེད་པ་བཞིན༔ རིམ་བཞིན་མཐའ་ནས་རྒྱལ་ཁབ་ཁ་ལོ་བསྒྱུར༔ བོད་ཁམས་མཐའ་ནས་སྡུད་ཅིང་དབུས་སུ་རྡིབ༔ རྒྱ་གར་རྒྱ་ནག་བོད་ཁམས་ཐམས་ཅད་ཀུན༔ མཐའ་མི་ཀླ་ཀློས་ཁྱབ་ནས་ལོ་ཁྱིམ་ནི༔ བདུན་ཅུ་རྩ་ལྔའི་བར་དུ་གནས་པའི་མཐར༔ སླར་ཡང་འབྱུང་པོ་ཧ་ནུ་མནྡྷ་ཡིས༔ སྐྱེ་འགྲོའི་སྲོག་དབུགས་སྡུད་པའི་ལས་ལ་ཆས༔ ཕྱོགས་མཚམས་བརྒྱད་ནས་དམག་དཔོན་བཅུ་དྲུག་གིས༔ ཉིན་འཁྲུགས་མཚན་འཁྲུགས་མཚོན་གྱི་ཆར་པ་འབེབས༔ ཕོ་རྣམས་གསོད་ཅིང་མོ་གཞོན་དག་ལ་སྤྱོད༔ མི་ཤ་རྟ་ཤ་ཟ་ཞིང་གསོད་ལས་བྱེད༔ དེ་དུས་ཤི་ཚད་འདྲེར་ལངས་མངོན་རྒྱུག་ཅིང་༔ རོ་ལང་ནང་འཐབ་ཀྭི་སྒྲ་ཆོ་སྒྲ་སྒྲོགས༔ སྲོག་ཆགས་མིག་གིས་གང་མཐོང་ཐམས་ཅད་གསོད༔ མཐའ་མི་རང་གི་རིགས་གྱུར་མ་གཏོགས་པའི༔ རྒྱ་དང་བོད་ཀྱི་རིགས་གྱུར་ཐམས་ཅད་གསོད༔ ཤ་རི་ཁྲག་གི་མཚོ་མོ་འཁྱིལ་བ་འབྱུང་༔ དེ་ཚེ་ཀླ་ཀློའི་བྱ་བྱེད་ཆོས་གསུམ་ལས༔ སངས་རྒྱས་བསྟན་པའི་སྒྲ་ཙམ་གྲགས་མི་འགྱུར༔ དེ་དག་དུས་ཀྱི་སྙིགས་མར་འབྱུང་འགྱུར་རོ༔ ཞེས་གསུངས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ དུས་གསུམ་ཀུན་མཁྱེན་གུ་རུ་རིན་པོ་ཆེ༔ བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དང་༔ བདུད་ཀྱི་སྤྲུལ་པ་འབྱུང་བའི་ཡུལ་དེ་དག༔ ད་ལྟ་ཡོད་དམ་མ་འོངས་འབྱུང་འགྱུར་ལགས༔ ཞེས་ཞུས་མ་ཧཱ་གུ་རུའི་ཞལ་སྔ་ནས༔ དེ་ལྟར་ཡུལ་མི་རྗེ་ཁམས་དེ་དག་ནི༔ ཕལ་ཆེར་མ་འོངས་དུས་སུ་འབྱུང་འགྱུར་ལས༔ རྒྱལ་ཁབ་ཆེན་པོ་འགའ་ལས་ཡོད་མ་ཡིན༔ ས་བོན་ཙམ་རེ་ཕྱོགས་ནས་འབྱུང་བ་ལས༔ ཡུལ་འཛིན་མང་དུ་འཕེལ་ཞིང་རྒྱལ་ཁབ་ཆགས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོང་བར༔ ཐུགས་བསྐྱེད་དང་ནི་སྨོན་ལམ་རྣམ་དག་མཐུས༔ མདོ་སྔགས་བསྟན་པའི་ཉི་མ་མི་ནུབ་ཀྱང་༔ དང་པོ་བསྟན་པའི་ཆུ་འགོ་དབུས་ཕྱོགས་སུ༔ བཤད་དང་སྒྲུབ་པའི་བསྟན་པ་རབ་ཏུ་རྒྱས༔ བསྟན་པའི་ཉི་མ་ནུབ་ལ་ཕྱོགས་པའི་ལྟས༔ དབུས་གཙང་རུ་བཞིའི་མི་རྣམས་ཐམས་ཅད་ཀྱི༔ རྒྱུད་འགྱུར་འདུ་འཛི་ལེ་ལོས་རྣམ་པར་གཡེང་༔ ཆོས་ཀྱི་བྱ་བ་ཉིན་མོའི་སྐར་ཙམ་ལས༔ མི་མཐོང་ཆོས་བརྒྱད་བྱ་བ་དག་ལ་འབྱམས༔ ང་ཡི་སྤྲུལ་པ་བཟང་པོའི་མིང་མཐའ་ཅན༔ མདོ་ཁམས་སྨད་ཀྱི་ཕྱོགས་སུ་འབྱུང་ནས་སུ༔ བཤད་སྒྲུབ་བསྟན་པ་མདོ་ཁམས་ཕྱོགས་སུ་འགྲོ༔ འཇམ་དབྱངས་སྤྲུལ་པ་རསྨིའི་མིང་མཐའ་ཅན༔ ཁམས་ཀྱི་རྫ་རྒྱུད་ཕྱོགས་སུ་འབྱུང་འགྱུར་གྱིས༔ དམ་ཆོས་འདུལ་བའི་བསྟན་པས་ཡུལ་དེར་ཁྱབ༔ མི་རབས་གསུམ་གྱི་གནས་ཚད་རྫོགས་པའི་མཐར༔ བསྟན་པའི་ཉི་ཟླ་སྤྲིན་གྱིས་བསྒྲིབ་པའི་ལྟས༔ ལ་ལས་ཁ་བཤད་དག་ལ་མཆོག་འཛིན་ཅིང་༔ སྙིང་པོའི་སྒྲུབ་པ་བྱེད་པའི་དུས་སྐབས་མེད༔ ལ་ལས་ལྟ་བའི་གནས་ལུགས་ཡིན་ལུགས་ལ༔ རྒྱུས་མེད་དེ་ཕྱིར་གདིང་དང་མི་ལྡན་ཅིང་༔ ཤེས་པ་ལུང་མ་བསྟན་དུ་གདིང་འཆའ་སྟེ༔ སྲིད་ལས་འདའ་བའི་ལྟ་སྒོམ་གཅིག་ཀྱང་མེད༔ སློབ་དཔོན་ལྟ་ལོག་འབངས་གྱུར་དེ་རྗེས་འགྲོ༔ བསྐལ་པ་མང་མཐར་འབྲས་བུ་རེ་རློམ་སྟེ༔ རྣམ་རྟོག་དག་ལ་བཅོས་སླད་འབད་རྩོལ་བྱེད༔ འཁོར་བའི་གནས་སུ་བསོད་ནམས་བསགས་ཙམ་ལས༔ བསྐལ་མང་ལས་ངན་སྟོབས་ཀྱིས་ཁ་དྲང་སྟེ༔ རྣམ་རྟོག་དཀར་པོའི་འཕྲོ་རྒྱུན་བཅད་ནས་སུ༔ རྣམ་པར་གྲོལ་བའི་ས་ལ་ཐུག་དུས་མེད༔ དེ་དུས་ལྟ་བ་ངན་པས་ལམ་འདྲེན་གྱི༔ སློབ་དཔོན་རང་ཡང་རྟག་ལྟའི་རྒྱུད་དུ་གོལ༔ འདི་དག་འབྱུང་འགྱུར་ཡུལ་དང་བསྟན་པ་ཡི༔ དར་རྒུད་ཟུར་ཙམ་ལས་ནི་བརྗོད་དུ་མེད༔ ཅེས་གསུངས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ དུས་གསུམ་མཁྱེན་པ་གུ་རུ་རིན་པོ་ཆེ༔ སྙིགས་དུས་བསྟན་པ་མདོ་ཁམས་སྨད་ཕྱོགས་སུ༔ འཛིན་སྐྱོང་སྤེལ་བའི་སྐྱེས་བུ་ཇི་ཙམ་མཆི༔ འགྲུབ་འབྲས་མངོན་གྱུར་སྐྱེས་བུ་ཡོད་དམ་མེད༔ ཡོད་ཀྱང་བདུད་དང་དམ་སྲིའི་འཚེ་བ་ཡིས༔ བར་གཅོད་རྐྱེན་སྣང་མཆིས་སམ་མ་མཆིས་ལགས༔ མཆིས་ན་བར་ཆད་གང་གིས་སེལ་བ་དང་༔ ཀླ་ཀློའི་རྒོལ་བ་བཟློག་ཐབས་ཇི་ལྟར་མཆིས༔ དུས་གསུམ་མཁྱེན་པ་གུ་རུས་བསྟན་དུ་གསོལ༔ ཞེས་ཞུས་ཨོ་རྒྱན་ཆེན་པོའི་ཞལ་སྔ་ནས༔ ཀྱཻ་ཧོ་ཉོན་ཅིག་ཇོ་མོ་མཚོ་རྒྱལ་མ༔ བསྟན་པ་མདོ་ཁམས་སྨད་དུ་འགྲོ་བའི་ཚེ༔ བཤད་པའི་བསྟན་འཛིན་སྟོན་པ་ལྔ་བཅུ་འབྱུང་༔ འདུལ་བའི་བསྟན་འཛིན་སྟོན་པ་བརྒྱ་ཕྲག་འབྱུང་༔ སྒྲུབ་པའི་བསྟན་འཛིན་སྐྱེས་བུ་ཉེར་ལྔ་འབྱུང་༔ ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡི༔ ལྟ་སྒོམ་འཕྱུག་མེད་སྟོན་པ་བཅུ་ཕྲག་འབྱུང་༔ དེ་དག་རྣམས་ལ་བར་དུ་གཅོད་པ་ཡི༔ བདུད་བགེགས་དམ་སྲི་རྒྱལ་བསེན་སྣ་ཚོགས་པས༔ སྒྲོ་སྐུར་ལོག་ལྟ་སྣ་ཚོགས་བྱེད་པ་དང་༔ ཉམས་སད་རྐུ་ཇག་མ་ཉེས་ཁ་ཡོག་འབེབས༔ གཟུགས་མེད་ལྷ་འདྲེའི་ནད་གཅོད་སྡུག་བསྔལ་གཏོང་༔ སྣ་ཚོགས་ཐབས་ཀྱིས་བསླུ་བ་ཤིན་ཏུ་མང་༔ ཁྱད་པར་འཇིག་རྟེན་ཆོས་བརྒྱད་ཡུལ་དུ་འདྲེན༔ དེ་དག་བཟློག་པའི་ཐབས་ནི་འདི་ལྟ་སྟེ༔ དུས་ཀུན་པད་འབྱུང་ང་ཉིད་ཡིད་ལ་བྱ༔ གསོལ་འདེབས་བསྙེན་སྒྲུབ་ཚོགས་མཆོད་ཅི་མང་བཏང་༔ སྙིགས་མ་ལྔ་བདོའི་དུས་ལ་བབས་པའི་ཚེ༔ དཔལ་ཆེན་ཕྲིན་ལས་སྒྲུབ་པའི་གདུལ་བྱ་སྟེ༔ ཕུར་པ་རྡོ་རྗེ་གཞོན་ནུ་ལ་བརྟེན་ཏེ༔ གྲུབ་ལྟས་མངོན་དུ་མ་གྱུར་བར་དུ་བསྒྲུབ༔ བྱུར་སྲི་དམ་སྲི་མནན་པའི་ལས་ལ་བརྩོན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་ནས༔ སྣང་སྲིད་དབང་སྡུད་དབང་གི་ཕྲིན་ལས་སྒྲུབ༔ ཕྲིན་ལས་ཐོགས་མེད་གཟའ་བདུད་རྒྱལ་པོ་ཉིད༔ བསྙེན་སྒྲུབ་མཆོད་གསོལ་དག་ལ་རབ་ཏུ་འབད༔ གྲུབ་ལྟས་མངོན་དུ་མ་གྱུར་བར་དུ་བསྒྲུབ༔ བསྟན་པའི་དགྲ་བོ་བྱུང་ཚེ་བསྐུལ་ཞིང་རྦད༔ དེ་ལྟར་ལག་ལེན་གནད་དང་ལྡན་པ་ཡིས༔ སངས་རྒྱས་བསྟན་པའི་ཆེ་བ་བསྐྱེད་པ་དང་༔ དཀོན་མཆོག་དབུ་འཕང་བསྟོད་པའི་དོན་ཆེན་འགྲུབ༔ དེ་ལྟར་གནད་དང་ལྡན་པར་མ་གྱུར་ན༔ མི་ནག་སྐྱེ་བོ་ལང་ཤོར་མགོ་འཕང་མཐོ༔ དགེ་འདུན་དབུ་འཕང་དམན་ཅིང་ཉེས་པའི་ཚོགས༔ གློ་བུར་འཚུབས་མ་བཞིན་དུ་ཡང་ཡང་ལྡང་༔ བླ་སློབ་ནང་འཁྲུགས་ཕན་ཚུན་འཁྲུགས་རྩོད་ལྡང་༔ དེའི་རྐྱེན་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཐུང་༔ དམ་ཚིག་སྡོམ་པའི་ཆོས་ཁྲིམས་འཇིགས་པ་ཡིས༔ བསྟན་པའི་སྒོར་ཞུགས་དགེ་བཙུན་སྐྱ་ཆས་འཛིན༔ ཚོང་དུས་འགྲིམ་ཞིང་ཆོས་བརྒྱད་ཡུལ་དུ་འབྱམས༔ ལྐོག་ཏུ་བུད་མེད་ལ་སྤྱོད་བག་མི་ཚ༔ དཀོར་ལ་རྔམས་ཤིང་དགེ་འདུལ་གྲལ་དུ་འདུ༔ དེ་དག་བདུད་དང་དམ་སྲིའི་དབང་གྱུར་ཏེ༔ ཤི་ཚད་འདྲེར་ལྡང་ཆོས་དང་བླ་མར་འཚེ༔ དེའི་མཐར་རྡོ་རྗེ་དམྱལ་བར་ལྟུང་འགྱུར་རོ༔ དེ་ལྟར་ལས་ངན་གཅོད་པའི་རྒྱུ་རྐྱེན་ནི༔ སློབ་མའི་ཤེས་རྒྱུད་དུལ་བའི་ཐབས་ཟབ་མོ༔ ལྟ་སྒོམ་ཟབ་མོའི་གནད་ལ་བསླབ་གྱུར་ནས༔ སྒོ་གསུམ་རྣལ་དབབ་སྙིང་པོའི་སྒྲུབ་པ་ལ༔ རྩེ་གཅིག་འབད་པ་དང་པོའི་ལག་ལེན་གནད༔ འདི་ཉིད་རྩལ་དུ་བཏོན་ནས་འཆད་པ་ཡིས༔ སློབ་མའི་རྒྱུད་དུལ་སྒྲུབ་ཚུགས་ཟིན་པར་འགྱུར༔ ལྔ་བརྒྱའི་ཐ་མ་སློབ་དཔོན་འགའ་ཞིག་གིས༔ ཁ་བཤད་རྩལ་བཏོན་སྒོམ་པར་སྨད་སྒྲོགས་པས༔ རྐྱེན་དེས་ལ་ལས་བློ་རྨོངས་ཤེས་རབ་ཞན༔ ཐོས་པ་མི་ཤེས་སྒོམ་པའི་གནད་ཀྱང་དོར༔ གཡོ་སྒྱུས་རྒྱུད་གང་བག་མེད་ཡུལ་དུ་འབྱམས༔ ལ་ལས་ཁ་བཤད་གནད་དུ་མི་འགྲོ་སྟེ༔ ཤེས་རྒྱུད་བསྲེག་ཅིང་གཞན་ལ་གནོད་སེམས་ཀྱིས༔ གྲོང་ཡུལ་ཀུན་ཏུ་སྒྲོ་སྐུར་ག་ཞ་འདོམས༔ རང་ལས་སངས་རྒྱས་དངོས་སུ་བྱོན་ན་ཡང་༔ དད་མེད་སྐྱོན་གྱི་ཕུང་པོར་མཐོང་གྱུར་ཏེ༔ ལོག་ལྟས་རྒྱུད་གང་བདུད་དང་རཱུ་དྲར་གོལ༔ ཐེག་ཆེན་སྨ་ཕབ་བར་པའི་ཐེག་པ་ལ༔ བསླབ་ཅིང་བཅོས་མས་རྣམ་རྟོག་ཁ་བསྒྱུར་བྱེད༔ བཅོས་མིན་ངེས་འབྱུང་སྙིང་རྗེ་སྐྱེ་དུས་མེད༔ ལ་ལས་སྒོམ་པ་དམིགས་གཏད་ཅན་ཞིག་དང་༔ རྣམ་རྟོག་འཚོ་སྐྱོང་བདེ་སྡུག་སྣང་བ་སློང་༔ དེ་མཐར་ཤེས་པ་བཟོ་མེད་ལམ་དུ་བྱེད༔ ལྟ་སྒོམ་མཐར་ཐུག་ཐེག་པའི་ཡང་རྩེར་བསྔགས༔ ཐོས་པ་དུག་བཞིན་མཐོང་ནས་དེས་རྐྱེན་གྱིས༔ ཤེས་རབ་ཆུང་ཞིང་ལྟ་བའི་ཚུལ་མི་རྟོགས༔ དེ་ཕྱིར་རྣམ་པར་གྲོལ་བའི་འབྲས་བུ་དཀོན༔ ཐོས་པ་ཤེས་ཀྱང་ཉམས་སུ་ལེན་མཁན་དཀོན༔ སྒོམ་པ་བསླབ་ཀྱང་རྟག་ཏུ་བསྒོམ་མཁན་མེད༔ ལྷ་བསྒྲུབ་མང་ཡང་བསྐྱེད་རིམ་གདིང་ལྡན་དཀོན༔ དེ་ཕྱིར་གྲུབ་པ་ཐོབ་པ་ཉིན་སྐར་ཙམ༔ ཀླ་ཀློའི་བསྟན་པའི་འཕེལ་ཁ་ཁྱི་ལ་དར༔ དེ་བཟློག་དེ་ཡི་གཉེན་པོ་འབྲུག་ལ་བཏང་༔ ཆོས་སྡེ་གཅིག་མིན་ཀུན་གྱི་བསྒྲུབ་པ་བསྐྱང་༔ བསྲེགས་མནན་འཕང་བའི་ལས་ཚོགས་འབད་དེ་བྱ༔ དེ་ལྟར་གནད་ཀྱིས་བཟློག་པའི་དུས་ཡོལ་ན༔ ཟོལ་མེད་རྩེ་གཅིག་སྒོ་གསུམ་དགེ་སྦྱོར་བའི༔ ལས་ཅན་སྐྱེས་བུ་ཕོ་མོ་ཐམས་ཅད་ཀུན༔ པདྨ་བདག་གིས་བྱིན་བརླབས་སྤྲུལ་པའི་ཞིང་༔ སྨོན་ལམ་རྒྱ་ཆེན་རྒྱ་ཡིས་ཐེབས་པའི་གནས༔ སྦས་ཡུལ་ཆེན་པོ་བརྒྱད་དུ་བགྲོད་བྱས་ན༔ ཚེ་འདིར་ཚེ་དང་སྒྲུབ་པ་མཉམ་པ་དང་༔ ཕྱི་མ་ཨོ་རྒྱན་མཁའ་འགྲོའི་གླིང་དུ་གྲོལ༔ དེ་ལྟར་སྦས་ཡུལ་དག་གི་སྒོ་ཕྱེས་ཚེ༔ དང་པོ་མི་སྔ་བར་ཆད་བདུད་ཀྱིས་བཤོལ༔ ཐ་མ་མི་ཕྱི་ཀླ་ཀློས་ལམ་གེགས་བྱེད༔ བར་དུ་པདྨ་ང་ལ་གསོལ་འདེབས་ཤིང་༔ ཚོགས་མཆོད་མང་བཏང་བསོད་ནམས་རྒྱ་ཆེར་བསགས༔ ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ སྣང་སྲིད་དབང་བསྒྱུར་དབང་ཕྱུག་ཆེན་པོ་ཡི༔ བསྙེན་སྒྲུབ་བསྐང་གསོལ་དག་ལ་རབ་ཏུ་འབད༔ དེ་ནས་སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ལ༔ གཏོར་མ་མང་བཏང་ལམ་གྱི་གེགས་སེལ་བའི༔ ཕྲིན་ལས་བཅོལ་བའི་རྗེས་སུ་རང་ཡུལ་ལ༔ ཆགས་ཞེན་འཁྲི་བ་བཅད་ནས་ཕྱིན་པ་ན༔ ཀླ་ཀློའི་རྒོལ་བ་བཟློག་ཐབས་དེ་ལས་མེད༔ དེ་ཕྱིར་གཡུལ་ལས་རྣམ་རྒྱལ་མཆོད་རྟེན་འདི༔ ཕྱོགས་རྣམས་ཀུན་ཏུ་ཁྱབ་པའི་རྟེན་འབྲེལ་སྣ༔ སྨོན་ལོག་བདུད་ཀྱིས་བཟློག་པར་མ་བྱས་ཞིང་༔ བོད་ཁམས་ཡུལ་གྲུ་རེ་བཞིན་བཞེངས་ནུས་ན༔ ལོ་གྲངས་བརྒྱ་ཕྲག་གཅིག་ཏུ་བདུད་བསྟན་བཟློག༔ མདོ་སྔགས་བསྟན་པ་མི་ནུབ་ཙམ་དུ་གནས༔ དེ་ནས་ཡུལ་འཇིག་ཆེན་པོ་བཟློག་ཐབས་མེད༔ ཅེས་གསུངས་ཡེ་ཤེས་མཁའ་འགྲོ་དགྱེས་པར་གྱུར༔ ས་མ་ཡ༔ རེ་ཞིག་པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་ཁ་བྱང་ལུང་བསྟན་འདི་ཉིད་རང་སློབ་དམ་པ་ཕུན་ཚོགས་བཀྲ་ཤིས་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དྷེ་ཤ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 16:01, 1 August 2024
| Wylie title | zab gsang mkha' 'gro'i snying thig las: dpal chen phrin las bcu bdun gyi kha byang them gyi bang mdzod: | |
|---|---|---|
| Location | bdud 'joms gling pa zab gter Volume 4, Text 1, Pages 1-42 (Folios 1a1 to 21b4) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal chen phrin las bcu bdun gyi kha byang them gyi bang mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 4: 1-42. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: kha byang Verso: bdud 'joms thugs sgrub gsang ba rgya can | |
| More details More details | ||
| Genre | Treasure Inventory - kha byang | |
| Cycle | ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | rdo rje phur pa | |
| Colophon |
ཞེས་ཁ་བྱང་ལུང་བསྟན་འདི་ཉིད་རང་སློབ་དམ་པ་ཕུན་ཚོགས་བཀྲ་ཤིས་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དྷེ་ཤ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes kha byang lung bstan 'di nyid rang slob dam pa phun tshogs bkra shis dang ngag dbang phrin las gnyis kyis bskul ngor khrag 'thung bdud 'joms rdo rjes yig med u pa d+he sha las bsgyur ba'o/_/dge'o/_/dge'o/_/dge'o/__/sarba mang+ga laM// | ||